མ་འོངས་བའི་ཉིན་གསུམ་གྱི་རིང་ལ་རང་ཞིང་གི་ས་ཁུལ་མང་པོར་ཙད་པ་འབྱུང་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ7པའི་ཚེས23ཉིན་ནི་དུས་གཟེར་ཉེར་བཞིའི་ཁྲོད་ཀྱི་ཚ་བ་ཆེ་བའི་དུས་ཡིན་ལ། དེས་ལོ་གཅིག་གི་ནང་ནས་ཚ་བ་ཆེས་ཆེ་བའི་དུས་ལ་སླེབས་པ་ཡང་མཚོན། དེ་ཡང་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཤོས་ཚ་བ་ཆེ་བའི་དུས་ལ་སླེབས་ན་ཡང་མཚོ་སྔོན་དུ་སྔར་བཞིན་ཅུང་བསིལ་བའི་རྣམ་པར་ཡོད། དེ་ཡང་དེ་རིང་གི་དུས་ཚོད17ནས་བཟུང་ཟི་ལིང་གྲོང་ཁྱེར་དུ་ཆེས་མཐོ་བའི་དྲོད་ཚད་ཀྱི་ཏུའུ་གྲངས20.4རེད།

ཟླ7པའི་ཚེས23ཉིན་གསར་འགོད་པས་གནམ་གཤིས་བརྟག་དཔྱད་ཀྱི་ཁ་པར་མཉེན་ཆས་ཀྱི་ཁ་ཕྱེས་པ་ལས་ཤེས་གསལ་ལྟར་ན། ལྷོ་ཕྱོགས་ཀྱི་ས་ཁུལ་མང་ཤོས་ལ་དྲོད་ཚད་ཆེས་ཆེ་བའི་ཉེན་བརྡ་སེར་པོ་བཏང་ཡོད། ཡིན་ཡང་མཚོ་སྔོན་གྱི་ས་ཁུལ་མང་ཤོས་སུ་ཆེས་མཐོ་བའི་དྲོད་གྲང་དེ་ཏུའུ་གྲངས20ཡས་མས་ཡིན་ཞིང་། ཉེ་ལམ་ཡུལ་ཤུལ་ས་ཁུལ་གྱི་རི་ཁུལ་དང་ན་གོར་མོའི་ནུབ་ཀྱི་ཐང་ཆེན་སོགས་སུ་ཁངས་ཆར་འདྲེས་མའི་གནམ་གཤིས་འབྱུང་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གི་བརྟག་དཔྱད་ཚད་ལེན་ལྟར་ན། ཟླ7པའི་ཚེས22ཉིན་གྱི་དགོང་མོ་ནས་བཟུང་རང་ཞིང་གི་ས་གནས15ལ་དྲག་ཆར་བབས། དེའི་ཁྲོད་རེབ་གོང་དང་ལུང་མདོ་སོགས་ལ་དུས་ཚོད24ཡི་རིང་ཆར་ཆུའི་འབབ་ཚད་ལ་གློ་བུར་དུ་ལྡབ་ཀྱིས་འཕེལ། དེ་ནི་གནམ་གཤིས་ཁང་བཙུགས་པ་ནས་ད་ལྟའི་བར་ཟླ7པའི་ནང་བབས་པའི་ཆར་ཆུའི་འབབ་ཚད་ཆེས་ཆེ་ཤོས་དེར་ཆགས་ཡོད། དམང་གཙང་ལུང་ཀྲི་ཤང་ལིས་ཅ་སྡེ་བའི་ཆར་ཆུའི་འབབ་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཆེས་མཐོ་བའི་ཚད་སྟེ་ཧའོ་སྨིད70.3ལ་སླེབས།

དབྱར་ཚུགས་པ་ནས་བཟུང་མཚོ་སྔོན་གྱི་མི་མང་ཤོས་ཤིག་གིས་ཞིང་ཆེན་ཡོངས་སུ་ཚ་བ་ཆེ་བའི་གནམ་གཤིས་མངོན་གསལ་གྱིས་ཇེ་ཉུང་དུ་སོང་བ་ཤེས་ཞིང་ས་གནས་སོ་སོའི་ཆར་ཆུའི་འབབ་ཚད་དེ་ལོ་སྔོན་མ་དང་སྡུར་ན་ཧ་ཅང་མང་པ་རེད། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ7པ་ནས་ད་ལྟའི་བར་མུ་མཐུད་དུ་ཆར་བ་བབས་པའི་ཤུགས་རྐྱེན་ཐེབས་སྟེ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་ཤོས་ལ་ཆར་ཆུ་འབབ་ཚད་དེ་ལོ་སྔོན་མ་ལས་མང་ཞིང་། ཟི་ལིང་གྲོང་ཁྱེར་གྱི་གནམ་གཤིས་དྲོད་ཚད་ལོ་སྔོན་མ་དག་དང་བསྡུར་ན་ཅུང་དམའ་བར་ཡོད།

གནམ་གཤིས་ཆེད་མཁས་མི་སྣས་ངོ་སྤྲོད་ལྟར་ན། ཚ་བ་ཆེ་བའི་དུས་ཚིགས་སུ་རང་རྒྱལ་གྱི་མདོ་དབུས་མཐོ་སྒང་དང་བྱང་ཤར་ས་ཁུལ་གྱི་བྱང་རྒྱུད་ལས་གཞན། ས་ཁུལ་མང་ཆེ་ཤོས་ལ་ཚ་བ་ཆེ་བ་དང་དྲོད་ཚད་ཏུའུ་གྲངས35ཡི་ཡན་ལ་སླེབས་ཡོད་ལ། ད་ལོ་རང་ཞིང་གི་ཆར་ཆུའི་འབབ་ཚད་ཅུང་མང་ཞིང་ཆར་ཆུའི་འབབ་ཚད་དེ་ཡང་ལོ་སྔོན་མ་ལས་ཅུང་མང་། དེ་ལས་གཞན་མདོ་དབུས་མཐོ་སྒང་གི་དྲོད་གྲང་ཧེ་བག་གི་དབང་གིས་དྲོད་ཚད་ཀྱི་ཆ་སྙོམས་ཚད་གཞི་ནི་ཏུའུ20ཡས་མས་ཤིག་ཡིན།

སྔོན་དཔག་བྱས་པ་ལྟར་ན་མ་འོངས་པའི་ཉིན་གསུམ་གྱི་ནང་རང་ཞིང་གི་ས་ཁུལ་མང་ཆེ་ཤོས་ལ་གནམ་ངོ་དྭངས་པའི་གནམ་གཤིས་སླར་གསོ་ཐུབ་པ་དང་དྲོད་ཚད་ཡང་རིམ་བཞིན་ཡར་འཕར་རྒྱུ་རེད། ཟི་ལིང་གྲོང་ཁྱེར་གྱིས་དྭངས་པ་དང་སྤྲིན་མང་པའི་གནམ་གཤིས་ཅུང་མང་། ཉིན་རེར་དྲོད་གྲང་ཆེས་མཐོ་བའི་ཏུའུ་གྲངས་ནི30ཡི་ཡན་ལ་བསླེབ་རྒྱུ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།