ཀྲང་ལི་ཡིས་རིག་གནས་གསར་འགྱུར་རླུང་བརྙན་འཕྲིན་ཁྲིམས་ལུགས་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་རྣམས་བསྡུས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཉེ་ཆར། ཧྲིན་ཀྲང་གཞོན་པ་ཀྲང་ལི་ཡིས་རིག་གནས་གསར་འགྱུར་རླུང་བརྙན་འཕྲིན་ཁྲིམས་ལུགས་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དེང་ཕྱིན་གྱི་དུས་སྐབས་ཤིག་རིང་གི་གཙོ་གནད་ལས་དོན་ལ་ཇུས་འགོད་བྱས། ཁོང་གིས་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་དང་། ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།དོན་དངོས་སུ“ སྤུས་ལེགས་གཅིག་དང་མཐོ་བ་གཉིས ” ཀྱི་འཐབ་ཇུས་བཀོད་སྒྲིག་ལ་བྱེ་བྲག་ཅན་དང་ལག་ལེན་ཅན་དུ་འགྱུར་དགོས་ཞེས་བསྟན་པ་རེད།

ཀྲང་ལི་ཡིས་བསྟན་དོན། གྲོལ་མ་ཐག་པའི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དར་ཆ་མཐོན་པོར་བསྒྲེངས་ནས་སྲོག་ཤིང་ལ་སྲུང་སྐྱོང་བྱ་དགོས། དེ་ནི་དུས་རབས་གསར་པ་དང་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་མཚོ་སྔོན་གསར་པའི་ཚན་རིག་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་གྲོས་ཚོགས་གལ་ཆེན་ཞིག་རེད་ལ། ཚང་འཛོམས་གྲོས་ཚོགས་ཀྱིས“ སྤུས་ལེགས་གཅིག་དང་མཐོ་བ་གཉིས” ཀྱི་འཐབ་ཇུས་བཀོད་སྒྲིག་བྱས་ནས་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་བསྟན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱེད་པ་ནི་དེང་ཕྱིན་གྱི་དུས་སྐབས་ཤིག་རིང་གི་རང་ཞིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་བརྗོད་དོན་གཙོ་བོ་དམ་འཛིན་བྱས་ནས། ཕྱོགས་ཡོངས་ནས་གོ་བ་ལེན་དགོས་པ་དང་། དོན་དངོས་དང་ཟུང་འབྲེལ་སྒོས་ལག་བསྟར་གཏིང་ཟབ་བྱ་དགོས་ཞེས་བསྟན་པ་རེད།

སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་དང་བསམ་བློ་དང་ངོས་འཛིན་གཅིག་གྱུར་ཡོང་བ་བྱ་དགོས།  རིག་གནས་དང་རླུང་འཕྲིན་བརྙན་འཕྲིན་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། དོན་དངོས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱེད་པའི་འགན་འཁྲི་གཙོ་བོར་ཕྲག་ཏུ་འཁུར་དགོས། བརྒྱུད་བསྒྲགས་དང་སློབ་སྦྱོང་དམ་འཛིན་ཡག་པོ་བྱེད་པ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། དངོས་དོན་བསྒྲུབས་ནས་མདུན་དུ་བསྐྱོད་དགོས། ལས་ཀའི་བསམ་ཕྱོགས་དག་སེལ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་དམིགས་ཏེ། རྗེས་ཕྱོགས་ཀྱི་བྱ་བར་ཡང་བསྐྱར་བསམ་བློ་གཏིང་ཟབ་གཏོང་བ་དང་། ཡང་བསྐྱར་ཞིབ་འཇུག་གཏིང་ཟབ་བྱེད་པ། འཆར་གཞི་དང་གཙོ་གནད་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བ། དོན་དངོས་སུ་ཁ་ཕྱོགས་གསལ་པོ་ཡོང་བ་དང་། ལས་འགན་གསལ་བ། ལག་བསྟར་གནད་ལ་འཁེལ་བྱེད་པ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ལས་དོན་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱེད་པ།   མཚོ་སྔོན་གསར་པའི་སྙིང་སྟོབས་ལ་ཤུགས་ཆེན་པོས་དར་སྤེལ་གཏོང་བ། བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྲོལ་བཟང་དར་སྤེལ་ཆེན་པོ་གཏོང་བ།  དམ་པ་དོན་གཉེར་བྱེད་པའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས། བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོག་རྒྱག་བརྒྱབ་སྟེ། “སྤུས་ལེགས་གཅིག་དང་མཐོ་བ་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

ལོ་ཙཱ་བ། གཡང་སྐྱིད།