མཚོ་སྔོན་ཞིང་ཆེན་གྱིས་གཏེར་ཁའི་ཐོན་ཁུངས་ཆེན་པོ10གསར་སྤེལ་ལ་ཧུར་བརྩོན་བྱ་རྒྱུ་རེད།

གསར་འགོད་པས་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིང་ནས་ཤེས་གསལ་ལྟར་ན། འཚེ་མེད་ས་རྒྱུད་ནས་གཏེར་ཁ་འཚོལ་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ།  ལོ་གསུམ་ནང་གཏེར་ལས་ཐེབས་རྩའི་གཞི་ཁྱོན་དུང་ཕྱུར50འགྲུབ་པ་ནས2025ལོའི་བར་གཏེར་ཁ་དང་རྟེན་གཞི་གསར་པ30-35འཚོལ་རྙེད་འབྱུང་བ་དང་།   རྐྱང་རྒོད་ཆུ་མགོ་ནས་ཤ་རཀ་ས་ཆའི་རྣེ་གཏེར་རྟེན་གཞི་དང་།  ཐང་བར་རི་ནས་ཞེ་ཐའེ་རི་བོའི་ཞ་དང་ཏི་ཚའི་གཏེར་ཁའི་རྟེན་གཞི་སོགས་གཏེར་ཁོངས་ཆེ་ཤོས་བཅུ་གཏོད་པའི་འབྲེལ་རྒྱུན་རྟེན་གཞི་ཧ་ལམ་ལེགས་འགྲུབ་བཅས་ཡོང་ཆེད།  ཉེ་ལམ་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་དང་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིང་གཉིས་ཀྱིས་ཚྭ་འདམ་གྱི་འཚེ་མེད་ས་རྒྱུད་ནས་གཏེར་ཁ་རྩད་ཞིབ་ཀྱི་མཉམ་འདུས་ཇུས་འདོན་ཚོགས་ཆེན་གཏེར་ལེན་ཁ་ནས་བསྡུས།

ཤེས་གསལ་ལྟར་ན། ཉེ་བའི་ལོ་ཚུན་ལ་རང་ཞིང་གི་ས་ཁམས་རྩད་ཞིབ་ལས་ཀས་ས་ཁམས་རྩད་ཞིབ་ཀྱི་མདའ་མོ་དེ་ཚྭ་འདམ་གཞོང་དང་དེའི་ཉེ་འཁོར་གྱི་ཚྭ་འདམ་བྱང་མཐའ་དང་། ཁུ་ནུ་ཤར་མ།  ཨར་ཅན་སོགས་ས་ཁུལ་ལ་གཏད་དེ།  སྐྱོན་བྲལ་རྩད་ཞིབ་བྱས་པར་གྲུབ་འབྲས་མངོན་གསལ་བླངས་པ་ནི།   ཆི་མན་ཐ་ཀེ་རུ་ཟངས་དང་ནིག  ཞ།  ཏི་ཚྭ་ཡི་གཏེར་ཁ་ཏུན་བྱེ་བ་རིམ་པ་དང་། ཁུ་ནུ་ཤར་མར་གསེར་གྱི་གཏེར་ཁ་ཏུན་སྟོང་རིམ་པ། ཚྭ་འདམ་བྱང་མཐའ་རུ་རྡོ་སོལ་ཏུན་དུང་ཕྱུར་རིམ་པ།   མུ་ལི་ནས་ཆུ་ཁོལ་བར་རྡོ་སོལ་ཏུན་དུང་ཕྱུར་སོ་ལྔ་བཅས་རྟེན་གཞི་ཆེན་པོ་བཞི་གསར་དུ་གྲུབ་ཡོད་པ་འཚོལ་རྙེད་བྱུང་ནས།  ཚྭ་འདམ་གཞུང་གི་གཏེར་ཁ་རྩད་ཞིབ་གསར་པ་ལ་བར་སྟོང་གསར་པ་ཞིག་བསྐྱེད་ཡོད་པ་རེད།  ད་སྔ་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིང་གིས་ལས་གནད་དེ་དུར་ལམ་རྫོང་གི་རི་བོ་པ་པའོ་ཧྲན་གྱི་བྲག་རིམ་དུ་ཆགས་པའི་སོལ་རླངས་དང་། དུར་ལམ་རྫོང་ན་རྒན་ཁང་ཆེར་དངུལ་གཏེར།  ཚྭ་འདམ་གཞོང་གི་ས་གཏིང་བ་ཚྭའི་ཆུ་དང་གཞི་རྒྱུ་སེ་འདུས་པའི་ས་རྒྱུ་སོགས་རྩད་ཞིབ་ཀྱི་ལས་ལ་ཕྱོགས་ཏེ།  གཏེར་ཁ་རྩད་ཞིབ་ལ་གྲུབ་འབྲས་གསར་པ་ཞིག་ལོན་པར་བརྩོན་ལེན་བྱེད་མུས་རེད།

ཐེངས་འདིའི་ཚྭ་འདམ་གཞོང་འཚེ་མེད་ས་རྒྱུད་ཀྱི་གཏེར་ཁ་རྩད་ཞིབ་ཀྱི་མཉམ་འདུས་ཇུས་འདོན་གྱི་ཚོགས་ཆེན་ཐོག   གནས་མང་གཞི་གཅིག་གི་ཁེ་ཕན་མཉམ་སྤྱོད་ལམ་ལུགས་བརྒྱུད་དེ་ཞིང་ཆེན་ཕྱི་ནང་གི་རྒྱལ་དབང་ས་ཁམས་རྩད་ཞིབ་ལས་ཁུངས་ལ་ཡར་སྐུལ་དང་རྒྱབ་སྐྱོར་བྱེད་དགོས་པ་དང་།   གཏེར་དབང་དང་ལག་རྩལ།  འཇོན་མི་ལ་སོགས་པའི་རྣམ་པ་བརྒྱུད་དེ་སྤྱི་ཚོགས་མ་དངུལ་བར་མཉམ་ལས་དགོས་པ་དང་། “ཉེན་ཁ་མཉམ་སེལ་དང་། ཡོང་སྒོ་མཉམ་སྤྱོད”ཀྱི་རྩ་དོན་ལྟར།    གྲོས་བསྡུར་བརྒྱུད་ཕྱོགས་གང་ཅིའི་ཁེ་དབང་དང་འོས་འགན་ལ་ཁ་ཆད་གསལ་འབེབས་བྱས་ཏེ།  མཉམ་གཅིག་ཏུ་གཏེར་ཁ་འཚོལ་ཞིབ་དང་། མཉམ་གཅིག་ཏུ་འཕེལ་རྒྱས་ཇུས་འདོན། མཉམ་གཅིག་ཏུ་གྲུབ་འབྲས་ལོངས་སྤྱོད་བཅས་བྱེད་དགོས། དེ་དང་ཆབས་ཅིག  སྣ་མང་གི་དངུལ་བསྡུའི་ནང་རྐྱེན་ལམ་ལུགས་གསར་བཟོ་དང་། མཚོ་ནུབ་གཏེར་ལས་གོང་སྤེལ་ཐོན་ལས་ཐེབས་རྩ་གསར་དུ་བཙུགས་ཏེ། ལོ་གསུམ་ནང་དུ་གཏེར་ལས་ཀྱི་ཐེབས་རྩ་སྒོར་དུང་ཕྱུར་ལྔ་བཅུ་ལོན་པར་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱ་རྒྱུ་དང་། “རི་བོ་གཉིས”ཀྱི་འདུ་ཤེས་ཇེ་བརྟན་དུ་བཏང་ནས་ཕྱོགས་ཐམས་ཅད་ནས་ལག་ལེན་བྱེད་དགོས།  ལག་རྩལ་གསར་གཏོད་བརྒྱུད་དེ་སྔོན་ཐོན་གྱི་ས་གཤིས་རྩད་ཞིབ་བྱེད་ཐབས་དང་། དཔྱད་ཆས་བཅས་ལ་ཞིབ་འཇུག་ཐོག་བཀོལ་སྤྱོད་ཀྱིས་རྩད་ཞིབ་ཡང་དག་བྱས་ཏེ།  སྣོད་བཅུད་ཁོར་ཡུག་ལ་འཕུར་དཀྲུགས་དང་གཏོར་བརླག་འདྲ་མིན་མི་ཡོང་བ་གཞི་བྱས།  གཏེར་ཁུངས་རྩད་ཞིབ་སྔོག་འདོན་དང་སྣོད་བཅུད་ཁོར་ཡུག་ཕན་ཚུན་མི་འགལ་ཞིང་། མཉམ་གནས་མཉམ་སྐུལ་མཉམ་སྤེལ་གྱི་སྣོད་བཅུད་དཔལ་ཡོན་གྱི་ལམ་བུ་གསར་པ་ཞིག་བཏོད་དེ། སྐྱོན་བྲལ་གཏེར་འཚོལ་གྱི་མ་དཔེ་བཟང་བོ་ཞིག་ཏུ་འགྱུར་བར་འབད་འབུངས་བྱེད་དགོས་པ་སོགས་ཀྱི་གྲོས་གླེང་ཇུས་འབུལ་བྱས་འདུག

ལོ་ཙཱ་བ། ཁོན་ཐར་འཚོ།