མཚོ་སྔོན་ནས་གནས་ཐང་འཕར་ཁྲལ་གྱི་ཆེད་སྤྱོད་འཛིན་བྱང་རྫུན་མ་བཟོས་པའི་གྱོད་གཞི་ཆེ་ཤོས་ཤིག་རྩད་ཆོད་པ།

ཟླ7 པའི་ཚེས13ཉིན་ལ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐང་དྲིལ་སྒྲོག་ཁྲུའུ་ནས་ཤེས་གསལ་ལྟར་ན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་དང་། ཞིང་ཆེན་སྤྱི་བདེ་ཐིང་གཉིས་ཀྱི་ཉེན་རྟོག་དང་ཁྲལ་དོན་མཉམ་འབྲེལ་ལམ་ལུགས་གཞུང་སྒྲུབ་ཁང་གིས་ཆེད་དོན་འགན་ནུས་ཀྱི་སྐྱོན་ཆ་ཐེར་འདོན་ཏན་ཏིག་བྱས་ཤིང་། ཟླ6པའི26ཉིན་ལ“507”ཞེས་པའི་གནས་ཐང་འཕར་ཁྲལ་གྱི་ཆེད་སྤྱོད་འཛིན་བྱང་རྫུན་འབྲིའི་གྱོད་ཉེས་ཆེ་ཤོས་ཤིག་རྩད་ཆོད་དེ།  དོགས་ཡོད་ཉེས་ཅན2བཟུང་ལ། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར2.3ཟིན།

ཟླ4པའི་ཚེས11ཉིན་ལ། སྤྱི་བདེ་པུའུ་དང་། ཁྲལ་དོན་སྤྱི་ཁྱབ་ཅུས། མི་དམངས་དངུལ་ཁང་། མཚོ་འགག་སྤྱི་ཁྱབ་ཧྲུའུ་བཅས་ཀྱིས་མཉམ་འབྲེལ་ཐོག  2018ལོའི་རྒྱལ་ཡོངས་མགོ་སྐོར་རྫུན་བཅོས་ཀྱི་བྱ་ངན་སྤྱོད་ངན་ལ་ཆེད་དོན་ཐེར་འདོན་བྱེད་པའི་ལས་ཀ་བཀོད་སྒྲིག་བརྒྱབ་ཅིང་། བཀོད་སྒྲིག་ནང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཞིང་ལས་ཐོན་རྫས་ཀྱི་འཛིན་བྱང་རྫུན་མ་བཟོས་པའི་གྱོད་དོན་སྐོར་ཞིག་འདེམས་ཏེ། འཛིན་བྱང་བཟོ་ཡུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་དམིགས་སུ་ཐེར་འདོན་བྱ་རྒྱུ་ཐག་བཅད། མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་ག་གེ་མོ་སྐོར་དེའི་གྱོད་མིང་ཁྲོད་ཚུད་པར།   མཚོ་སྔོན་ཞིང་ཆེན་ཉེན་རྟོག་དང་ཁྲལ་དོན་མཉམ་འབྲེལ་ལམ་ལུགས་གཞུང་སྒྲུང་ཁང་གིས་གོང་རིམ་གྱི་བཀའ་བརྡ་བཞིན། གྱོད་གཞི་དེ་གྱོད་དོན་གལ་ཆེན་དུ་བརྩིས་ཏེ།སྤྱི་བདེའི་དཔལ་འབྱོར་མྱུལ་ཞིབ་དང་། ཞིབ་བཤེར་ལས་སྒོའི་རྐང་འཛིན་པ་བཅས་མི་བཅུ་དྲུག་སྒྲིག་འཛུགས་ཀྱིས“507”ཞེས་པའི་ཆེད་དོན་གྱོད་ཞིབ་ཚན་ཆུང་བཙུགས་ནས་ནུས་ཤུགས་ཡོད་རྒུས་གྱོད་གཞིར་རྩད་ཞིབ་བྱས།

ཆེད་དོན་གྱོད་བཤེར་ཚན་ཆུང་གིས་གནས་ཚུལ་མཐིལ་རྟོགས་བྱས་པ་ན། མཚོ་སྔོན་ཞིང་ཆེན་སྐྱེ་དངོས་ཚན་རྩལ་ཀུང་སི་ག་གེ་མོའི་དོགས་ཡོད་ཉེས་ཅན་ཨན་ཆེ་གེ་མོ་དང་། དབྱང་ཧོང་ཆེ་གེ་མོ་གཉིས་ཀྱིས་དོ་དམ་བྱས་འདུག་པ་གསལ་རྟོགས་བྱུང་། ཆེད་དོན་གྱོད་ཞིབ་ཚན་ཆུང་གིས་ཟླ་གཉིས་རིང་ལ་བདེན་དཔང་འཚོལ་ཞིབ་དང་། ཞིབ་བཤེར་ནན་མོ་བྱས་རྗེས་གྱོད་གཞི་མགོ་རྔ་ཅུང་ཆ་ཚང་ཞིག་རྒྱུས་ལོན་བྱུང་ལ།  

གྱོད་གཞི་འདིའི་མི་སྣའི་གྲུབ་གཞི་དང་མ་དངུལ་རྫུན་བཟོའི་ཉོ་ཚོང་།  ལས་སྒོ་གཉེར་སྐྱོང་བཅས་གོ་རིམ་སོ་སོ་ནས་བདེན་དཔང་འབོར་ཆེན་ལག་སོན་བྱུང་བ་མ་ཟད།  དོགས་ཡོད་ཉེས་ཅན་གར་འགྲོ་བྱ་སྤྱོད་ལ་རྗེས་འདེད་ལྟ་རྟོག་བྱས།

རྩད་ཞིབ་ལྟར་ན། 2012ལོ་ནས2018བར་དུ།  ཨན་ཆེ་གེ་མོས་མཚོ་སྔོན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་ག་གེ་མོ་ཚོད་འཛིན་གྱིས་དབྱར་རྩྭ་དགུན་འབུ་སོགས་ཞིང་ལས་ཐོན་རྫས་བསྡུ་ཉོ་བྱེད་པའི་མིང་ཐོག་ནས།  《མཚོ་སྔོན་ཞིང་ཆེན་གནས་ཐང་འཕར་ཁྲལ་གྱི་སྤྱིར་བཏང་འཛིན་བྱང》དང་། 《མཚོ་སྔོན་ཞིང་ཆེན་སྤྱི་སྤྱོད་འཕྲུལ་དཔར་འཛིན་བྱང》སོགས་བསྡོམས་པས་གནས་ཐང་འཕར་ཁྲལ་གྱི་དཔང་ཡིག་དང་། འཐེན་འཕྲི་སྤྱོད་འཐུས་དཔང་ཡིག1822བཅས་མ་དངུལ་སྒོར་དུང་ཕྱུར1.08རིམ་པ་རྫུན་བཅོས་བྱས་ཡོད་པའི་མི་ཚད། ལས་སྒོ་རྫུན་མ་དང་། སྒོར་མོ་བརྗེ་ཚོང་རྫུན་མ་ལ་སོགས་ཀྱི་ཐབས་ངན་སྤྱད་དེ་འོག་རིམ་གྱི་ཁེ་ལས51ནས་དབྱར་རྩྭ་དགུན་འབུའི་སྦྱིན་ཐུམ་དང་། སྲོ་ལོ་དམར་པོའི་སྦྱིན་ཐུམ་སོགས་ཚོང་རྫས་མིང་ངོས་གནས་ཐང་འཕར་ཁྲལ་ཆེད་སྤྱོད་འཛིན་བྱང་བཅོས་མ1412བླངས་པ་དང་། ཁྲལ་རིན་བསྡོམས་པས་སྒོར་དུང་ཕྱུར1.22ཟིན།

ད་སྔ་གྱོད་ལ་ཐོགས་པའི་དོགས་ཡོད་ཉེས་ཅན་གཉིས་ཁྲིམས་ལྟར་དོ་དམ་བྱས་ཡོད་ལ།  ད་ལྟར་གྱོད་གཞིའི་བདེན་དཔང་ལེན་པ་དང་ཐག་གཅོད་བྱེད་པའི་ལས་རིམ་སྤེལ་སྒང་དུ་འདུག

ལོ་ཙཱ་བ། ཁོན་ཐར་འཚོ།