བུ་བཅོལ་ཁང“སློབ་ཆུང་ཅན་དུ་འགྱུར་བའི”གནད་དོན་གྱི་འབྱུང་རྩ་གང་ཡིན་པ་དང་། བུ་བཅོལ་ཁང་ནས་ཡང་སྙིང་ཅི་ཞིག་བསླབ་དགོས།

ཧྲན་ཞི་ཞིང་ཆེན་སྲིད་གཞུང་ལས་ཁུངས་ཀྱི་བུ་བཅོལ་ཁང་གིས་ཁྱིམ་བདག་བསུ་བའི་ཉིན་མོ་ཞེས་པའི་བྱེད་སྒོ་སྤེལ།

ཉེ་སྔོན་སློབ་གསོ་པུའུ་གཞུང་སྒྲུབ་ཐིང་གིས《བུ་བཅོལ་ཁང་“སློབ་ཆུང་ཅན་དུ་འགྱུར་བ”ལ་ཆེད་དོན་དག་ཐེར་བྱ་བའི་སྐོར་གྱི་བརྡ་ཁྱབ》སྤེལ་ཏེ།  བུ་བཅོལ་ཁང“སློབ་ཆུང་ཅན་དུ་འགྱུར”བའི་ནོར་འཁྲུལ་གྱི་ལམ་ཕྱོགས་དེ་ལེགས་བཅོས་ཡག་པོ་དང་།   ཚན་རིག་དང་མཐུན་པའི་སློབ་གསོའི་ཆུ་ཚད་ཇེ་ལེགས། བྱིས་པའི་ལུས་སེམས་གཉིས་ཀ་འཚར་ལོངས་ཡག་པོ་འབྱུང་བར་སྐུལ་སྤེལ་བཅས་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཁྱབ་དེ་བཏང་མ་ཐག  དྲ་སྒང་ནས་མི་མང་པོས་གླེང་བརྗོད་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཞིང་།   ལ་ལས་བུ་བཅོལ་ཁང་ནས་ཤེས་བྱའི་རྨང་གཞི་མ་བཞག་ན། ལོ་རིམ་དང་པོར་དགེ་རྒན་གྱི་འཁྲིད་མྱུར་བས་རྗེས་མ་ཆོད་ཚེ་ཅི་བྱ། ཞེས་དང་།  ཡང་ལ་ལས་དེ་ནི་བུ་བཅོལ་ཁང་གིས་བསླབ་གཞི་དེ་དག་སྔ་མོ་ནས་འཁྲིད་འདོད་པ་མ་ཡིན་ཏེ། སློབ་ཆུང་ལ་ལས་སློབ་འཁྲིད་མ་འདོད་པའི་རྒྱུ་མཚན་དབང་གིས་བུ་བཅོལ་ཁང‘སློབ་ཆུང་ཅན་དུ་མི་འགྱུར་རང་འགྱུར་དུ’གྱུར་སོང་བ་རེད་ཟེར།  

ཉེ་བའི་ལོ་ཚུན་ལ། བུ་བཅོལ་ཁང“སློབ་ཆུང་ཅན་དུ་འགྱུར”བ་དང་། སྔོན་འགྲོའི་སློབ་གསོ་སྔ་དྲགས་པའི་སྐོར་ལ་ད་བར་དུ་གླེང་ཕྱོགས་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་རེད།  དེས་ན་བུ་བཅོལ་ཁང་གིས་ཡང་སྙིང་ཅི་ཞིག་འཁྲིད་དགོས་པ་དང་། “སློབ་ཆུང་ཅན་འགྱུར”གྱི་བསླབ་གཞི་བཀོད་སྒྲིག་བྱེད་རུང་ངམ་མི་རུང་།  བུ་བཅོལ་ཁང“སློབ་ཆུང་ཅན་དུ་འགྱུར”བའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་པ་ལ་སོགས་ཀྱི་ཕྱོགས་ནས་གསར་འགོད་པས་རྟོག་ཞིབ་བྱས་འདུག

1. མི་ག་ཚདརྔམ་རྒྱུག་བྱེད་པ

སྔོན་ཆད་དང་འདྲ་བར། དབྱར་གནང་བཏང་མ་ཐག  སློབ་གྲྭ་ཕྱིའི་ཟུར་ཁྲིད་ལས་ཁུངས་དག་སྔར་བས་འཁྲུག་ཆ་དོད་པོར་གྱུར།

དབྱར་གནང་སྐབས། གསར་འགོད་པས་ནན་ཉིང་གྲོང་ཁྱེར་ཅིན་ཕུ་ལམ་གྱི་སྔོན་འགྲོའི་སློབ་གསོ་ལྟེ་གནས་སུ་མཐོང་བ་ནི།  ཉིན་རྒྱུན་བྱིས་པ་སྐྱེལ་ལེན་གྱི་ཁྱིམ་བདག་རྒྱུན་མི་ཆད།   ལྟེ་གནས་དེར་དགའ་ཕྱོགས་འཛིན་གྲྭ་སྣ་མ་སྣ་ཚོགས་ཤིག་ཡོད་པར་མ་ཟད།  ཟླ9 པར་སློབ་ཆུང་དུ་ཞུགས་མཁན“རྨང་གཞི་བཞག་མེད་པའི་སློབ་མ་ལ”དམིགས་བཙུགས་ནས་སྐད་ཡིག་དང་། གྲངས་རིག  དབྱིན་ཡིག་གསུམ་གྱི་ཟུར་ཁྲིད་འཛིན་གྲྭ་བཀོད་སྒྲིག་བརྒྱབ་ཡོད་པ་རེད། སྔ་མོ་ནས་སློབ་ཆུང་གི་རིག་གནས་ཤེས་བྱ་སྐོར་སློབ་དུ་འཇུག་པ་ནི་བྱིས་པས་སློབ་ཆུང་གི་བསླབ་གཞི་བར་འབྲེལ་ཡག་པོ་འཇོག་ཐུབ་པའི་ཕྱིར་རེད།  ཟུར་འཁྲིད་འཛིན་གྲྭའི་དགེ་རྒན་ཀྲང་ལི་ཡིས་གསར་འགོད་པར། འཛིན་གྲྭ་རེར་སློབ་མ20ལྷག་ཡོད་ཅིང་། ཉིན་ཧྲིལ་པོར་སློབ་ཁྲིད་ཡོད་ལ། སློབ་མ་ཡང་འཛིན་གྲྭ་གང་ཚད་ཡོད་ཟེར།

དབྱར་གནང་གི་འཛིན་གྲྭར་ཐོ་འགོད་བྱེད་པ་ནི་དགོས་མཁོའི་དབང་དུ་སོང་བས། ཁྱིམ་བདག་མང་པོས་བུ་བཅོལ་ཁང་གི་འཛིན་གྲྭ་ཆེ་བ་དང་། འབྲིང་བ།  ཐ་ན་ཆུང་བའི་སྐབས་ནས་བཟུང་རིག་གནས་ཤེས་བྱའི་སློབ་གསོ་གཏོང་བའི་འགོ་བཙུགས་ཡོད་པ་རེད།  ཞུའུ་ལི་ཡི་བྱིས་པ་ད་ཆ་འཛིན་གྲྭ་འབྲིང་བར་ཞུགས་ཡོད་ལ།  གམ་གྱི་ལོ་མཉམ་བྱིས་པ་རྣམས་ཀྱིས་དབྱིན་ཡིག་འཛིན་གྲྭ་དང་། ཨོ་གྲངས་འཛིན་གྲྭ།  ཡིག་གཟུགས་འཛིན་གྲྭ།  ཞབས་བྲོ་འཛིན་གྲྭ།  རྣོ་སྦྲེང་འཛིན་གྲྭ་སོགས་སུ་ཉུང་མཐའ་ཡང་འཛིན་གྲྭ་གཉིས་དང་། དེ་ལས་མང་པ་འཛིན་གྲྭ་བདུན་ནས་བརྒྱད་ལ་མིང་ཐོ་བཀོད་འདུག  ཞུའུ་ལི་ཡིས་གསར་འགོད་པར། དང་ཐོག་གི་བསམ་འདུན་ཡིན་ན་བྱིས་པས་བུ་བཅོལ་ཁང་དུ་རྩེད་མོ་ཙམ་ལ་འཇུག་རྒྱུ་ལས་རེ་བ་ཆེན་པོ་གཞན་ཅང་མེད་མོད།  ཕྱིས་བྱིས་པ་གཞན་གྱི་རྗེས་ལུས་འགྲོ་བསམ་ནས་དགའ་ཕྱོགས་འཛིན་གྲྭ་ཁ་ཤས་ལ་མིང་ཐོ་མི་འགོད་རང་འགོད་བྱས་སོང་།  ཉིན་རྒྱུན་བུ་བཅོལ་ཁང་གྲོལ་མ་ཐག་ཁྱིམ་དུ་ལོག་ནས་དགོང་ཟས་རོལ་རྗེས་ཐད་ཀར་དགའ་ཕྱོགས་འཛིན་གྲྭར་བསྐྱལ་བ་དང་། དེ་གར་དགོང་མོའི་ཆུ་ཚོད་བརྒྱད་ནས་དགུ་བར་ལ་སློབ་ཁྲིད་ཉན་དུ་བཅུག་པ་ཡིན་ཟེར།

མ་གཞི་ནས་ནན་ཉིང་གྲོང་ཁྱེར་གྱི་སློབ་ཆུང་ག་གེ་མོའི་དགེ་རྒན་ཡིན་པའི་ཝེ་ཡི་ཡིས་དབྱར་གནང་འདིར་བུ་བཅོལ་ཁང་གི་འཛིན་གྲྭ་ཆེ་བར་ཞུགས་གྲབས་ཡོད་པའི་བུ་ཕྲུག་ལ་དམིགས་བསལ་གྱི་ལེགས་སྐྱེས་ཤིག་གྲ་སྒྲིག་བྱས་ཡོད་ལ། དེ་ནི་སློབ་ཆུང་གི་ལོ་རིམ་དང་པོའི་སྐད་ཡིག་དང་། གྲངས་རིག་གི་བསླབ་གཞི་སྟེ། འཆར་གཞི་ལྟར་ཁྱིམ་ནས་འཁྲིད་རྒྱུ་བྱས་ཡོད། སྔོན་འགྲོའི་སློབ་གསོ་སྔ་དྲགས་པའི་གླེང་ཕྱོགས་སྐོར་ནས་ཝེ་ཡི་ཡིས“ཧ་གོ་བའི”ཚུལ་བསྟན་བྱུང་ན་ཡང་། ལོ་རིམ་དང་པོར་སླེབས་རྗེས་སྔ་མོ་ནས་སློབ་ཆུང་གི་རྨང་གཞི་མེད་པའི་བྱིས་པར་མཚོན་ན་བྱིས་པ་གཞན་དང་བར་ཁྱད་ཤོར་འགྲོ་བ་རེད། རང་གི་བུ་ཕྲུག་སློབ་གྲོགས་དང་དགེ་རྒན་གྱིས་དགའ་བོ་མེད་པའི་རིགས་སུ་འགྱུར་འདོད་མཁན་ཁྱིམ་བདག་སུ་ཡང་ཡོད་མི་སྲིད་ལ།  ཐ་ན་རིག་སྟོབས་དང་ནུས་པའི་ཐད་ལ་དོགས་པ་ཆེན་པོ་སྐྱེས་པའི་སྣང་ཚུལ་དེ་ལྟ་བུ་མཐོང་འདོད་མཁན་ཡང་ཡོད་མི་སྲིད་ཅེས་འགལ་ཟླ་དང་ཐབས་ཟད་ཀྱི་ངང་དེ་ལྟར་ལབ་བྱུང་།

གསར་འགོད་པས་བཅར་འདྲི་ཁྲོད་ནས། ནན་ཉིང་གྲོང་ཁྱེར་གཞུང་གཉེར་བུ་བཅོལ་ཁང་ལ“སློབ་ཆུང་ཅན་འགྱུར”གྱི་སྣང་ཚུལ་དེ་འདྲའི་མང་པོ་མེད་ན་ཡང་། སྒེར་གཉེར་བུ་བཅོལ་ཁང་གི་འཛིན་གྲྭ་ཆེ་བར་སློབ་ཆུང་གི་སྔོན་འགྲོའི་འཁྲིད་བྱའི་ཤེས་བྱ་མང་པོ་ཡོད་པ་རེད། ད་ཆ་སློབ་ཆུང་གིས་སྔོན་འགྲོའི་འཛིན་གྲྭ་མེད་པར་བཏང་ཡོད་སྟབས།  སློབ་ཆུང་གི་ལོ་རིམ་དང་པོར་འཕར་རྗེས་སུ་བྱིས་པ་མང་ཤོས་ཀྱིས་དེ་འབྲེལ་གྱི་ཤེས་བྱ་མི་ཉུང་བ་ཞིག་སྔ་མོ་ནས་བསླབས་ཟིན་ཡོད་པ་རེད།  གལ་ཏེ་དགེ་རྒན་ནན་མོ་ཞིག་ལ་འཕྲད་མིན་ཚེ། བུ་བཅོལ་དང་སློབ་ཆུང་བར་གྱི་འབྲེལ་མཚམས་མངོན་གསལ་ཡིན་པས། ཁྱིམ་བདག་མི་ཉུང་བ་ཞིག་ལ་མཚོན་ན་རང་རྟོགས་ཀྱིས་འཛིན་གྲྭ་ཆེ་བའི་ནང་ནས་སློབ་ཆུང་གི་ཤེས་བྱ་སྐོར་བུ་ཕྲུག་ལ་མི་འཁྲིད་རང་ཁྲིད་དུ་གྱུར་ཡོད།ཅེས་ནན་ཉིང་གྲོང་ཁྱེར་གྱི་སྒེར་གཉེར་རྒྱལ་སྤྱིའི་བུ་བཅོལ་ཁང་གི་འགན་འཁུར་བ་ཝན་ཧོང་ཧྥང་གིས་བུ་བཅོལ་ཁང་“སློབ་ཆུང་ཅན་དུ་འགྱུར”བ་ནི་ཐབས་ཟད་འུ་ཐུག་གི་བྱེད་ཐབས་ཤིག་རེད་ཟེར།

2.བུ་བཅོལ་ཁང་ནས་ཡང་སྙིང་ཅི་ཞིག་བསླབ་དགོས།  

བུ་བཅོལ་ཁང་ཞེས་པ་ནི“བྱིས་པའི་དགའ་ཚལ”གྱི་དོན་ཡིན།  དེའི་དམིགས་གཞི་ནི་ཁྱིམ་ཚང་གིས་བྱིས་པ་གཉོར་སྐྱོང་བྱེད་དུས་ཀྱི་དུས་ཚོད་དང་། བར་སྟོང་། ཁོར་ཡུག་གི་ཚད་བཀག་སེལ་ཆེད་དང་། བྱིས་པའི་ལུས་ཕུང་དང་། རིག་སྟོབས། སེམས་ཁམས་ལ་འཚེ་བར་མེད་པར་མཚར་བསྐྱེད་ཡོང་བ།  དགའ་དགའ་སྤྲོ་སྤྲོའི་ངང་ནས་བྱིས་པའི་དུས་ཚོད་བསྐྱལ་བ།  གོམས་གཤིས་ཡག་པོ་ཆགས་སུ་འཇུག་པ་བཅས་སྔོན་དུ་བཏང་ནས་བསླབ་པར་བྱ་བའི་ཤེས་བྱ་སྦྱོང་བ་ལ་རྨང་གཞི་འདིང་རྒྱུ་དེ་རེད། གནའ་མིའི་ངག་རྒྱུན་ལ།  ལམ་བཟང་པོ་ཆུང་དུས་བཅོས་ན།  གཤིས་བཟང་བོ་ཆེ་ཡང་གོམས་ཡོང་ཞེས་པའི་དཔེ་ལྟར།  བྱིས་པར་ཆུང་དུས་ནས་གོམས་གཤིས་བཟང་བོ་རྒྱུད་ལ་ཆགས་སུ་འཇུག་རྒྱུ་དེ་གལ་ཆེ་བོའི་སྐོར་ལབ་ཡོད་པ་རང་རེད།  

འོ་ན་ཡང་སྙིང་བུ་བཅོལ་ཁང་དུ་ཅི་ཞིག་བསླབ་དགོས་ཐད་ལ།  ཀོང་ཞི་མི་རིགས་དགེ་འོས་སློབ་གླིང་གི་ཟུར་གཏོགས་བུ་བཅོལ་ཁང་གི་འགོ་གཙོ་ཝེ་ཡན་གྱིས་འདི་སྐད།  བུ་བཅོལ་ཁང་གི་སློབ་གསོའི་ནང་དོན་ལ་སྣ་འཛོམས་ཤིང་། བློ་སྒོ་འབྱེད་པའི་ངོ་བོ་ལྡན།  དེར་བདེ་ཐང་དང་། སྐད་ཡིག  སྤྱི་ཚོགས།  ཚན་རིག   སྒྱུ་རྩལ་བཅས་ཁྱབ་ཁོངས་ལྔ་བགོས་ཆོག་ཟེར།  བུ་བཅོལ་སློབ་གསོའི་དུས་རིམ་དུ་གཙོ་བོ་བྱིས་པས་དྲང་ཐད་ཀྱི་ཚོར་མྱོང་དང་། ལག་ལེན།  རོལ་མྱོང་བཅས་སྒོ་ནས་ཉམས་སུ་མྱོང་འདོད་ཀྱི་དགོས་མཁོ་བྱེད་ཐབས་སྣ་མང་བཀོལ་ནས་བསྐང་ཅི་ཐུབ་ལ་རྒྱབ་སྐྱོར་བྱས་ཏེ།   བྱིས་པས་རང་རྟོགས་དང་བློ་རིག་གཅིག་སྒྲིམ།  དཀའ་ངལ་ལ་མི་སྐྲག་པ།  འཚོལ་ཞིབ་དང་ཚོད་ལྟ་ཡི་སེམས་ཤུགས་བསྐྱེད་པ།  རྟོག་འཆར་དང་གསར་གཏོད་ལ་མོས་པ་བསྐྱེད་པ་བཅས་ཀྱི་མོས་པ་དང་དགའ་ཞེན་བསམ་སྦྱོར་ཐོག་གོམས་ལོབས་སུ་འཇུག་པར་རོགས་བྱ་རྒྱུ་དེ་རེད།  སྔ་མོ་ཞིག་ནས་རིག་གནས་ཤེས་བྱ་འཁྲིད་པ་དེ་བྱིས་པའི་ལོ་ཚད་དང་། བློ་དང་རིག་པ་སོགས་གང་ཅིའི་ཐད་ནས་བལྟས་ཀྱང་བྱིས་པའི་འཚར་ལོངས་ལ་ཕན་ཐོགས་པའི་སློབ་གསོ་གཏོང་སྟངས་ཡག་པོ་ཞིག་ཡེ་ནས་མ་རེད་ཅེས་ལབ་བྱུང་།

ཀོང་ཞིའི་ཅུས་ག་གེ་མོའི་ཐད་གཏོགས་ལས་ཁུངས་ཀྱི་བུ་བཅོལ་ཁང་གི་དགེ་རྒན་ལི་ཝན་ཧྥེང་གིས་ཀྱང་འདི་སྐད།  སློབ་ཁྲིད་ཀྱི་རྣམ་པའི་ཐད།  བུ་བཅོལ་ཁང་གི་སློབ་གསོ་དེ་གཙོ་བོ་རོལ་རྩེད་ཤས་ཆེ།  རོལ་རྩེད་ཀྱི་ཁྲོད་ནས་བྱིས་པས་བསླབ་བྱ་མང་པོ་ཞིག་རང་བཞིན་གྱིས་རྟོགས་ཐུབ་ཀྱི་ཡོད།  བསམ་བློ་ཅན་གྱི་བུ་བཅོལ་དགེ་རྒན་ཞིག་ཚེ།  ཉིན་གཅིག་གི་དུས་ཚོད་བེད་སྤྱོད་ལེགས་པོ་བྱེད་ཤེས་ལ། བྱིས་པས་དགའ་སྤྲོའི་རྩེད་མོའི་ཁྲོད་ནས་ཤེས་བྱ་བསླབ་ཐུབ་ཀྱི་ཡོད་ཟེར།  

3.སྔ་མོ་ནས་ཤེས་བྱ་སྦྱངས་སུ་བཅུག་ནཀུན་ལས་ལྷག་པ་ཞིགཡོང་ཐུབ་བམ།  

ཀུང་ཞི་ཆིན་ཀྲོའུ་གྲོང་ཁྱེར་གྱི་བུ་བཅོལ་ཁང་གི་བྱིས་པའི་ཁྱིམ་བདག་ཧུང་ཁེ་ཡིས་འདི་སྐད། ལོ་རིམ་དང་པོ་ནས་ཤེས་བྱ་སྦྱོང་འགོ་རྩོམ་ན་འགྲིག་ཅེས་བཤད་ཀྱིན་ཡོད་ཀྱང་། གལ་ཏེ་དེ་ཁ་ཐོག་ཏུ་བཞག་ནས‘ཁ་ཡ་མ་བྱས’ཚེ།  ལོ་རིམ་དང་པོའི་ནང་གློ་བུར་དུ་སློབ་སྦྱོང་གི་ཁུར་བོ་ལྕི་མོ་རེར་འཕྲད་པ་ཡིན་ན། བྱིས་པའི་སེམས་གདོས་ཧ་ཅང་ལྕི་སྲིད་པ་མ་ཟད།  ལོ་རིམ་དང་པོའི་དགེ་རྒན་གྱི་འགན་འཁུར་ཡང་ཤིན་ཏུ་ལྕི་ངེས་པས། ལོ་རིམ་དང་པོ་དེ་བྱིས་པར་མཚོན་ན་རྨི་ལམ་ངན་པ་ཞིག་མ་ཡིན་ནམ། ད་ནི་ཆ་འཕྲིན་ཅན་འགྱུར་གྱི་དུས་ལ་བབས་ཡོད་པས། བྱིས་པས་བྱ་དངོས་དང་། འཇིག་རྟེན། ཤེས་བྱ་ལ་སོགས་ཀྱི་ངོས་འཛིན་སྟངས་སྔོན་ཆད་དང་མི་འདྲ་བ་རེད། དེ་བས་སྔ་མོ་ནས་འོས་འཚམ་གྱི་ཤེས་བྱ་རེ་བསླབ་ཀྱང་སློབ་ཆོག་ཆོག་ཡིན་པ་བཞིན་བར་མཚམས་དེ་འདི་དང་འདི་ཞེས་གསལ་པོ་ཞིག་འབྱེད་དགོས་དོན་མི་འདུག་ཅེས་བརྗོད་བྱུང་།

སློབ་མའི་ཁྱིམ་བདག་ཀྲང་ཝེ་མེན་གྱིས་བསམ་ན།  བུ་བཅོལ་ཁང་དུ་བྱིས་པས་གཙོ་བོ་བློ་རིག་སྦྱོང་བརྡར་དང་། སློབ་སྦྱོང་གི་གོམས་གཤིས་ཡག་པོ་ཞིག་རྒྱུ་ལ་ཆགས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།  སློབ་སྦྱོང་ནི་གོ་རིམ་ཞིག་རེད། བྱིས་པ་རྩེད་དགོས་དུས་རྩེ་རུ་མི་འཇུག་པར་ཤེས་བྱ་མང་པོའི་སློབ་ཏུ་འཇུག་པ་དེས་ལམ་སེང་བྱིས་པའི་རིག་ལམ་དེ་འཛེར་བ་བརྡིབས་བརྡིབས་བྱས་ནས་བློ་མིག་འཁོར་ཕྱོགས་ལ་བཀག་རྒྱ་མང་པོ་བཟོ་གི་ཡོད་པ་རེད་ཟེར།

དོན་ངོ་མར། བུ་བཅོལ་སློབ་གསོའི་དགེ་སྐྱོན་དེ་སྔ་མོ་ཞིག་ནས་ཆེད་མཁས་པས་རྟོག་ཞིབ་མང་པོ་བྱས་འདུག  མཇུག་འབྲས་ནི།  སློབ་སྔ་བའི་བྱིས་པས་ལོ་རིམ་དང་པོ་དང་གཉིས་པའི་ནང་སློབ་འཕྱི་བའི་བྱིས་པ་ལས་ལྡབ་འགྱུར་གྱིས་ལེགས་ན་ཡང་།  ལོ་རིམ་གསུམ་པའི་ཡན་ཆོད་ནས་བཟུང་རིམ་བཞིན་ཇེ་ཞན་དུ་སོང་ནས་ཚང་མ་འདྲ་མཉམ་དུ་གྱུར་འགྲོ་བ་དང་། གཞན་སློབ་སྔ་བའི་སློབ་མ་དེ་དག་ལོ་རིམ་དང་པོར་ཞུགས་མ་ཐག  སྔོན་ལ་སློབ་མྱོང་བས་རང་ལ་སྣང་ཆེན་དང་། གཞན་ལ་སྣང་ཆུང་གི་བློ་སྐྱེས་ཏེ། ཤེས་བྱ་སྦྱངས་འདོད་དང་སེམས་ཤུགས་ཆེར་བསྐྱེད་ཀྱི་བརྩོན་སེམས་དེ་ཉམས་འགྲོ་བ་བཅས་སློབ་ཁྲིད་སྐབས་སུ་བློ་རིག་མི་སྒྲིམ་པ་དང་། སློབ་སྦྱོང་ལ་ནན་ཏན་མི་བྱེད་པའི་གོམས་གཤིས་ངན་པ་བྱུང་ནས།  ལོ་རིམ་འཕུར་བའི་གོ་རིམ་ནང་སློབ་སྦྱོང་གི་འདུན་པ་ཇེ་ཞན་ནས་ཇེ་ཞན་དུ་གྱུར་འགྲོ་བ་རེད་ཅེས་བསྟན་ཡོད་པ་རེད།

4.བུ་བཅོལ་ཁང་གི་སྤྲོ་སྐྱིད་ལྡན་པའི་བྱིས་དུས་སླར་གསོ་བྱེད་དགོས།  

ཁྱིམ་བདག་སོ་སོའི་སེམས་ན‘རྨང་གཞི་ལ་བཟུང་བའི་ཚད་ཐིག’ཅིག་ཡོད་པ་རེད། ནན་ཉིང་གྲོང་ཁྱེར་གྱི་སློབ་ཆུང་དང་པོའི་དགེ་རྒན་གྱིས་གྲོགས་ཚོམས་སུ་སློབ་གསོ་པུའུ་ཡི་བརྡ་སྦྱོར་བཀྲམས་རྗེས།  མྱོང་ཚོར་འདི་འདྲ་ཞིག་བརྗོད་འདུག   ཁོས་བསམ་ན།  བུ་བཅོལ་ཁང་སློབ་ཆུང་ཅན་དུ་འགྱུར་བའི་གནད་དོན་གྱི་རྩ་བ་དེ་གཙོ་བོ་ཁྱིམ་བདག་གི་ཁེ་ཕན་ཤས་ཆེ་བའི་སློབ་གསོ་ལྟ་སྟངས་ལ་རག་ལས་ཡོད་ཅེས་འདོད།  

རྨང་གཞིའི་ཚད་ཐིག་སྐོར་ཀྱི་གླེང་ཕྱོགས་དེ་སློབ་གསོ་ལས་རིགས་ཁྲོད་སྔ་མོ་ནས་བྱུང་མྱོང་བ་ཞིག་རེད། མི་ཚེ་ནི་གོ་རིམ་རེ་རེ་བརྒྱུད་ནས་ཡོང་དགོས་པ་ཞིག་ལས། ཁྱོད་ཕམ་ང་རྒྱལ་གྱི་འགྲན་རྩོད་ཁོ་ན་སྙེག་དགོས་པ་ཞིག་མ་ཡིན་པས། གཅིག་གྱུར་གྱི“རྨང་གཞིའི་ཚད་ཐིག”ཅིག་རྩ་བ་ནས་ཡོད་པ་མ་རེད།   སློབ་གསོའི་ངོ་བོ་ནི་བྱིས་པའི་ལྷན་སྐྱེས་རིག་སྟོབས་ལ་བརྩི་འཇོག་དང་། དེ་ལ་དེ་བསྟུན་གྱིས་སློབ་གསོ་གཏང་དགོས་པ་ཞིག་ཡིན་པས།  སོ་སོའི་དགའ་ཕྱོགས་ལ་བལྟས་ཏེ་བྱིས་བློ་སྐྱེད་སྲིང་དང་། བྱིས་པའི་སེམས་སུ་རང་ཉིད་གཞན་དང་བསྡུར་བ་མེད་པའི་མི་ཡ་རབས་ཤིག་ཞིག་བྱེད་དུ་འཇུག་རྒྱུ་དེ་རེད།

ནན་ཉིང་གྲོང་ཁྱེར་གྱི་ཝུའུ་ཞང་ཆུས་གསར་པའི་ཚོད་ལྟའི་སློབ་ཆུང་དང་པོའི་སློབ་གཙོ་ཧུང་ཧྲི་ཀྲུང་གིས་འདི་སྐད།  སློབ་མའི་ཁྱིམ་བདག་དང་། བུ་བཅོལ་ཁང་། བུ་བཅོལ་ཟབ་སྦྱོང་ལས་ཁུངས་ཀྱིས་བསམ་བློའི་ཐོག་ནས་བྱིས་དུས་ཀྱི་འཚར་ལོངས་ལ་མཐོང་ཆེན་པོ་བྱེད་དགོས།  བྱ་སྤྱོད་ཐོག་ནས་བྱིས་དུས་ལ་སྲུང་སྐྱོང་གང་ལེགས་བྱས་ནས་བྱིས་པའི་འཚར་ལོངས་ཁྲོད་འཇའ་ཚོན་བཀྲ་བའི་བྱིས་དུས་ཀྱི་འཇིག་རྟེན་དེ་ཡོད་དུ་འཇུག་དགོས། གཅིག་ནི་བུ་བཅོལ་ཁང་གིས་ངེས་པར་དུ་རོལ་རྩེད་སྣ་ཚོགས་ཀྱི་ཁོར་ཡུག་བསྐྲུན་དགོས། གཉིས་ནས་བྱིས་པའི་བར་བརྩེ་རེས་བྱེད་དུ་བཅུག་ཏེ། རྩེད་གྲོགས་ཕན་ཚུན་བར་རོགས་རེས་ཀྱི་སྤྲོ་བའི་ཁྲོད་ནས་འཚར་ལོངས་བྱུང་དུ་འཇུག་དགོས།  གསུམ་ནི་བྱིས་པ་རྩེད་ཞོར་དུ་སློབ་སྦྱོང་བྱེད་པ་མཐའ་གཅིག་ཏུ་གློད་དགོས།  བཞི་ནི་བུ་བཅོལ་ཁང་དང་བུ་བཅོལ་ཟབ་སྦྱོང་ལས་ཁུངས་ཀྱི“སློབ་ཆུང་ཅན་འགྱུར”གྱི་བྱ་སྤྱོད་དེ་གཏན་འགོག་བྱ་དགོས་ཞེས་རེ་བ་བཞི་བཏོན་འདུག

ཀོང་ཞི་བུ་བཅོལ་སློབ་གསོའི་ཆེད་མཁས་པ། ཀོང་ཞི་བུ་བཅོལ་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་དགེ་རྒན་ཆེན་མོ་ལི་ཡན་གྱིས།  སློབ་གསོ་པུའུ་ཡིས་བུ་བཅོལ་ཁང“སློབ་ཆུང་ཅན་འགྱུར”ལ་ཆེད་དོན་དག་ཐེར་བྱེད་པ་དེས།  བུ་བཅོལ་ཁང་དང་། སྤྱི་ཚོགས་ཀྱི་ཟབ་སྦྱོང་ལས་ཁུངས་ལ་རེ་བ་ནན་མོ་བཏོན་ཡོད་པས་མི་ཚད།  སློབ་ཆུང་གི“རྨང་གཞི་མེད་པའི”སློབ་བསྡུ་དང་། “རྨང་གཞི་ཐོག་མ་འཇོག་པའི”སློབ་འཁྲིད་སོགས་ལ་བླང་བྱ་གསལ་བོ་བཏོན་ཡོད་པས།  གནད་དོན་འདི་ཁ་ཚ་དགོས་གཏུག་ཏུ་གྱུར་ནས་འདི་ལྟར་ཐག་གཅོད་མི་བྱེད་རང་བྱེད་དུ་སོང་ཡོད་ཟེར།


 ལོ་ཙཱ་བ། ཁོན་ཐར་འཚོ།