སྟོང་སྐོར་རྫོང་ཏ་ཧྲན་ཀན་སྡེ་བར་བྱམས་བརྩེ་དཔེ་ཁང་ཡོད་པར་གྱུར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་ཟི་ལིང་གྲོང་ཁྱེར་མཚོ་སྐོར་སློབ་འབྲིང་གི་ཏང་ཀྲི་པུའུ་དང་སྟོང་སྐོར་རྫོང་ཧྲིན་ཀྲུང་ཤང་ཏ་ཧྲན་ཀན་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱིས“མཚོ་སྐོར་སློབ་འབྲིང་གིས་ཏ་ཧྲན་ཀན་དུ་དཔེ་ཁང་གསར་སྐྲུན་བྱེད་པ”ཞེས་པའི་མཛད་སྒོ་དེ་སྟོང་སྐོར་རྫོང་ཧྲིན་ཀྲུང་ཤང་ཏ་ཧྲན་ཀན་སྡེ་བ་དུ་གཟབ་རྒྱས་ངང་སྤེལ་བ་དང་རིན་ཐང་སྒོར་ཁྲི2ལྷག་གི་ཞལ་འདེབས་དཔེ་དེབ་མི་འདྲ་བ1000ལྷག་ཡོད།

“‘དཔེ་ཆ་ནི་སྨན་ལྟ་བུ་ཡིན་ལ། དེ་ཀློག་མཁན་གྱིས་ནད་ལ་སྨན་བཅོས་བྱེད་ཐུབ། ’སྡེ་མི་དག་དང་བསམ་བློ་བརྗེ་རེས་བྱས་པ་བརྒྱུད། ངས་ད་གཟོད་གནས་འདིའི་སྡེ་མི་དག་གིས་ཤེས་རབ་ཀྱི་བང་མཛོད་ལ་ད་རུང་བླང་བྱ་ངེས་ཅན་ཞིག་ཡོད་པ་ཤེས་བྱུང” །  ཞེས་མཚོ་སྐོར་སློབ་འབྲིང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིའང་ཡན་གྱིས་གསར་འགོད་པ་ལ་བཤད་པ་རེད། ཟི་ལིང་གྲོང་ཁྱེར་མཚོ་སྐོར་སློབ་འབྲིང་དང་ཏ་ཧྲན་ཀན་སྡེ་བ་གཉིས་ཀྱིས་ཕན་ཚུན་རོགས་སྐྱོར་གསར་འཛུགས་བྱས་ཏེ་ལོ་ངོ་གསུམ་གྱི་དུས་ཡུན་འདས་ཟིན་ལ། ལོ་ངོ་གསུམ་གྱི་དུས་ཡུན་ནང་སྡེ་བའི་དབུལ་ཕོངས་ཀྱི་རྣམ་པ་ལ་ཡང་འགྱུར་ལྡོག་ངེས་ཅན་ཞིག་བྱུང་ཡོད་དེ། ཟི་ལིང་གྲོང་ཁྱེར་དང་མཚོ་སྔོན་ཞིང་ཆེན་གྱི་མཛེས་སྡུག་ལྡན་པའི་ཤང་སྡེ་རུ་བདམས། ཐེངས་འདིའི་དཔེ་ཁང་ལ་ཞལ་འདེབས་གནང་བའི་དཔེ་ཆའི་ཁྲོད་དུ། ལག་རྩལ་བཀོལ་སྤྱོད་ཀྱི་སྐོར་དང་རྩོམ་ཡིག་སྒྱུ་རྩལ་གྱི་སྐོར། དུས་དེབ་བརྩམས་སྒྲུང་སོགས་རིགས་མི་འདྲ་བ་མང་པོ་ཞིག་ཡོད། དེ་ཡང་ཚན་རྩལ་ཤེས་བྱ་ཞིང་ཚིགས་དང་ས་སྟོང་ལ་བསྐྱལ་བ་དང་སྔོན་ཐོན་རིག་གནས་དེ་ཞིང་སྡེ་རུ་བསྐྱལ་ནས་ཞིང་བ་མང་ཚོག་ལ་བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པ་ཞིག་མཁོ་སྤྲོད་བྱས་པ་མ་ཟད། ཁོ་ཚོའི་རིག་གནས་འཚོ་བའི་ཐད་ལ་གསོན་ཤུགས་གསར་པ་ཞིག་བསྣན་ཡོད།

མཛད་སྒོའི་སྒོ་བྱང་འགེལ་བའི་ཉིན་དེར་སློབ་གྲྭ་དེའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་དཔེ་ཁང་གི་མ་དངུལ་བསྡུ་རུབ་འཛུགས་བསྐྲུན་ཐད་ཀྱི་གནས་ཚུལ་དང་ཉེ་བའི་ལོ་གསུམ་རིང་གི་རོགས་སྐྱོར་རོགས་སྒྲུབ་གནས་ཚུལ་ཐད་ལ་གསལ་བཤད་ངོ་སྤྲོད་ཞིབ་རྒྱས་ཤིག་བྱས་པ་རེད། དེ་ལས་གླེང་རིན་ཡོད་པ་ཞིག་ནི་ཡུལ་དངོས་སུ་སྡེ་བ་དེའི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ6ལ་སློབ་དངུལ་བྱ་དགའ་གནང་བ་མ་ཟད། “ཏ་ཧྲན་ཀན་སྡེ་བར་རོགས་རམ་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བའི་ཞིང་སྡེ”ཞེས་པའི་ཕུལ་བྱུང་ཏང་གི་སློབ་ཁྲིད་ཡང་བྱས། ད་རུང་“བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པའི་རྗེས་དྲན”བརྗོད་དོན་ཡིན་པའི་བཞུགས་མོལ་གྲོས་ཚོགས་བསྡུས་པ་དང་རོགས་སྐྱོར་ཁ་གཏད་སྡེ་མི་དག་ལ་འཚམས་འདྲི་ཡང་བྱས། “སྔོན་ཆད་ང་ཚོའི་སྡེ་བར་རིག་གནས་འཛུགས་བསྐྲུན་ཐད་ཅུང་རྗེས་ལུས་ཡིན་མོད། ཐེངས་འདིར་དཔེ་ཁང་གསར་འཛུགས་བྱས་པ་བརྒྱུད་ང་ཚོ་སྡེ་བའི་རིག་གནས་ཀྱི་མཁའ་དབུགས་ཇེ་ལེགས་སུ་བཏང་བ་མ་ཟད། ང་ཚོའི་སྡེ་མི་དག་ཁོམ་དུས་འགྲོ་ས་དགའ་ཞིག་ཀྱང་ཡོད་སོང་པ་རེད”། ཅེས་སྟོང་སྐོར་རྫོང་ཧྲུན་ཀྲུང་ཤང་ཏ་ཧྲན་ཀན་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཁྲིན་དབྱི་ཅོན་གྱིས་བཤད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།