སུང་ཁྲུན་ལན་གྱིས་སྣེ་འཁྲིད་དེ་འབྲས་སྐྲན་སྨན་གྱི་རིན་གོང་མར་གཅོག་རྒྱུ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡང་བསྐྱར་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་སྙོམས་སྒྲིག་བྱས་ནས།  ཙུང་ལི་གཞོན་པ་སུང་ཁྲུན་ལན་ལགས་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོར་བསྐོ་བཞག་མཛད་འདུག  

2009ལོའི་ཟླ3པའི་ཚེས17ཉིན་ཀྲུང་གུང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱེད་དགོས་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་གྱི་རེས་སྐོར་གསར་པའི་ལས་ཀའི་འགོ་བརྩམས། 《བསམ་འཆར 》ནང་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། གཅིག་གྱུར་སྒྲིག་འཛུགས་ཐོག་སྨན་བཅོས་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱ་བ་ལག་ལེན་དུ་འདེབས་དགོས་སྐོར་བཏོན།  ལོ་དེའི་ཟླ4བའི་ཚེས1ཉིན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ལི་ཁེ་ཆིང་གིས་འགོ་འཛིན་མཛད་དེ།  སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཕྱོགས་ཀྱི་ས་གནས་འགན་འཁུར་བའི་བཞུགས་མོལ་ཚོགས་འདུ་བསྡུས།  ཁོང་གིས་བསམ་སྤྱོད་གཉིས་ཀ་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་དང་།  བཅོས་བསྒྱུར་ལས་དོན་གྱི་རྩ་འཛུགས་སྣེ་འཁྲིད་ལ་ཤུགས་བརྒྱབ་ཏེ། བཅོས་བསྒྱུར་གྱི་འོས་འགན་གཙོ་བོ་ལྔ་དོན་འཁྱོལ་དམ་འཛིན་བྱེད་དགོས་ཞེས་ནན་གྱིས་བསྟན་མྱོང་བ་རེད། དེའི་དུས་སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་འགོ་ཁྲིད་ཚན་ཆུང་དུ་ཞུགས་མཁན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན16ཡོད་ཅིང་། རྒྱལ་ཁབ་འཕྲོད་བསྟེན་པུའུ་དང་བཅོས་བསྒྱུར་གོང་སྤེལ་ཨུ་ལྷན་གཉིས་ནི་སྣེ་ཁྲིད་མཁན་གཙོ་བོ་རེད།

2016ལོའི་ཟླ10བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་ལ་ཐེངས་དང་པོར་སྙོམས་སྒྲིག་བྱས་ནས།  ཚོགས་གཙོ་ལིའུ་ཡན་ཏུང་ལས་གཞན་ཚོགས་གཙོ་གཞོན་པ་ལྔ་ཡོད་ཅིང་། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ལྷན་གྱི་ཀྲུའུ་རེན་ལི་པིན་དང་། བཅོས་བསྒྱུར་གོང་སྤེལ་ཨུ་ལྷན་གྱི་ཀྲུའུ་རེན་ཞུས་ཧྲའོ་ཧྲི།  ནོར་སྲིད་པུའུ་པུའུ་ཀྲང་ལོའུ་ཅུས་ཝེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་དབྱི་ཝེ་མིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་ཅང་ཞའོ་ཅུན་བཅས་ཡིན་ལ། པུའུ་ཨུ་ཉེར་གཅིག་གི་འབྲེལ་ཡོད་འགོ་ཁྲིད་རེབ་དེའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཡིན།

ཀུན་གྱིས་ཤེས་གསལ་ལྟར།  ད་ལོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་གསར་པ་བསྐོ་བཞག་བྱས་པའི་ལོ་ཡིན་ལ།  ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་གསར་པ་བཅོས་བསྒྱུར་འགོ་ཚུགས་པའི་ལོ་ཞིག་ཀྱང་ཡིན་པས། རེབ་འདིའི་སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་སྙོམས་སྒྲིག་ལ་མཚོན་ན། རྒྱུན་ལྡན་གྱི་མི་དོན་བརྗེ་བསྐོ་ལས་གཞན། ལས་ཁུངས་བཅོས་བསྒྱུར་གྱི་འགྱུར་བ་ཞིག་མངོན་ཡོང་གི་ཡོད་པ་རེད།  ཚུལ་འདི་ལོ་གཉིས་ཡར་སྔོན་དང་བསྡུར་ན། ཚོགས་གཙོ་གཞོན་པ་མི་ལྔ་ཡོད་པ་མི་གཅིག་ཁར་བསྣན་ནས་དྲུག་ཏུ་བཏང་ཡོད་པ་མ་ཟད། ལས་ཁུངས་བཅོས་བསྒྱུར་ཁྲོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་གསར་དུ་བཙུགས་ལ།  དེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། དེ་སྔའི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་། བཅོས་བསྒྱུར་གོང་སྤེལ་ཨུ་ལྷན། དམངས་སྲིད་པུའུ་བཅས་ཀྱི་འབྲེལ་ཡོད་ལས་འགན་ལེགས་སྒྲིག་བྱས་ཡོད། ཟླ5བའི་ཚེས31ཉིན་ཅུས་དེའི་སྒོ་བྱང་དངོས་སུ་བཀལ་ཞིང་། ནོར་སྲིད་པུའུ་ཡི་དེ་སྔའི་པུའུ་ཀྲང་གཞོན་པ་ཧུའུ་ཅིན་ལིན་གྱིས་ཅུས་དེའི་ཅུས་ཀྲང་ཐོག་མའི་འགན་བཞེས།

གཞན་བཅོས་བསྒྱུར་གོང་སྤེལ་ཨུ་ལྷན་གྱི་ཀྲུའུ་རེན་ཧི་ལེ་ཧྥེང་ཟླ3པའི་ནང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་མཛད་པའི་དབང་གིས།  རེབ་འདིའི་སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་འགོ་ཁྲིད་ཚན་ཆུང་ལ།  རྒྱལ་ཁབ་རིམ་པའི་འགོ་ཁྲིད་གཞོན་པ་སུན་ཁྲུན་ལན་དང་། ཧི་ལེ་ཧྥེང་གཉིས་ཚོགས་གཙོར་བཞག་པ་རེད།

ཚན་ཆུང་གི་ཁོངས་མི་ལ་བསྡོམས་པའི་པུའུ་ཨུ16གི་འབྲེལ་ཡོད་འགོ་ཁྲིད་ཡོད་ཅིང་། མི་གྲངས་སྐབས་སྔོན་མ་ལས་ལྔ་ཇེ་ཉུང་དུ་བཏང་ཡོད།  ཡར་སྔོན་སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་འགོ་ཁྲིད་ཚན་ཆུང་ལ་གཞུང་སྒྲུབ་ཁང་ཡོད་ཀྱང་། ད་ལོའི་ཟླ3པར་པར་འགྲེམས་བྱས་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་བསྒྱུར་ཇུས་བཀོད་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་འགོ་ཁྲིད་ཚན་ཆུང་ལ་གཞུང་སྒྲུབ་ཁང་མི་དགོས་པར། དེའི་འགན་ནུས་ཚང་མ་ལེགས་སྒྲིག་བྱས་ནས་གསར་དུ་བཙུགས་པའི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དུ་བཀོད་སྒྲིག་རྒྱག་དགོས་པའི་བླང་བྱ་བཏོན་ཡོད་པས།   རེབ་འདིའི་སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་འགོ་ཁྲིད་ཚན་ཆུང་ལ་དམིགས་སུ་དྲུང་ཡིག་ཁྲུའུ་བཙུགས་ནས་རྒྱུན་ལྡན་གྱི་གཞུང་སྒྲུབ་ལས་འགན་བཞེས།  གཞུང་སྒྲུབ་གཉེར་ས་འདི་ཡིན་ཞེས་མཛུབ་གས་བསྣན་ས་ཞིག་མེད་ཀྱང་རུང་། དྲུང་ཡིག་ཁྲུའུ་ཡི་རིམ་པ་ཧ་ཅང་མཐོ་ལ། ཁེབས་རྒྱ་ཤིན་ཏུ་ཆེ།

“རེབ་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་འགོ་ཁྲིད་ཚན་ཆུང་བཙུགས་རྗེས་སུ། ལས་ཀུན་གྱི་དང་པོར་འབྲས་སྐྲན་འགོག་བཅོས་སྨན་གྱི་རིན་གོང་མར་གཅོག་དགོས”།་ཞེས6པའི་ཚེས20ཉིན་ཙུང་ལི་ལི་ཁེ་ཆིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐོག་དེ་ལྟར་བླང་བྱ་བཏོན་པར་མ་ཟད། “ འབྲས་སྐྲན་གྱི་སྨན་ནི་སྲོག་སྐྱོབ་ཀྱི་སྨན་ཡིན་པས།  ཁྲལ་བཅག་རུང་རིན་གོང་མ་བཅག་ན་མི་འགྲིག །” “ང་ཚོས་འབྲས་སྐྲན་འགོག་བཅོས་སྨན་ལ་སྒོ་ཁྲལ་མི་དགོས་པ་ཐག་བཅད་ཡོད། འདིའི་ཞོལ་ནས་གཙོ་བོ་ལག་བསྟར་གྱི་བརྒྱུད་རིམ་སོ་སོའི་ནང་རིན་གོང་ལྷག་མ་ལེན་པ་ནན་འགོག་བྱ་རྒྱུ་དེ་ཡིན”ཞེས་བསྟན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་འགོ་ཁྲིད་ཚན་ཆུང་ལ་དམིགས་སུ“འགན་བཅོལ”གནང་བ་རེད།

འབྲས་སྐྲན་སྨན་ནི་ཉེ་བའི་ཆར་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་ས་ཞིག་ཏུ་གྱུར་ཡོད།  ཁྲང་ཨན་ལམ་འཕྲིན་གཏོང་ཞེས་པའི་འཕྲིན་སྟེགས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་ཀྱང་འབྲས་སྐྲན་སྨན་གྱི་རིན་གོང་གནད་དོན་ལ་ཧ་ཅང་དོ་སྣང་བྱེད་ཀྱི་ཡོད་ཅེས་འདུག   ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། ཧན་ཀྲེང་ཉིད་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་སུ་རྟོག་ཞིབ་ཏུ་ཕེབས་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ། ཁོང་གིས་སྤྱི་ཚོགས་ཀྱི་དོ་ཁུར་ལ་གསལ་ལན་བཟང་པོ་བསྐྱོན་ཐོག   འབྲས་སྐྲན་སྨན་གྱི་རིན་གོང་མགྱོགས་པོར་མར་བཅག་ནས་སྨན་རིན་གྱི་ཁུར་པོ་ཇེ་ཡང་གཏོང་བ་བཅས་མི་དམངས་མང་ཚོགས་ལ་དངོས་གནས་དྲང་གནས་ཀྱིས་ཕན་འདོགས་དགོས་ཞེས་བསྟན།

ལོ་ཙཱ་བ། ཁོན་ཐར་འཚོ།