ཡ་རྫིའི་ས་གནས་མང་པོར་ཆུ་རུད་བྱུང་ཞིང་རྫོང་ཡོངས་ནས་གང་མགྱོགས་སྒོས་མྱུར་སྐྱོབ་བྱས་པ།

ཟླ7པའི་ཚེས18ཉིན་གྱི་ཕྱི་དྲོའི་ཆུ་ཚོད17དང་སྐར་མ45སྟེང་ཡ་རྫི་རྫོང་ལ་གློ་བུར་དུ་དྲག་ཆར་བབས་ཤིང་སེར་བ་དང་གློག་དམར་འཁྱུག་ནས་ཤྭ་འོད་རབ་ཏུ་བརྡོལ་བ་དང་ཆུ་ཚོད་གཉིས་རིང་ལ་མཚམས་མ་ཆད་པར་བབས། རྫོང་མངའ་ཁོངས་ཀྱི་ས་གནས་མང་པོར་ཆུ་རུད་རྡོ་རུད་བྱུང་ནས་གཞུང་ལམ་ལ་གཏོར་སྐྱོན་ཐེབས་ལ་འགྲིམ་འགྲུལ་ལ་ཤུགས་ཆེ་བའི་འགོག་རྐྱེན་ཐེབས།

གནོད་འཚེ་ཐེབས་མ་ཐག་ཞིང་ཆེན་དམངས་ཆེན་གྱི་རྒྱུན་ཨུའི་ཀྲུན་རིན་གཞོན་པའམ། མཚོ་ཤར་གྲོང་ཁྱེར་གྱི་ཧྲུའུ་ཅི་ཉའོ་ཁྲིན་ཡོན་གྱིས་དེ་མ་ཐག་ཏུ་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས་པ་དང་། གྲོང་ཁྱེར་དང་རྫོང་མཉམ་འབྲེལ་སྒོས་སྟོབས་ཤུགས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་ཚད་བཏོན་ནས་ཐེངས་འདིའི་རང་བྱུང་གནོད་འཚེ་ལས་རྣམ་པར་རྒྱལ་དགོས་པའི་བླང་བྱ་བཏོན། གྲོང་གཙོ་གཞོན་པ་ལི་ཆིན་ཁྲོན་དང་རྫོང་དཔོན་ཧན་ཞིན་པིན། དེ་ལས་གཞན་གྲོང་ཁྱེར་དང་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་མི་སྣ་དང་ཡ་རྫི་རྫོང་སྤྱི་བདེ་ཅུའུ།མཚོ་ཤར་གྲོང་ཁྱེར་མེ་གསོད་ཡན་ལག་རུ་ཁག ཡ་རྫི་རྫོང་གློག་འདོན་ཀུང་ཟི་སོགས་ཀྱི་སྡེ་ཁག་རྣམས་ཀྱི་མི་སྣ་རྣམས་དུས་ཐོག་ཏུ་ཡུལ་དངོས་སུ་ཐོན་ཞིང་མྱུར་སྐྱོབ་དང་གཙང་སེལ་བྱེད་འགོ་བརྩམས།

དུས་ཐོག་ཏུ་གནོད་འཚེ་ལ་ཁ་གཏད་ནས། མང་ཚོགས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱས་པ།

ཟླ7པའི་ཚེས18ཉིན ཡ་རྫི་རྫོང་ལ་དྲག་ཆར་བབས་ནས་རྫོང་མཁར་ཉེ་འཁོར་གྱི་གཞུང་ལམ་མང་པོ་ཆུས་བསྣུབས་པ་དང་ས་ཁུལ་ཕལ་ཆེ་བར་ཤྭ་འོད་བརྡོལ་ནས་མཛེས་སྡུག་གི་གཞིས་ཁྱིམ་དྲོན་མོ་དེའི་སྲང་ལམ་ཐ་དག་ལ་སྐད་ཅིག་རིང་ཆུ་ལོག་རྒྱུག་བྱུང་།

གནོད་འཚེ་ཐེབས་མ་ཐག་ཡ་རྫི་རྫོང་གིས་དེ་མ་ཐག་གློར་བྱུང་དོན་རྐྱེན་གྱི་གྲ་སྒྲིག་ཇུས་གཞི་ལག་བསྟར་བྱས་པ་སྟེ།རྒྱ་ཆེའི་འགོ་ཁྲིད་དག་གིས་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཆུ་ལོག་གི་གནོད་པ་སེལ་ཐབས་ཀྱི་ལས་ལ་གཞོལ།ཉིན་དེའི་ཆུ་ཚོད23པའི་བར་དུ་སྐྱེས་རི་གྲོང་བརྡལ་གྱི་སྡེ་བ17ལ་རིམ་པ་མི་འདྲ་བའི་གནོད་འཚེ་ཐེབས་ཡོད་ལ། ཁྱིམ་ཚང119ལ་ཆུ་ལོག་བླུགས་པ་དང་ཁྱིམ་ཚང13གྱི་ཁང་པ་གྱན35ལ་གཏོར་བཤིག་ཐེབས། ཁྱིམ་ཚང5ཡི་མཁར་གྱང་སྨི60ལྷག་ལོག ཞིང་ས་མུའུ280ལྷག་ཆུས་བསྣུབས་ལ་སྡོང་བོ50ལྷག་སློག གནོད་འཚེ་ལ་ཁ་གཏད་ནས་སྐྱེས་རི་གྲོང་བརྡལ་གྱིས་གང་མགྱོགས་སྒོས་གྲོང་བརྡལ་ཡོངས་ཀྱི་སྟོབས་ཤུགས་ལ་སྐུལ་སློང་བྱས་ཤིང་གནོད་ཐེབས་ཁུལ་སོ་སོར་དུས་ཐོག་ཏུ་རྒུད་སྐྱོབ་བྱས་པར་མ་ཟད། སྡོམ་རྩིས་ཞིབ་བཤེར་བྱ་བ་ནན་ཏུར་གྱིས་སྤེལ་ནས་དུས་ཐོག་ཏུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཉེན་བརྡའི་ཆ་འཕྲིན་ཁ་པར་དང་སྐད་འཕྲིན་བརྒྱུད་ནས་སྡེ་བ་སོ་སོའི་ལས་བྱེད་མང་ཚོགས་ལ་བཤད་ནས་ཉེན་གཡོལ་བྱེད་དུ་བཅུག་ལ། དེ་དང་དུས་མཉམ་དུ་ཧུར་བརྩོན་གྱིས་སྡེ་ཁག་སོ་སོས་རམ་འདེགས་བྱེད་ནས་ཆུ་རུད་ཀྱི་ཉེན་ཁ་ཆུང་དུ་གཏོང་བར་འབད་ཐབས་བྱས།

སྡེ་ཁག་མང་པོ་མཉམ་འབྲེལ་སྒོས་མྱུར་སྐྱོབ་བྱེད་ནས་བགྲོད་ལམ་ཤར་བསྐྱོད་ཐུབ་པར་ཁག་ཐེག་བྱས་པ།

དྲག་ཆར་བབས་པ་ཡིས་རྡོ་རུད་གནོད་འཚེ་ཐེབས་སུ་བཅུག་པ་དང་། དེ་ལས་ཡ་རྫི་ནས་དཔའ་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱི་ལེ48དང་སྨི 300ཡི་མཚམས(ཤ་བོ་འགག་ཕུག་ལམ་གྱི་སྒོ་ཁ)ནས་ལམ་ཆད་པ་དང་མིའི་ཚེ་སྲོག་ལ་གནོད་པ་མ་ཐེབས། དོན་རྐྱེན་བྱུང་མ་ཐག་རྫོང་སྤྱི་བདེ་ཅུའུ་ཡིས་མྱུར་སྟབས་ཀྱིས་དམག་ཤུགས་ཡོད་ཚད་ཕུལ་ནས་མྱུར་སྐྱོབ་གྲ་སྒྲིག་ཇུས་གཞི་ལག་བསྟར་བྱས་པ་དང་། ཡ་རྫི་ནས་དཔའ་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་བཀག་ནས་རླངས་འཁོར་ཐ་དག་ཞིང་ཆེན་རིམ་པའི་གཞུང་ལམ202ནས་འགྲོ་རུ་བཅུག

དེ་ལས་གཞན་རྫོང་མཁར་གྱི་སྐྱེས་རི་སྲང་ལམ་དང་རྨ་ཆུའི་ནུབ་ལམ།ནུབ་སྒོའི་ཐང་ཆེན་སོགས་ནས་ཆུའི་ཟབ་ཚད་ལི་སྨི60ལ་སླེབས་ནས་འགྲིམ་འགྲུལ་འགྲོ་འོང་ལ་གནོད་པ་ཆེན་པོ་ཐེབས། བདེ་ཁམས་ནས་དར་རྒྱལ་བར་གྱི་གཞུང་ལམ་གྱི་སྤྱི་ལེ124ཡི་མཚམས་ནས་རྡོ་རུད་ཚབས་ཆེན་བྱུང་ནས་རླངས་འཁོར་བགྲོད་མི་ཐུབ་པར་གྱུར་པ་དང་སྤྱི་ལེ122ཀྱི་མཚམས་ཀྱི་ཟམ་པར་བརྡབ་སྐྱོན་ཐེབས་ནས་གནས་འདི་གཉིས་སུ་འགྲིམ་འགྲུལ་བཀག་འགོག་ཐེབས།

དེ་དང་དུས་མཉམ་དུ་མཚོ་ཤར་མེ་གསོད་ཡན་ལག་རུ་ཁག་བཀོད་འདོམས་ལྟེ་གནས་ལ་གུང་ཧོ་ནས་ཀ་ཅུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཡ་རྫི་ནས་གཅན་ཚའི་ཕྱོགས་ཀྱི་ཤ་བོ་འགག་ཕུག་ལམ5པའི་དོང་སྒོར་ཤྭ་འོད་བརྡོལ་ནས་རླངས་འཁོར30ལྷག་ལུས་ཤིང་ཉེན་ཁ་འདུག་ཅེས་པའི་སྙན་ཞུ་བསྟུད་མར་འབྱོར།

ཆུ་ཚོད18དང་སྐར་མ50སྟེང་། དཔའ་ལུང་རྫོང་མེ་གསོད་རུ་ཆེན་གྱི་མྱུར་སྐྱོབ་སྟོབས་ཤུགས་དོན་རྐྱེན་བྱུང་གནས་སུ་ཐོན་ཞིང་མྱུལ་དཔྱད་རྟོག་ཞིབ་བྱས་པ་བརྒྱུད་ཕུག་ལམ་དུ་ཆུ་མང་པོ་བཞུར་ཞིང་གནོད་འཚེ་ལ་ནུས་ལྡན་གྱིས་ཚོད་འཛིན་བྱེད་ཐུབ་ཡོད་པ་རྟོགས།ལམ་སྲིད་སྡེ་ཁག་གི་འཕྲུལ་ཆས་ཀྱིས་གང་མགྱོགས་ཀྱིས་ཡུལ་དངོས་གཙང་སེལ་བྱེད་འགོ་བརྩམས། སྐར40ལྷག་ལ་གཙང་སེལ་བྱེད་རྗེས་གཞི་ནས་ཕྱོགས་གཉིས་ཀའི་རླངས་འཁོར་ཕར་ཚུར་བགྲོད་ཐུབ་པ་བྱུང་།

འཇིགས་རུང་གི་རང་བྱུང་གནོད་འཚེའི་མདུན་དུ། ཡ་རྫི་རྫོང་གི་རྒྱ་ཆེའི་ལས་བྱེད་མང་ཚོགས་རྣམས་ལ་སྐྲག་སྣང་སྤུ་ཙམ་ཡང་མེད་པར་ནམ་ཡིན་ཡང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཆེས་གཙོ་བོའི་གོ་གནས་སུ་བཞག་ཅིང་ཆུ་ལོག་གནོད་འཚེའི་འཐབ་རྭ་དང་པོ་རུ་དཔའ་ངར་ཆེན་པོས་ཧུར་བརྩོན་བྱེད་པས། དཀའ་སྡུག་གི་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཞིང་མི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་ཐུབ་པ་བྱུང་།

གསར་འགོད་པ། སྐལ་བཟང་རིན་ཆེན།