གཅན་ཚ་རྫོང་གིས2018ལོའི“མཛེས་སྡུག་གི་གཅན་ཚ། ཡིད་འོངས་ཀྱི་ནང་ཁོག”ཅེས་པའི་མི་སྟོང་ཕྲག་ལྷག་གི་གོམ་བགྲོད་འགྲན་སྡུར་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ7པའི་ཚེས22ཉིན། གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་རྫོང་ཏང་ཨུའི་དྲིལ་སྒྲོལ་པུའུ། རྫོང་རིག་རྩལ་རྒྱང་སྒྲོག་ཡུལ་སྐོར་ཅུས། ནང་ཁོག་ཤང་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ཕྱི་རོལ་འགྲུལ་སྐྱོད་མཐུན་ཚོགས་བཅས་ཀྱིས་འགན་སྒྲུབ་བྱས་པའི་གཅན་ཚ་རྫོང་གི2018ལོའི“མཛེས་སྡུག་གི་གཅན་ཚ། ཡིད་འོངས་ཀྱི་ནང་ཁོག”ཅེས་པའི་མི་སྟོང་ཕྲག་ལྷག་གི་གོམ་བགྲོད་འགྲན་སྡུར་དེ་ནང་ཁོག་ཤང་བདེ་ཆེན་སྡེ་བ་རུ་རྒྱལ་ཁའི་ངང་སྤེལ།

འགྲན་སྡུར་དེའི་སྟེང་ཞིང་ཆེན་ཡོངས་ཀྱི་ལས་བྱེད་མི་སྣ་དང་ལས་འཁྱུར་ངལ་གསོ་ཟིན་པའི་མི་སྣ། གཞིས་ཁུལ་སྡོད་དམངས་དང་ཞིང་ཆེན་ཡོངས་ཀྱི་གོམ་བགྲོད་དགའ་མོས་མཁན་སོགས་ཕལ་ཆེར་མི་གྲངས1000ལྷག་ཟབ་ཞུགས་བྱས་ཡོད། འགྲན་ཞུགས་མི་སྣ་དག་གིས་མཐུན་སྒྲིལ་མཉམ་འབྲེལ་དང་ཧུར་བསྐྱེད་བརྩོན་སེམས། རང་བྱུང་གི་མཛེས་པ་རོལ་མྱོང་། རང་བྱུང་ཁམས་ཆེན་མོ་དང་ཉེ་བར་བཅར་བ་བཅས་ཀྱི་སེམས་ཁམས་སྐྱིད་པོ་འི་བབ་སོ་ནས་སྤྱི་ལེ8ལྷག་ཡོད་པའི་གོམ་བགྲོད་འགྲན་སྡུར་ཆེན་མོར་ཞུགས་པ་རེད།

འགྲན་ཞུགས་མི་སྣ་ཀྲང་ཅང་ལེན་གྱིས་གསར་འགོད་པར་བཤད་རྒྱུར། ང་རང་གཅན་ཚ་རྫོང་ནང་ཁོག་ཤང་གི་མི་ཆིག་སྟོང་ལྷག་གི་གོམ་བགྲོད་འགྲན་སྡུར་ལ་ཞུགས་པ་ཐོག་དང་པོ་ཡིན་ལ། གནས་འདིའི་མཛེས་ལྗོངས་ཡིད་དུ་འོངས་ཤིང་གནས་འདིའི་མང་ཚོགས་ལ་ཡང་བརྩེ་སེམས་ལྡན། གནས་འདིའི་ཞབས་ཞུ་ཡང་འཐུས་སྒོ་ཚང་བ་ཞིག་རེད། རྗེས་ཕྱོགས་ངས་ད་རུང་རང་གི་ཡུལ་མི་དག་འཁྲིད་དེ་གནས་འདིའི་མཛེས་ལྗོངས་ལ་བལྟ་བར་ཡང་ཡོང་ངེས་ཟེར། ལོ་ན51ལ་སོན་པའི་འགྲན་ཞུགས་མི་སྣ་ཝང་ཀོ་ཆིན་གྱིས་གསར་འགོད་པར་བཤད་རྒྱུར། གོམ་བགྲོད་ནི་ངའི་དགའ་ཕྱོགས་ཡིན། དེ་རིང་མཛེས་ལྗོངས་རི་མོ་བྲིས་པ་ལྟ་བུའི་གཅན་ཚ་རྫོང་ནང་ཁོག་ཤང་དུ་མི་ཆིག་སྟོང་ལྷག་གི་གོམ་བགྲོད་འགྲན་སྡུར་ལ་ཞུགས་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད། ནང་ཁོག་ནི་གོམ་བགྲོད་ཀྱི་ས་གནས་ལེགས་པོ་ཞིག་དང་ཡུལ་སྐོར་རྩེད་འཇོར་རོལ་ས་ལེགས་པོ་ཞིག དེས་མི་ཚད་ལུས་རྩལ་སྦྱོང་བརྡར་བྱེད་ས་ཡང་ལེགས་པོ་ཞིག་རེད་ཟེར།

ནང་ཁོག་ཤང་གི་ཏང་ཨུའི་ཧྲུའུ་ཅི་དང་བདེ་ཆེན་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་རྡོ་རྗེ་རྡོ་བརྟན་གྱིས་གསར་འགོད་པར་འཆད་རྒྱུར། ལོ་འདི་དག་གི་རིང་ལ་གཅན་ཚ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཡང་དག་པའི་འགོ་ཁྲིད་འོག་ནང་ཁོག་ཤང་གིས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་ཡུལ་སྐོར་དང་དབུལ་སྐྱོར་སྐུལ་སློང་དགོངས་དོན་གྱི་གྲོས་ཚོགས་བསྡུས་ཤིང་། ཐོག་དང་པོར་གཅན་ཚ་རྫོང་གི2018ལོའི“མཛེས་སྡུག་གི་གཅན་ཚ། ཡིད་འོངས་ཀྱི་ནང་ཁོག”ཅེས་པའི་གོམ་བགྲོད་འགྲན་སྡུར་བདེ་བླག་ངང་བསྡུས། བྱ་འགུལ་དེས་དགོངས་དོན་གཙོ་བོ་ནི་ཞིང་སྡེའི་རིག་གནས་ཡུལ་སྐོར་དེ་སྔོག་འདོན་གཏིང་ཟབ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་གཅན་ཚ་རྫོང་གི་རིག་གནས་ཡུལ་སྐོར་གྱིས་ཤུགས་རྐྱེན་ཐེབས་ཚད་ཆེས་ཆེར་བཏང་བ་དང་ནང་ཁོག་གི་ཚོན་ལྡན་ཞིང་ལས་ལ་སྐུལ་འདེད་བྱེད་པ། ཀེ་ཚེ་མེ་ཏོག་གི་རྒྱ་མཚོ། གནའ་བོའི་ལྷ་ཁང་། གདོད་མའི་ནགས་ཚལ། གཡང་རོང་གི་རྦབ་ཆུ་སོགས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱས་ཏེ་གཅན་ཚ་རྫོང་གི་རིག་གནས་ལུས་རྩལ་དང་ཡུལ་སྐོར་ལས་རིགས་ཀྱི་མཉམ་བསྲེས་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་ངེས་ཅན་ཞིག་བྱས་ཡོད་པ་རེད།

རྫོང་སྤྱི་བདེ་དང་རྫོང་འགྲིམ་འགྲུལ་ཉེན་རྟོག་པ། རྫོང་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཅུས། རྫོང་ཚོང་དོན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་སོགས་སྡེ་ཁག་དག་གིས་བྱ་བའི་གཞི་རྐང་ལ་གཞི་བཅོལ་ནས་རང་རང་གི་ཁྱད་ཆོས་འདོན་སྤེལ་བྱས་ཤིང་། གོམ་བགྲོད་མི་སྣའི་འགྲན་སྡུར་བརྒྱུད་རིམ་ལ་སྲུང་སྐྱོབ་བྱེད་པ། རླངས་འཁོར་ཤར་གཏོང་ཐུབ་པ། སྨན་བཅོས་ཞབས་ཞུ་མཁོ་སྤྲོད་བྱེད་པ། ཟས་རིགས་ཀྱི་རྒྱུ་སྤུས་ལ་ཞིབ་བཤེར་བྱེད་པ་བཅས་ཀྱིས་གོམ་བགྲོད་འགྲན་སྡུར་བདེ་བླག་ངང་འགྲུབ་པར་ཕུལ་དུ་བྱུང་བའི་རྒྱབ་རོགས་འགན་བཅོལ་བྱ་བ་མཁོ་སྤྲོད་གང་ལེགས་བྱས་ཡོད། རྫོང་རིག་གནས་ཁང་གིས་དམངས་ཁྲོད་ཀྱི་གླུ་བ་གདན་འདྲེན་སྒོས《གཅན་ཚའི་ཡུལ་གྱི་མཛའ་གཞས》དང《དྭངས་གཙང་གི་གཙན་ཚ》སོགས་ཀྱི་གླུ་དབྱངས་དང་རང་བསྒྲིགས་རང་འཁྲབ་བྱས་པའི་མི་རིགས་ཀྱི་ཞབས་བྲོ་སོགས་འཁྲབ་སྟོན་བྱས་ཏེ་གོམ་བགྲོད་འགྲན་སྡུར་ཕུན་སུམ་ཚོགས་པར་གཏོང་ཆེད་བྱ་འགུལ་གྱི་རྣམ་པ་ཕུན་སུམ་ཚོགས་པ་ཞིག་མཁོ་སྤྲོད་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།