དཔའ་ལུང་ས་ཁུལ་དུ་དྲག་ཆར་བབས་པས་རང་ཞིང་གི་གཞུང་ལམ་གང་མང་ས་རུད་ཀྱིས་བཅད་པ།

ཡ་རྫི་ནས་དཔའ་ལུང་བར་གྱི་མྱུར་བགྲོད་དུང་སྒོར་བྱུང་བའི་ས་རུད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཁ་སང་དཔའ་ལུང་ས་ཁུལ་དུ་དྲག་ཆར་བབས་ནས་རང་ཞིང་གི་དཔའ་ལུང་ནས་ཡ་རྫི་བར་གྱི་མྱུར་བགྲོད་གཞུང་ལམ། ཡར་རྐ་ནས་རེབ་གོང་བར་གྱི་མྱུར་བགྲོད་གཞུང་ལམ། S203གཞུང་ལམ་སོགས་ལ་དྲག་ཆར་གྱི་དབང་གིས་ཆུ་ལོག་དང་ས་རུད་བྱུང་སྟེ་འགྲིམ་འགྲུལ་གཞུང་ལམ་བཀག གསར་འགོད་པས་གནས་ཚུལ་སྤེལ་དུས་ལམ་ཁ་ཤས་ལ་ཞིག་གསོ་བྱེད་པའི་བྱ་བ་སྒྲུབ་བཞིན་པའི་སྒང་རེད།

ཨ་རྡེ་མྱུར་བགྲོད་གཞུང་ལམ་གྱི་ལམ་སྲིད་ཁྲིམས་འཛིན་ལག་བསྟར་རུ་ཆེན་གྱི་རུ་དཔོན་ཧན་ཏི་ཧྲིན་གྱིས་བཤད་རྒྱུར། ཚེས18ཉིན་གྱི་དུས་ཚོད17དང་སྐར་མ30ཡི་སྟེང་དྲག་ཆར་བབས་པས་རི་ཉིལ་ཏེ་དཔའ་ལུང་ནས་ཡ་རྫི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུགས་ལམ་སྒོ་ཁའི་རྨིད40ཡི་མཚམས་ཧྲིལ་པོ་རི་ཉིལ་གྱིས་བཀག་པས་ལམ་རྒྱུད་དེར་འགྲིམ་འགྲུལ་འཁེག་པའི་དོན་རྐྱེན་བྱུང་།

ཧན་ཏི་ཧྲིན་གྱིས་བཤད་རྒྱུར། དོན་དག་བྱུང་རྗེས་ལམ་སྲིད་རུ་ཆེན་གྱི་རུ་མི་དག་གང་མགྱོགས་སྒོས་དོན་རྐྱེན་བྱུང་སའི་ཡུལ་དངོས་ལ་འབྱོར། དེ་ཡང་འགྲིམ་འགྲུལ་གཞུང་ལམ་བཀག་པའི་རྐྱེན་གྱིས་རུ་ཆེན་གྱི་རུ་མི་དག་གིས་ལམ་གླ་ལེན་སའི་ཕྱོགས་ལ་བསྐྱོད་པའི་རླངས་འཁོར་གྱི་ལམ་ཐིག་བརྒྱུད་ནས་སོང་བ་རེད། དེའི་འཕྲོར་དུས་ཚོད18དང་སྐར་མ20ཡས་མས་སུ་རུ་ཆེན་གྱིས་རྩ་འཛུགས་བྱས་པའི་འཕྲུལ་ཆས་དང་མི་སྣ་དག་རི་ཉིལ་ཡུལ་དངོས་ལ་འབྱོར་ཏེ་གང་མགྱོགས་སྒོས་རི་ཉིལ་གྱིས་བགྲོད་ལམ་བཀག་པའི་འགལ་རྐྱེན་དེ་དག་གཙང་སེལ་བྱས།

དེ་ལྟར་དུས་ཚོད19དང་སྐར་མ45ལ་སླེབས་དུས་དོན་རྐྱེན་བྱུང་སའི་ལམ་གྱི་འདམ་རྡོ་སོགས་ད་རུང་གཙང་སེལ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པས་ཞིང་ཆེན་མཐོ་རིམ་གཞུང་ལམ་འཛུགས་བསྐྲུན་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། S203གཞུང་ལམ་གྱི་རོང་བོ་འགག་གི་ཕུགས་ལམ་འགྲམ་གཉིས་ཀར་དྲག་ཆར་གྱི་དབང་གིས་ཆུ་ལོག་བྱུང་སྟེ་འགྲིམ་འགྲུལ་གྱི་མཚམས་བཅད་པས། སྲུང་སྐྱོབ་ལས་ཁུངས་སོགས་ཡུལ་དངོས་ལ་བསྐྱོད་བཞིན་ཡོད། F0611མྱུར་བགྲོད་གཞུང་ལམ་གྱི་རེབ་གོང་ནས་ཡ་རྫི་བར་གྱི་ཁ་ཕྱོགས་ལ་རི་ཉིལ་བྱུང་པས། ཧོར་གྲོང་ནས་རེབ་གོང་ཕྱོགས་ཀྱི་སྤྱི་ལེ73མཚམས་ཀྱི་རྨིད538གནས་སྐབས་སུ་བཀག་སྡོམ་བྱས་ཡོད། ཟི་ལིང་ནས་རེབ་གོང་དང་ཡ་རྫི་ཕྱོགས་ལ་བསྐྱོད་པའི་རླངས་འཁོར་གྱིས་མཐུན་སྒྲིལ་ལམ་དངུལ་ལེན་ས་ནས་བསྐོར་ཏེ་འགྲོ་དགོས། གཅན་ཚ་ནས་རེབ་གོང་དང་ཡ་རྫི་ཕྱོགས་ལ་བསྐྱོད་པའི་རླངས་འཁོར་གཏན་འགོག་བྱས་འདུག

ལོ་ཙཱ་བ། ལྷ་དཔལ་སྐྱབས།