སྐུ་འབུམ་རྫོང་གིས་ད་ལོར་རྫོང་ཡོངས་ཀྱི་དབུལ་པོའི་ཞྭ་མོ་འཕུད་པར་ཧུར་བརྩོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཟླ7པའི་ཚེས30ཉིན།  གསར་འགོད་པས་སྐུ་འབུམ་རྫོང་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་མཇུག་དུ། སྐུ་འབུམ་རྫོང་གིས་དབུལ་ཕོངས་གྲོང་ཚོ74དབུལ་ཐར་བྱ་རྒྱུར་དམ་པོར་དམིགས་ཏེ། དབུལ་ཕོངས་དུད་ཚང2458ཀྱི་མི7373དབུལ་ཐར་བྱས་པ་དང་། རྫོང་ཡོངས་ཀྱི་དབུལ་ཕོངས་ཞྭ་མོ་ཕུད་པའི་དམིགས་ཚད་མངོན་འགྱུར་བྱུང་ཞིང་། དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་བླངས་པ་རེད།

ཟླ10པའི་ཟླ་དཀྱིལ་བར་དུ་ཡུལ་གཞན་དུ་གནས་སྤོ་དང་ཉེན་ཁ་ཅན་གྱི་ཁང་པ་སྒྱུར་བཀོད་བྱེད་པའི་ལས་དོན་བདེ་བླག་ངང་ལེགས་འགྲུབ་བྱ་ཆེད།  ཟླ10པའི་ཟླ་མཇུག་བར་དུ་དབུལ་ཕོངས་གྲོང་ཚོ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་དགོས་པ་དང་། ཟླ10པའི་ཟླ་མཇུག་བར་དུ་དབུལ་ཐར་ཞྭ་མོ་ཕུད་པའི་འཛུགས་སྐྲུན་ལས་དོན་ཁག་ལེགས་འགྲུབ་བྱ་དགོས་ཤིང་། སྐུ་འབུམ་རྫོང་གིས་དབུལ་སྐྱོར་ལས་དོན་མྱུར་ཚད་དང་དབུལ་སྐྱོར་རྣམ་གྲངས། དབུལ་སྐྱོར་མ་དངུལ་བེད་སྤྱོད་བཅས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་བ་རེད། ད་ལྟའི་ཆར། སྐུ་འབུམ་རྫོང་གི་དབུལ་སྐྱོར་སྒོས་ཡུལ་གཞན་དུ་གནས་སྤོ་བའི་དུད་ཚང335ཡི་མི་འབོར1042དང་། ཉེན་ཁ་ཅན་གྱི་ཁང་པ་སྒྱུར་བཀོད་བྱེད་པའི་དུད་ཚང2208བཅས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། དབུལ་སྐྱོར་ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་ནོར་སྲིད་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར6.22བཏང་བ་རེད།

ཉེ་བའི་ལོ་འགའི་རིང་དུ།  སྐུ་འབུམ་རྫོང་གིས་ཐོན་ལས་དབུལ་སྐྱོལ་སྐུལ་འདེད་མགྱོགས་སུ་བཏང་བ་དང་། ཁྱད་ལྡན་འདེབས་འཛུགས་དང་སྣོད་བཅུད་གསོ་སྤེལ། གྲོང་གསེབ་ཡུལ་སྐོར་སོགས་ཀྱི་དབུལ་སྐྱོར་ཐོན་ལས་གཙོ་གནད་སྒོས་དམ་འཛིན་ཡག་པོ་བྱས་ཤིང་། ཐེན་ཅ་ཀྲའེ་གྲོང་རྡལ་ཡའོ་ཏུང་གྲོང་ཚོ་དང་ཐུ་མིན་ཀོན་ཞང་ཧྲང་ཧྲན་གྲུང་གྲོང་ཚོ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས5སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ལའོ་ཡོན་རྒྱ་བོད་སྨན་དང་ཁྱད་ལྡན་སྔོ་ཚལ། ནོར་ཤ་དང་ལུག་ཤ་སོགས་གསོ་སྤེལ་རྣམ་གྲངས་སྣ་མང་གཅིག་གྱུར་གྱིས་འཆར་འགོད་དང་དམ་འཛིན་ཡག་པོ་བྱས་པ་དང་།   དམིགས་ཡིད་ཡོད་པའི་སྒོ་ནས་དབུལ་ཕོངས་རྩལ་ནུས་ཟབ་སྦྱོང་སྤེལ་ཏེ། ལས་ཞུགས་ལས་གནས་རྒྱ་སྐྱེད་བཏང་བ་དང་། དབུལ་ཕོངས་དུད་ཚང་གི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་པ་རེད།  

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།