རེབ་གོང་དྲུག་པའི་ཀླུ་རོལ།

 

དབྱར་ཟླ་དྲུག་པའི་རེབ་གོང་ཀླུ་རོལ་ནི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ཤུལ་བཞག་རིག་གནས་ཤིག་སྟེ། བོད་ཀྱི་སྤྱི་ཚོགས་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། སྲོལ་རྒྱུན་རིག་གནས་ཀྱི་མ་ལག་ཅིག་དང་། རེབ་གོང་མི་དམངས་ཀྱི་འཚོ་བ་དངོས་དང་འབྲལ་ཐབས་མེད་པ་ཞིག་ཀྱང་ཡིན། དེ་ནི་དབྱར་ཟླ་དྲུག་པའི་ལྷ་ཟླ་དཀར་པོའི་ནང་དུ་རྒྱུན་སྲོལ་ལྟར་ཡུལ་ལྷའི་རྒྱལ་བོ་ཨ་མྱེས་བྱ་ཁྱུང་། གཉན་ཆེན། ཀོའུ་མོལ་རི་ལང་སོགས་ཡུལ་ལྷ་གཞི་བདག་རྣམས་ཐུགས་དགྱེས་པའི་ཀླུ་རོལ་གྱི་ཆོ་ག་སྣ་ཚོགས་སྤེལ་བ་ཞིག་ཡིན་ལ། གླུ་གར་གྱི་མཆོད་པ་སྣ་ཚོགས་འབུལ་བ་དེས་ལོ་གཅིག་གི་ནང་དུ་མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ། ལོ་ཏོག་ལ་སད་སེར་ཐན་སྐྱོན་སོགས་ཀྱི་གནོད་འཚེ་དང་། བགེགས་རིགས་བར་ཆད་མི་འབྱུང་བར་ཆར་ཆུ་དུས་སུ་འབབ་པ་དང་ཞིང་ལ་ལོ་ལེགས་འབྱུང་བ། ཕྱུགས་ཀྱི་འཕེལ་ཁ་མྱུར་བ། རིགས་རྒྱུད་ལོངས་སྤྱོད་རྒྱས་ལ། ཚེ་དང་བསོད་ནམས་དབང་ཐང་འཕེལ་ཞིང་། མི་རིགས་འཆམ་མཐུན་དང་འཛམ་གླིང་ཞི་བདེ་ཡོང་བར་སྐྱབས་འཇུག་ཞུ་བ་གསལ་བར་མཚོན་པ་རེད།

དྲུག་པའི་ཀླུ་རོལ་གྱི་དུས་ཆེན་དེ་སྔར་རྒྱུན་བཞིན་ལོ་རེའི་ཧོར་ཟླ6པའི་ཚེས17ཉིན་ནས་བཟུང་ཚེས26ཉིན་བར་ས་དཀྱིལ་སྡེ་བ་ནས་མགོ་བརྩམས་ཏེ་སྡེ་བ་སོ་སོ་ནས་བསྟུད་མར་སྤེལ་གྱིན་ཡོད་པ་རེད། ད་ལྟ་རེབ་གོང་གསེར་མོ་ལྗོངས་སུ་ཀླུ་རོལ་རྩེ་བའི་གཡང་སྡེ་སོ་སོས་རང་གི་ཡུལ་ལྷ་གཞི་བདག་ཐུགས་དགྱེས་པའི་ཀླུ་རོལ་གྱི་ཆོ་ག་སྣ་ཚོགས་སྤེལ་བ་ལ། སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་གྱིས་ལྭ་གསར་གོན་པ་དང་། ཁྱད་པར་དུ་ལང་ཚོ་རྫོགས་པའི་སྟག་ཤར་དར་མ་དང་སྨན་ཤར་བུ་མོ་རྣམས་ཀྱིས་ཀླུ་རོལ་གྱི་མཛད་སྒོའི་ལྷ་རྩེ་དང་གླུ་གར་ལ་རོལ་བའི་འཆོར་གོས་དང་གསེར་དངུལ་གཡུ་བྱུར་སོགས་རྒྱན་ཆས་ལུས་ལ་མཛེས་པར་སྤྲས་ཏེ། འབྲུ་སྣའི་བཅུད་དང་དཀར་གསུམ་མངར་གསུམ་སོགས་བསང་རྫས་ཕུན་སུམ་ཚོགས་པས་ལྷ་བསང་ཕུད་དེ། ལྷ་བསང་དཀར་པོའི་དུད་སྤྲིན་འཁྲིགས་པ། དམར་པོ་ཁྲག་གི་མཆོད་པ་འབུལ་བ། ཆོས་དུང་དཀར་པོའི་གསུང་སྙན་ལྷང་ལྷང་དུ་སྒྲོག་པ། རླུང་རྟ་སྤུར་བ། འཁར་རྔ་དང་ལྷ་རྔ་སོགས་བརྡུང་བ་དང་ཡུལ་ལྷའི་བསང་དཔེ་དབྱངས་སུ་གྱེར་ནས་བཏོན་ཏེ་ལྷ་ཕབ་པ། ཤིང་མོ་འཕེན་པ། གླུད་རྟ་གཏོང་བ། ལབ་ཙེ་བསྟོད་པ་མ་ཟད། ཀླུ་རོལ་རྩེ་བའི་བརྒྱུད་རིམ་ནང་དུ་ལག་ལ་ལྷ་རྔ་སོགས་བཟུང་བའི་སྟག་ཤར་སྐོར་ཞིག་གི་ཁ་དང་རྒྱབ་ཀྱི་ཤ་རྗེན་ཐོག་ལ་ལྕགས་ཁབ་མང་པོ་འཛེར་ནས་ལྷ་རྩེ་བྱེད་པ། ལྷ་བས་རང་གི་མགོ་སོགས་ལ་མཚོན་བཞེས་ཏེ་དམར་པོ་ཁྲག་གི་མཆོད་པ་འབུལ་བ། སྨན་ཤར་བུ་མོ་རྣམས་མཛེས་པའི་གར་ལ་རོལ་བ་རེད། སྐྱེས་ཕོ་མོ་ཀུན་གྱིས་རང་གི་དད་པའི་སྟོབས་དང་བསྟུན་ནས། ཇ་ཆང་གི་མཚོ་མོ་བསྐྱིལ་བཞིན་བསང་མཆོད་རྒྱ་ཆེར་གཏོང་བ་དང་ར་ལུག་གི་དམར་མཆོད་བྱེད་པ་རེད། ད་ལྟ་དེའི་ཚབ་ཏུ་རྩམ་པས་ར་ལུག་གི་དབྱིབས་ཇི་བཞིན་བཟོས་ནས་ལྷ་བསང་གཏོང་ཞིང་། ལྷ་ཀླུ་དམག་གསུམ་དུ་དབྱེ་བ་ལས་རང་སྡེའི་ཀླུ་རོལ་གྱི་རྩེ་སྟངས་ལྟར། སྟག་ཤར་རྣམས་ཀྱི་ཕྱག་ཏུ་མདའ་མདུང་གྲི་གསུམ་དང་རུ་དར་སྣ་ཚོགས་ཅི་རིགས་ཐོགས་ཏེ་ངག་ནས་དགའ་སྤྲོའི་ཀི་སོ་སྒྲོག་ལ། གླུ་ལེན་གར་རྩེ་བཅས་ལ་སྔར་བཞིན་རོལ་ནས་གླུ་གར་གྱི་མཆོད་པ་འབུལ་བ་སོགས་མཆོད་ལུགས་མ་ཉམས་པར་རྒྱུན་སྐྱོང་བ་དེས། ལོ་གཅིག་གི་ནང་དུ་མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ། ལོ་ཏོག་ལ་སད་སེར་ཐན་སྐྱོན་སོགས་ཀྱི་གནོད་འཚེ་དང་། བགེགས་རིགས་བར་ཆད་མི་འབྱུང་བར་ཆར་ཆུ་དུས་སུ་འབབ་པ་དང་ཞིང་ལ་ལོ་ལེགས་འབྱུང་བ། ཕྱུགས་ཀྱི་འཕེལ་ཁ་མྱུར་བ། རིགས་རྒྱུད་ལོངས་སྤྱོད་རྒྱས་ལ། ཚེ་དང་བསོད་ནམས་དབང་ཐང་འཕེལ་ཞིང་། མི་རིགས་འཆམ་མཐུན་དང་འཛམ་གླིང་ཞི་བདེ་ཡོང་བར་སྐྱབས་འཇུག་ཞུ་བ་གསལ་བར་མཚོན་པ་རེད།

རེབ་གོང་ཀླུ་རོལ་ནི་བོད་ཀྱི་སྤྱི་ཚོགས་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། སྲོལ་རྒྱུན་རིག་གནས་ཀྱི་མ་ལག་ཅིག་དང་རེབ་གོང་མི་དམངས་ཀྱི་འཚོ་བ་དངོས་དང་འབྲལ་ཐབས་མེད་པ་ཞིག་ཀྱང་ཡིན། འདི་ནི་རང་རེའི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ཤུལ་བཞག་རིག་གནས་ཀྱི་ཡ་གྱལ་ཞིག་ཡིན་པའི་ཆ་ནས་བོད་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་དང་དམག་དོན། རིག་གནས། དཔལ་འབྱོར་སོགས་ལ་རིན་ཐང་ལྡན་པའི་ཞིབ་འཇུག་བྱ་ཡུལ་དུ་གྱུར་ཡོད།

དེ་ཡང་རེབ་གོང་ས་ཆའི་དྲུག་པའི་ཀླུ་རོལ་གྱི་མིང་འདོགས་སྟངས་ལ་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་བ་ཡོད་དེ། བཤད་ཚུལ་གཅིག་ནི་རེབ་གོང་གི“དྲུག་པའི་ལྷ་ཟླ་ཆེན་མོ”ཞེས་པའི་དམངས་ཁྲོད་སྲོལ་རྒྱུན་མཆོད་པའི་དུས་ཆེན་འདི་ནི་སྣ་མང་ཕུན་སུམ་ཚོགས་པའི་མཆོད་པ་དང་རྩེད་མོ་བརྒྱུད་ནས་ལྷ་ཀླུ་གཉན་གསུམ་དགྱེས་པར་བྱེད་པའི་ཆོ་ག་ཁྱད་པར་བ་ཞིག་ཡིན་པས་དྲུག་པའི་ཀླུ་རོལ་ཞེས་ཟེར་བ་ཡིན།

ཡང་བཤད་ཚུལ་གཅིག་ལ། དབྱར་ཟླ་དྲུག་པ་ནི་མདོ་སྨད་ལྷོ་རྒྱུད་འཛིན་མའི་གཞི་རུ་ལོ་ཏོག་དང་ཤིང་འབྲས་སྣ་ཚོགས་རབ་ཏུ་སྨིན་པའི་སྒང་ཡིན་ལ། དུས་སྐབས་དེར་རེབ་གོང་ཡར་ནང་མར་ནང་གཙོ་བྱས་པའི་ས་གནས་མང་ཤས་སུ་དབྱར་གྱི་སྤྲོ་གསེང་སྤེལ་ཏེ་བོད་རང་གི་ཁྱད་ཆོས་ལྡན་པའི་གླུ་ལེན་རྩེད་མོ་སྣ་ཚོགས་ལ་དགྱེས་དགུར་རོལ་བའི་དཔེ་ཡོད་ཅིང་། སྐྱེས་ཕོ་མོ་ཀུན་གྱིས་ལུས་ལ་གཟབ་མཆོར་ཕུན་སུམ་ཚོགས་པར་སྤྲས་ནས། དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་པའི་གོམས་སྲོལ་མ་ཉམས་པར་ཡོད་པས་གླུ་རོལ་ཞེས་འབྲི་བ་ཡང་ཡོད།

 

གསར་འགོད་པ། རེབ་གོང་བསམ་སྤྱོད།