ཞིང་ཆེན་མི་དམངས་སྨན་ཁང་གིས་སྐབས་དང་པོའི་སྨན་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིམ་བསྟར་རིག་གཞུང་བྱེད་སྒོ་སྤེལ་པ།

— གསོ་རིག་གིས་རུས་ཆག་རྨ་བཅོས་ཐད་ལ་གྲུབ་འབྲས་བླངས་ནས་མཐོ་སྒང་ལ་བདེ་སྐྱིད་བསྐྲུན་པ། ཀྲུང་གོའི་བཟོ་སྐྲུན་གླིང་གི་གླིང་གཙོ་ཀྲང་དབྱིན་ཙེ། ཞིང་ཆེན་མི་དམངས་སྨན་ཁང་དུ་ཕེབས་ནས་རིག་གཞུང་དཔྱད་གླེང་དང་གཤག་བཅོས་དཔེ་སྟོན་སྐོར་གྱི་འཆད་ཁྲིད་གནང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ7པའི་ཚེས12ཉིན། ཀྲུང་གོའི་བཟོ་སྐྲུན་གླིང་གི་གླིང་གཙོ་ཀྲང་དབྱིན་ཙེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དུ་གླིང་གཙོའི་རིག་གཞུང་དཔྱད་གླེང་དེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དུ་སྤེལ་པ་དང་། ཧི་ནན་གསོ་རིག་ཚན་ཁག་སློབ་ཆེན་གྱི་སྨན་ཁང་གསུམ་པའི་རྨ་མཚོན་མྱུར་སྐྱོབས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་འབུམ་རམས་པ་ཀྲིན་ཀྲན་ལི་ཡང་ཁོ་དང་འགྲོགས་ནས་བྱེད་སྒོ་དེར་ཞུགས་ཡོད། གླིང་གཙོ་ཀྲང་དབྱིན་ཙེ་ཡིས་ངོ་མཚར་ཆེ་བའི་རིག་གཞུང་འཆད་ཁྲིད་གནང་བ་མ་ཟད། དེ་དང་ཆབས་ཅིག་ཏུ་ཞིང་ཆེན་སྨན་ཁང་གི་རུས་ཆག་ཚན་ཁག་གི་སྨན་པ་དག་ལ་བར་ཐག་མེད་པའི་སྒོ་ནས་ཆེད་ལས་ཐད་ཀྱི་བསམ་བློ་བརྗེ་རེས་བྱས་པ་མ་ཟད། གཤག་བཅོས་དཔེ་སྟོན་ཡང་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གིས་ཏང་ཨུའི་ཧྲུའུ་ཅི་དང་གླིང་གཙོ་ཝུའུ་ཧྲི་ཀྲིན། གླིང་གཙོ་གཞོན་པ་ཀྲིན་ཨེ་ཆི། ཝང་ཞའོ་པོ། ཧུའུ་ཆོན་ཀྲུང་། ཀྲང་ཧུའུ། སྤྱི་ཁྱབ་རྩིས་གཉེར་པ་ལིས་ལེན། དེ་མིན་འབྲེལ་ཡོད་ཚན་ཁག་སོ་སོའི་ཀྲུའུ་རེན་དང་ནད་གཡོག་འགོ་བ། མཐོ་རིམ་གདན་ཐོབ་གཞོན་པའི་ཡན་གྱི་མི་སྣ་དང་ཞིབ་འཇུག་མི་སྣའི་བསླབ་གནས་ཡོད་པའི་མི་སྣ་བཅས་ཉིན་དེའི་བྱ་འགུལ་ལ་ཞུགས་པ་རེད།

གླིང་གཙོའི་རིག་གཞུང་འཆད་ཁྲིད་དེ་ཞིང་ཆེན་སྨན་ཁང་གི་ཕྱི་ནད་ཚན་ཁག་ཐོག་ཁང་ཆེན་མོའི་རིག་གཞུང་ཚོམས་ཆེན་གྲོས་ཁང་དུ་སྤེལ་བ་དང་སྨན་ཁང་གི་ཡོན་ཀྲང་ལག་རོགས་དབྱང་ཅིན་ཧའེ་ཡིས་གྲོས་ཚོགས་ལ་མདོ་འཛིན་བྱས། དེ་མིན་མཚོ་ཤར་གྲོང་ཁྱེར་གྱི་སྨན་བཅོས་ལས་རིགས་ཐད་ཀྱི་མི་སྣ་སོགས་ཀྱང་གྲོས་ཚོགས་ལ་ཞུགས་ཡོད། སྨན་ཁང་གི་ཡོན་ཀྲང་ཝུའུ་ཧྲི་ཀྲིན་གྱིས་ཤིས་ཚིག་ཕུལ་བ་དང་། གླིང་གཙོ་ཀྲང་དབྱིན་ཙེ་ཡིས་བྱ་བའི་བྲེལ་འཚུབ་ཁྲོད་དཀའ་ཁག་ལ་མ་འཛེམ་པར་ཟི་ལིང་དུ་ཡོང་མ་ཐག་ངལ་གསོ་ཙམ་ཡང་མེད་པར་རིག་གཞུང་ཐད་ཀྱི་བསམ་བློ་བརྗེ་རེས་བྱེད་སྒོ་ལ་ཞུགས་པའི་བླ་མེད་ཀུན་སྤྱོད་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས། གླིང་གཙོ་ཀྲང་དབྱིན་ཙེ་ཡིས་རང་གི་ལས་རིགས་ལ་བཅངས་པའི་སྙིང་སྟོབས་དང་ཞིབ་ཚགས་ལྡན་པའི་ཆེད་ལས་ལག་རྩལ། བདག་ལས་གཞན་གཅེས་ཀྱི་ཀུན་སློང་ལ་རང་རེའི་སྨན་ཁང་གི་སྨན་བཅོས་མི་སྣ་དག་གིས་སློབ་སྦྱོང་བྱེད་འོས་ལ་མིག་དཔེར་ཡང་འཛིན་འོས་ཞེས་གསུངས།

ཡོན་ཀྲང་ཝུའུ་ཧྲི་ཀྲིན་གྱིས་བསྟན་དོན། མདོ་དབུས་མཐོ་སྒང་ལ་གྲང་ངར་ཆེ་ཞིང་དབྱང་དབུགས་ཉུང་བས། རུས་ཚིགས་རང་བཞིན་གྱི་ནད་ནི་མཐོ་སྒང་གི་མིའི་ཁྲོད་ཀྱི་ཆེས་རྒྱུན་མཐོང་གི་ནད་དང་ནད་པ་མང་པོ་ཡོད་ལ། ནད་དེ་འཕར་བའི་ཚད་ནི་གཞོང་ཐང་ས་ཁུལ་དང་རིང་དུ་བརྒལ་ཡོད་ལ། དེས་མདོ་སྒང་དུ་གནས་པའི་རིགས་སོ་སོའི་མི་དམངས་ཀྱི་ལུས་པོའི་བདེ་ཐང་དང་ཚེ་སྲོག་གི་རྒྱུ་སྤུས་ལ་འཇིགས་སྣང་ཚབས་ཆེན་ཐེབས་བཞིན་ཡོད། གླིང་གཙོ་ཀྲང་དབྱིན་ཙེ་ད་ཐེངས་མཚོ་སྔོན་དུ་ཡོང་ནས་སློབ་ཁྲིད་བྱས་པ་ནི་རང་ཞིང་གི་རུས་ཚིགས་ཚན་ཁག་གི་ལས་གྲོགས་དག་ལ་མཚོན་ནས་བཤད་ན་འཐོབ་དཀའ་བའི་སློབ་སྦྱོང་གི་གོ་སྐབས་ཐེངས་ཤིག་ཡིན་ལ། རང་ཞིང་གི་རུས་ཚིགས་ནད་པ་དག་གི་བདེ་སྐྱིད་དང་བདེ་ཐང་ཐད་ཀྱི་འཕྲིན་བཟང་ཞིག་ཀྱང་ཡིན་པས། རང་ཞིང་གི་རུས་ཚིགས་གསོ་རིག་རིག་གཞུང་འཕེལ་རྒྱས་ལ་སྐུལ་འདེད་དང་རིག་ཚན་འཕེལ་རྒྱས་སུ་འགྲོ་བར་དོན་སྙིང་གལ་ཆེན་ལྡན་པ་རེད་ཟེར།

དེ་དང་མཐུད་ནས་གླིང་གཙོ་ཀྲང་དབྱིན་ཙེ་ཡིས《གསོ་རིག་གསར་གཏོད་དང་འབྲེལ་བའི་འབྲེལ་བ་ཆེན་པོ་བཅུ་གླེང་པ》ཞེས་པའི་རིག་གཞུང་འཆད་ཁྲིད་གནང་། འཆད་ཁྲིད་ཁྲོད་གླིང་གཙོ་ཀྲང་དབྱིན་ཙེ་ཡིས་གསར་གཏོད་ཀྱིས་གསོ་རིག་འཕེལ་རྒྱས་ཁྲོད་ཀྱི་ཟིན་པའི་གལ་ཆེན་རང་བཞིན་རྒྱས་བཤད་བྱས་པ་མ་ཟད། ཟུར་ངོས་མི་འདྲ་བ་མང་པོ་ཞིག་ནས་སྨན་བཅོས་ལས་དོན་མཁན་གྱིས་གསར་གཏོད་ཀྱི་བསམ་གཞིག་གསར་པའི་བྱེད་ཐབས་གསོ་སྐྱོང་ཡང་རྒྱས་བཤད་བྱས། དེ་དང་ཆབས་ཅིག་ཏུ་གླིང་གཙོ་ཀྲང་དབྱིན་ཙེ་ཡིས་རུས་ཚིགས་ཚན་ཁག་གི་ཆེད་ལས་དང་ཟུང་འབྲེལ་སྒོས་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་མི་སྣའི་དངོས་ཡོད་ཉམས་མྱོང་དང་རང་གི་མཐོང་སྣང་། སྣང་བརྙན་སོགས་འཚོ་བ་དང་བྱ་བའི་ཁྲོད་ནས་ཇི་ལྟར་གསར་གཏོད་བྱེད་ཚུལ་ལ་ཡང་དཔེར་བརྗོད་དང་གསལ་བཤད་བྱས། འཆད་ཁྲིད་ཀྱི་ནང་དོན་གཏིང་ཟབ་ལ་འཚོ་བ་དངོས་གསོན་ཉམས་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་པས་གྲོས་ཚོགས་ལ་ཟབ་ཞུགས་བྱས་པའི་མི་སྣ་དག་གིས་གད་མོ་རྡེབ་སྒྲས་ཡོངས་སུ་ཁེངས།

གླིང་གཙོ་ཀྲང་དབྱིན་ཙེ་ཡིས་སྣེ་ཁྲིད་པའི་ཧི་པེ་སྨན་བཅོས་ཚན་ཁག་སློབ་ཆེན་གྱི་སྨན་ཁང་གསུམ་པའི་རྨ་མཚོན་རུས་ཚིགས་ཚན་ཁག་གི་སྣེ་ཁྲིད་པའི་ལོ་ངོ30ལྷག་གི་རིང་ལ། ནད་ཐོག་སྨན་བཅོས་བྱས་པ་བརྒྱུད་ཆེད་ཁེ་མི་འདྲ་བ150ཐོབ་པ་དང་། དེའི་ཁྲོད་ཀྲུང་གོ་དང་ཨ་རིའི་གསར་གཏོད་ཆེད་ཁེ60ཡོད་ལ་ཆེད་ཁེ15ནི་དེང་རབས་ཅན་གྱི་ཆེད་ཁེ་ཡིན། རུ་ཁག་དེར་སྔ་གཞུག་ཏུ་རྒྱལ་ཁབ་རིམ་པའི་ལག་རྩལ་གསར་གཏོད་བྱ་དགའ་ཨང་གཉིས་པ1དང་རྒྱལ་ཁབ་ཚན་རྩལ་འཕེལ་རྒྱས་ཀྱི་བྱ་དགའ་ཨང་གཉིས་པ2 ཞིང་ཆེན་རིམ་པའི་བྱ་དགའ་ཨང་དང་པོ11བཅས་ཐོབ་མྱོང་།

ལོ་འདི་དག་གི་རིང་ལ། གླིང་གཙོ་ཀྲང་དབྱིན་ཙེ་ཡི་དཔུང་ཁག་གིས་ནུས་ཤུགས་གང་ཡོད་སྒོས་པུས་མོའི་བདེ་སྲུང་ཐད་ལ་སྨན་བཅོས་བྱས་ཏེ་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་། རུས་ཚིགས་ཚན་ཁག་གི་པུས་མོའི་སྨན་བཅོས་གཞུང་ལུགས་གསར་གཏོད་དང་རུས་ཚིགས་རྨ་མཚོན་གཤག་བཅོས་བྱེད་སྤྱད་འཕྲུལ་ཆས་གསར་གཏོད་བྱས་པ་དང་ཆེད་ཁེ་མང་པོ་ཐོབ་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ནང་སྒོས་སུ་དཔུང་ངར་ལ་རུས་ཆག་བྱུང་བའི་མཚོན་རྨར་སྨན་བཅོས་དང་རུས་ཆག་སྨན་བཅོས་སོགས་ཀྱི་ཞིབ་འཇུག་ལག་རྩལ་དེ་རྒྱལ་སྤྱིའི་མདུན་གྲལ་དུ་སླེབས།

དེ་ཡང་རུས་ཚིགས་གཤག་བཅོས་ཀྱི་བརྒྱུད་རིམ་ཆ་ཚང་བརྙན་རིས་ཀྱི་ལམ་ནས་ཐད་གཏོང་བྱས་པ་དང་། གཤག་བཅོས་ཁང་ཕྱི་རོལ་དུ་གཟིགས་སྐོར་སློབ་སྦྱོང་བྱེད་པའི་སྨན་པ་དག་གིས་ཞིབ་ཚགས་སྒོས་སློབ་སྦྱོང་བྱས་པ་མ་ཟད། ཕན་ཚུན་བར་ལ་བསམ་བློ་བརྗེ་རེས་ཡང་བྱས། གཤག་བཅོས་ཀྱི་རྗེས་སུ་ཚང་མས་དྲིས་ལན་དྲིས་པ་དང་གླིང་གཙོ་ཀྲང་དབྱིན་ཙེ་ཡིས་དྲིས་ལན་རེ་རེ་ལ་ཞིབ་ཚགས་ཀྱི་སྒོ་ནས་ལན་བཏབ་པ་རེད།

དེའི་རྗེས་སུ་གླིང་གཙོ་ཀྲང་དབྱིན་ཙེ་ཡིས་མུ་མཐུད་དུ་གཤག་བཅོས་རིམ་པ་གསུམ་པ་དེ་སྤེལ་པ་དང་། དོགས་གཞི་ཆེ་ཞིང་ངོས་འཛིན་དཀའ་བའི་ནད་རྟགས་སྐོར་ཞིག་ལ་ངོས་འཛིན་བྱས། གཤག་བཅོས་ལ་ཆ་སྙོམས་སྒོས་རྨ་མཚོན་གྱི་པུས་སྲུང་སྨན་བཅོས་བྱེད་ཐབས་བཀོལ་བ་དང་འདིའི་ཚད་ངེས་ཅན་གྱི་སྒོ་ནས་ནད་པའི་ན་ཟུག་ཇེ་ཆུང་དུ་བཏང་ཡོད་ལ། གཤག་བཅོས་ཀྱི་རིན་དངུལ་ཡང་ཇེ་དམའ་རུ་བཏང་ཞིང་། སྨན་བཅོས་ཐད་ལ་ཕན་འབྲས་ཡང་ཆེན་པོ་ཞིག་ཐོན་ཡོད།

པུས་མོའི་རུས་ཚིགས་ནི་མིའི་ལུས་པོའི་གྲུབ་ཚུལ་གྱི་ཆེས་རྙོག་འཛིང་ཆེ་བའི་རུས་ཚིགས་ཤིག་ཡིན་ལ། འགུལ་སྐྱོད་ཀྱི་ནུས་པ་ཆེས་ཆེ་བའི་རུས་ཚིགས་ཡང་ཡིན། གལ་ཏེ་དེར་གནོད་སྐྱོན་བྱུང་བ་ན་ནད་པའི་འགུལ་སྐྱོད་ནུས་པ་དང་འཚོ་བ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད། དེ་ཡང་བསྡོམས་རྩིས་གསལ་པོ་ཞིག་མེད་མོད། མཚོ་སྔོན་དུ་ལོ་རེར་རྒྱུ་རྐྱེན་འདྲ་མིན་གྱི་དབང་གིས་པུས་མོའི་རུས་ཚིགས་ལ་ནད་ཕོགས་པའི་རུས་ནད་རང་བཞིན་གྱི་ནད་པ་མི་གྲངས1500ཙམ་ཡོད། དེ་མིན་དཔུང་ངར་གྱི་རུས་ཚིགས་ལ་ཆག་སྐྱོན་བྱུང་སྟེ་གཤག་བཅོས་བྱེད་པའི་ནད་པ་ཕལ་ཆེར་མི་གྲངས480ཙམ་ཡོད། དེའི་ཁྲོད་མི་མང་ཤོས་ཀྱིས་སྲོལ་རྒྱུན་གྱི་སྨན་བཅོས་བྱེད་ཐབས་བཀོལ་བཞིན་ཡོད་ལ། རྨ་ཁ་ཆེ་དྲགས་ན་པུས་མོའི་ལྷུ་ཚིགས་ཀྱི་ཉེ་འཁོར་དང་སྐྱེ་དངོས་ཀྱི་གསོན་ཤུགས་རང་བཞིན་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་སྲིད་པས་གཤག་བཅོས་ཀྱི་རྗེས་ནས་ནད་རྟགས་ཕྱིར་འཕར་བའི་ཚད་ཅུང་མཐོ་ཞིང་དེ་ནི་ནད་པ་སྔ་མོ་ནས་བདེ་ཐང་ཡོང་པ་ལ་ཡང་མི་ཕན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།