དཔལ་འབྱོར་རིག་པའི་ལོ་རྒྱུས་དཔེ་སྐྲུན་བྱས་པ།

དཔལ་འབྱོར་རིག་པ་ཞེས་པའི་རིག་ཚན་འདི་མིའི་རིགས་ཤེས་རིག་གི་ལོ་རྒྱུས་ལ་མཚོན་ན་བྱུང་བ་ཆེས་སྔ་བ་ཞིག་མ་ཡིན། མིའི་རིགས་ཀྱི་དཔལ་འབྱོར་བྱ་བྱེད་བྱུང་བ་ནས་མི་ལ་དཔལ་འབྱོར་གྱི་བསམ་བློ་ཐོག་མར་སྐྱེས་ཤིང་། མིའི་དཔལ་འབྱོར་གྱི་བྱ་བྱེད་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་བསྟུན་ནས་དཔལ་འབྱོར་གྱི་བསམ་བློ་ཡང་རིམ་བཞིན་ཇེ་རྒྱས་ཇེ་ཞིབ་ཏུ་སོང་ཡོད། དཔལ་འབྱོར་གྱི་བྱ་བྱེད་དང་དཔལ་འབྱོར་བསམ་བློ་ཧ་ཅང་འཁྲུག་ཆ་དོད་པོར་སོང་མཐར་དཔལ་འབྱོར་རིག་པ་ཞེས་དེ་ལ་ཆེད་དམིགས་ཀྱིས་ཞིབ་འཇུག་དང་རྟོག་དཔྱོད་བྱེད་པའི་རིག་ཚན་འདི་བྱུང་། འདི་ལས་རྟོགས་ཐུབ་པ་ནི་དཔལ་འབྱོར་རིག་པ་ནི་མིའི་འཚོ་གནས་དང་འབྲེལ་བ་དམ་པོ་ཡོད་ཅིང་། མིའི་དངོས་ཡོད་ཀྱི་འཚོ་གནས་ལ་མནོ་བསམ་དང་རྟོག་ཞིབ་བྱེད་པའི་རིག་ཚན་ཞིག་ཡིན་པ་མངོན་གསལ་རེད། དེའི་ཕྱིར་འཇིག་རྟེན་འདིར་སྐྱེས་འཚོ་མྱོང་གསུམ་ལ་གཡོལ་དུ་མེད་པའི་མིའི་རིགས་ཀྱི་ངོས་ནས་རིག་ཚན་འདི་ལ་ཤེས་རྟོགས་བྱ་དགོས་པའང་དོན་གྱིས་གྲུབ།

བོད་ཀྱི་རིག་གཞུང་ལ་མཚོན་ན་དཔལ་འབྱོར་རིག་པ་འདི་ཉིད་རིག་ཚན་གསར་པ་ཞིག་ཏུ་ཆགས་ཡོད་པ་བདེན་མོད། འོན་ཏེ་དེ་ནི་སྣང་ཆུང་བྱེད་པའི་རྒྱུ་མཚན་དུ་འགྲོ་མི་རུང་སྟེ། མིའི་རིགས་ཡིན་པའི་ཆ་ནས་དཔལ་འབྱོར་དང་རིང་དུ་གྱེས་པའི་འཚོ་གནས་ཤིག་དོན་དམ་དུ་ཡོད་མི་སྲིད། དེས་ན་ང་ཚོས་ཀྱང་ལས་དང་པོ་བ་ཞིག་གི་ཚུལ་གྱིས་རིག་ཚན་འདི་ལ་ཤེས་རྟོགས་དང་། བསླབ་སྦྱང་། དོན་གཉེར་བྱ་རྒྱུ་དེ་ནི་དགོས་གལ་ཤིན་ཏུ་ཆེ། འདིར་དཔལ་འབྱོར་རིག་པའི་ལོ་རྒྱུས་དང་འབྲེལ་ཏེ་རིག་ཚན་འདིའི་སྤྱི་ཁོག་ཙམ་ངོ་སྤྲོད་ཀྱི་ཚུལ་དུ་བྲིས་པ་འདི་ཡང་ཤེས་བྱའི་གནས་ལ་འཇུག་དགོས་ན་བསླབ་འཇུག་རྟོག་གསུམ་གྱི་གོམ་པ་རིམ་གྱིས་བགྲོད་པའི་ཆོས་ཉིད་དང་བསྟུན་དགོས་པའི་ཀུན་སློང་གིས་ཡིན་ནོ། །

དེ་ཡང་དཔལ་འབྱོར་རིག་པ་འདི་བོད་ཀྱི་རིག་གཞུང་ལ་མཚོན་ན་རིག་ཚན་གསར་པ་ཞིག་ཡིན་པའི་རྐྱེན་གྱིས་དེ་ཉིད་ངོ་སྤྲོད་བྱེད་པ་ལ་དཀའ་ངལ་མི་ཉུང་བ་ཡོད་སྲིད་པ་འདི་ལྟར། གཅིག་ནས་རིག་ཚན་འདིའི་གཏན་ཚིགས་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རིག་གཞུང་གི་གཏན་ཚིགས་དང་ཁྱད་པར་ཆེན་པོ་ཡོད་པས། ལྟ་ཕྱོགས་སམ་ལངས་ཕྱོགས་གསར་པ་ཞིག་གི་ངོས་ནས་མིའི་ཀུན་སློང་དང་། མིའི་བྱ་བྱེད། མིའི་སྤྱི་ཚོགས་སོགས་ལ་ངོས་འཛིན་བྱེད་དགོས་རྐྱེན། རང་གི་སྔོན་ནས་གོམས་པའི་བསམ་བློ་གཏོང་སྟངས་དང་རིན་ཐང་གི་ཚད་གཞི་འཛིན་སྟངས་ལ་འགྱུར་བ་གཏོང་དགོས་པ་དེ་ཐོག་མའི་ཆ་རྐྱེན་དུ་མངོན་པས་ན་དེ་ལ་དཀའ་ངལ་ཡོད་པ་གོར་མ་ཆག གཉིས་ནས་ད་ལྟའི་བར་དུ་བོད་ཡིག་གིས་བྲིས་པའི་དཔལ་འབྱོར་རིག་པའི་སྐོར་གྱི་བརྩམས་ཆོས་ནི་ཉིན་མོའི་རྒྱུ་སྐར་ལྟར་དཀོན་པས། རིག་ཚན་འདི་དང་འབྲེལ་བའི་ལོ་རྒྱུས་དང་། དོན་རྐྱེན། གང་ཟག་སོགས་ཀུན་གྱི་གཟིགས་ངོར་བྱང་ཆ་འབྱུང་བའི་གོ་སྐབས་ཆུང་བས་ན་རིག་ཚན་འདིའི་གཞུང་དངོས་ལ་འཇུག་པར་དཀའ་ངལ་མི་ཉུང་བ་མཆིས་པ་དང་། གསུམ་ནི་དཔལ་འབྱོར་རིག་པར་རང་གི་མ་ལག་ལྡན་པའི་གཞུང་ལུགས་ཤིག་ཆགས་ཡོད་ཅིང་། ཐ་སྙད་དང་རྗོད་བྱེད་གང་ཐད་ནས་རང་གི་ཁྱད་ཆོས་གྱིས་མངོན་པར་གསལ་བ་ཞིག་ཡིན་པས། བོད་ཡིག་གི་ལམ་ནས་ངོ་སྤྲོད་བྱེད་དགོས་ཚེ་ཐ་སྙད་རེ་རེ་བཞིན་ངོ་འཕྲོད་དཀའ་ཞིང་། ཚིག་ཡ་མ་བརླ་ཡིས་དོན་ཉ་མ་ཉོག་བརྗོད་པའི་སྣང་བ་སྐྱེས་པའང་གཡོལ་ཐབས་བྲལ།ཐ་ན་བོད་སྐད་དུ་མ་མཆིས་པའི་ཐ་སྙད་ཀྱང་གང་མང་ཡོད་པ་དེ་དག་སྒྲ་དོན་གང་ཐད་ནས་གསར་བཟོ་བྱེད་དགོས་ཕྱིར་ཟབ་གསལ་དག་གསུམ་གྱིས་རིག་ཚན་འདི་ཀློག་པ་པོར་ངོ་སྤྲོད་རྒྱུ་དེ་དཀའ་ངལ་ཆེ་ཤོས་སུ་ཡོད་དོ། །འོན་ཀྱང་གོང་དུ་བཤད་པ་ལྟར་དཀའ་ངལ་ཡོད་པས་བསྐྱུར་དུ་མི་རུང་བས་རང་ནུས་ཅི་ལྕོགས་ཀྱིས་ངལ་བ་དང་དུ་ལེན་ཁུལ་བགྱིས་ཡོད་པ་ལ། གསལ་བཤད་ཀྱི་ཚུལ་དུ་སྨྲ་བར་བྱ་བ་ནི། རིག་གནས་གང་ཞིག་དང་ལེན་དང་ཁྱབ་སྤེལ་བྱེད་དགོས་ན་དེ་རྒྱ་ཁྱབ་དང་། རྒྱུན་འབྱམས་སུ་འགྲོ་དགོས་པ་རྩ་བ་ཡིན་ཞིང་། དེ་ཡང་ཡི་གེའི་བརྗོད་དོན་དང་། ཐ་སྙད་སོགས་རིགས་འགྲེ་དང་། གཅིག་གྱུར།ཁྱབ་གདལ་ཡོང་དགོས་པ་ཐོག་མའི་ཆ་རྐྱེན་དུ་གདོན་མི་ཟ་བས། འདིར་ཡང་དང་པོ་སྔར་ཡོད་བོད་སྐད་དུ་བསྒྱུར་ཟིན་པའི་བརྩམས་ཆོས་ཏེ། དཔེར་ན་《‍མ་རྩའི་རྣམ་བཤད》(2008ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས‍)དང་། ‍《མར་ལེ་གསུང་རྩོམ་གཅེས་བཏུས།ཆབ་སྲིད་རིག་པའི་སྐོར།‍》(1993ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས‍)དེ་བཞིན་འབྲེལ་ཡོད་ཀྱི་བརྩམས་ཆོས་དག་དང་། ཉེ་ལམ་ཚིག་མཛོད་དང་སྨྱན་ལམ་སོགས་སུ་སྤེལ་ཡོད་པའི་གསར་བྱུང་ཐ་སྙད་ཀྱི་འགྱུར་སོགས་ལ་གཞི་བཅོལ་ནས་སྔར་ཡོད་ཐ་སྙད་ཅི་ནུས་ཀྱིས་སོར་བཞག་གིས་བེད་སྤྱོད་བཏང་ཡོད་ཀྱང་། མཐོང་ཐོས་ཀྱི་རྒྱ་མ་ཆོད་པས་མ་རིག་མ་གོ་བའང་ཡོད་སྲིད་མོད། འདིར་རང་གིས་ཡིག་སྒྱུར་བྱེད་པའི་རྒྱུ་རིམ་ཁྲོད་གསར་དུ་བཟོས་པའི་ཐ་སྙད་དེ་དག་ཀུན་གྱི་སྤྱན་ལམ་དུ་བསྟར་ནས་བསྐྱར་དུ་དག་བཅོས་དང་གཅིག་གྱུར་བྱུང་ན་དེ་ཡང་དགེ་བར་མཐོང་བས། བརྩམས་ཆོས་འདིའི་ནང་དོན་དང་འབྲེལ་བའི་ཐ་སྙད་གཙོ་ཆེ་བ་རྣམས་མཇུག་ཏུ་བོད་རྒྱ་ཐ་སྙད་ཤན་སྦྱར་བསྒྲིགས་ཡོད། བོད་རྒྱ་ཐ་སྙད་ཤན་སྦྱར་འཇོག་དོན་ཡང་དེབ་འདི་སྤྱིར་རྒྱ་ཡིག་གི་དཔེ་དེབ་གཞིར་བཟུང་ནས་རྩོམ་སྒྱུར་བྱས་ཤིང་། དེང་སྐབས་བོད་ཡིག་གི་ཀློག་པ་པོ་མང་ཆེ་བ་རྒྱ་ཡིག་གི་ལམ་ནས་ལྟ་ཀློག་བྱེད་ཐུབ་པས་རྒྱ་བོད་ཡིག་རིགས་ཟུང་འབྲེལ་གྱིས་ལྟ་བདེ་བའི་ཆེད་དང་། ཡང་ཕྱོགས་གཞན་ཞིག་ནས་ཡིག་རིགས་གང་ལ་གཞི་བཅོལ་ཀྱང་རིག་ཚན་འདི་དར་ཁྱབ་ཡོང་རྒྱུ་གལ་ཆེ་བས་བོད་རྒྱ་ཐ་སྙད་ཕན་ཚུན་གོ་བསྡུར་གྱིས་ལྟ་ཀློག་བྱེད་ཐུབ་ཚེ་ཐོག་མའི་འཇུག་སྒོ་ཡངས་པོར་ཕྱེ་ནས་རིམ་གྱིས་གཞུང་ལ་བགྲོད་པའི་སྟབས་བདེ་བསྐྲུན་ཐུབ་པའི་དགོས་པར་དམིགས་པ་ཡིན། གཉིས་པ་བརྗོད་སྟངས་ཐད་ནས་གོང་དུ་བཤད་པ་ལྟར་དཔལ་འབྱོར་རིག་པར་རང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་བརྗོད་སྟངས་དང་ཐ་སྙད་ཡོད་པ་དེ་དག་སྦྱང་གོམས་སུ་འགྲོ་བ་གལ་ཆེ་བས་འདིར་ཡང་བོད་རང་གི་སྐད་ཡིག་གི་བརྗོད་སྟངས་རྨང་གཞིར་བྱེད་དགོས་པ་སྨོས་མ་དགོས་ཤིང་། དེ་གཞིར་བཞག་གིས་དཔལ་འབྱོར་རིག་པའི་རྗོད་བྱེད་ཀྱི་ཁྱད་ཆོས་དང་བསྟུན་ཡོད་པ་དགོས་ངེས་སུ་མཐོང་ངོ་། །གང་ལྟར་ཐོག་མའི་བྱ་གཞག་གང་ཡིན་ཡང་ནོར་འཁྲུལ་དང་སྐྱོན་ཆ་མི་འབྱུང་བའི་ངེས་བ་མེད་པས་འདིར་ཡང་ནོར་སྐྱོན་གང་ཡོད་ཀློག་པ་པོས་དགོངས་འཆར་ལྷུག་སྩོལ་གནང་རོགས་ཞུ་རྒྱུ་དང་དུས་མཚུངས་དག་ཐེར་དང་ལེགས་བཅོས་བྱ་རྒྱུའི་རེ་བ་སྙིང་དབུས་ནས་བཅངས་བཞིན་ཡོད།

དཔལ་འབྱོར་རིག་པའི་ལོ་རྒྱུས། ལོ་ཙཱ་བ། མདོ་རྩེ་སྐལ་བཟང་ཚེ་རིང་། དཔེ་རྟགས། ISBN978-7-223-05784-4 རིན་གོང་སྒོར།‍20.00

ཁེ་ལས་གསར་པའི་བྱུང་འཕེལ། ལོ་ཙཱ་བ། མདོ་རྩེ་སྐལ་བཟང་ཚེ་རིང་། དཔེ་རྟགས། ISBN978-7-223-04918-4 རིན་གོང་སྒོར།‍ ‍38‍.00

ལོ་ཙཱ་བ་མདོ་རྩེ་སྐལ་བཟང་ཚེ་རིང་གིས་བསྒྱུར་ཅིང་དེ་སྔ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་པའི་ཁེ་ལས་གསར་པའི་བྱུང་འཕེལ།

ལོ་ཙཱ་བ་མདོ་རྩེ་སྐལ་བཟང་ཚེ་རིང་།