མཚོ་སྔོན་པོའི་མཐའ་འཁོར་དུ་ཡོད་པའི་དགོ་དམར་གྱི་གྲངས་འབོར་སྟོང་གཉིས་ལ་སླེབས་ཡོད་པ།

 

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ནགས་ལས་ཐིང་ནས་ཤེས་གསལ་ལྟར་ན། ལོ་དུ་མའི་རིང་ལ་སྲུང་སྐྱོབ་བྱེད་ཐབས་ཕན་ལྡན་སྤྱད་པ་བརྒྱུད། རང་ཞིང་གི་མཚོ་སྔོན་པོའི་མཐའ་འཁོར་གྱི་དགོ་དམར་གྱི་འཚོ་གནས་ཁོར་ཡུག་ཡང་རིམ་བཞིན་ཇེ་ལེགས་སུ་སོང་ནས་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པའི་ཁ་གྲངས་སུམ་བརྒྱ་ལས་མེད་པ་དེ་ད་སྔ་སྟོང་གཉིས་ལྷག་ལ་སླེབས་ཡོད་པ་དང་།  དགོ་དམར་འཚོ་སྡོད་བྱེད་ཡུལ་ཡང་སྔོན་ཆད་ཀྱི་བདུན་ནས་བཅུ་གཅིག་ལ་ཁྱབ་ཡོད་པ་རེད།

ད་ཆ། མཚོ་སྔོན་པོའི་མཐའ་འཁོར་གྱི་དགོ་མའི་དགོ་ཕྲུག་བཙའ་བའི་དུས་ལ་སླེབས་ཡོད་ཅིང་། བདེ་འཇགས་ལ་ཁག་ཐེག་བྱ་ཆེད། ཞིང་ཆེན་ནགས་ལས་ཐིང་གིས་ཉེ་ལམ་མཚོ་བྱང་དང་། མཚོ་ནུབ། མཚོ་ལྷོ་སོགས་ནགས་ལས་སྡེ་ཚན་དང་མཉམ་འབྲེལ་ཐོག་ཞིབ་བཤེར་ཚན་ཆུང་བཙུགས་ཏེ།  མདའ་གཞི ། རྐང་རྩ།  ཐེམ་ཆེན།  གསེར་ཆེན་བཅས་རྫོང་བཞི་དང་། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དགོ་དམར་ནད་བཅོས་སྲུང་སྐྱོབ་ལྟེ་གནས་བཅས་སུ་ཕྱིན་ནས་དགོ་སྲུང་སྐྱོབ་དོ་དམ་ཐད་ནས་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས།  ཞིབ་བཤེར་གནས་ཚུལ་ལ་བལྟས་ན།  དགོ་དམར་སྲུང་སྐྱོབ་ཁུལ་དུ་རྫོང་ཁག་སོ་སོས་ལྕགས་དྲ་ཇེ་དམའ་དང་ལྕགས་འཛེར་མེད་པར་བཏང་ཡོད་ལ། དུང་ཆུ་གསར་བཟོ་དང་དགོ་ཁྱུར་འགྲོ་ལམ་བཏོད་པ་སོགས་ཀྱི་བྱེད་ཐབས་སྤྱད་ཡོད་པས།  དགོ་ཡི་འཚོ་གནས་དང་འགྲོ་འོང་། འཐུང་ཆུ་ལ་སོགས་ཀྱི་གནད་དོན་ཐོག་མར་ཐག་གཅོད་ཡག་པོ་བྱས་འདུག་ལ།  དགོ་དམར་ལྟ་སྐྱོང་མཁན་དང་དགོ་དམར་ཡོད་སའི་རྩྭ་ཐང་དུ་ཆགས་པའི་འབྲོག་ཁྱིམ་བར་ལ་ལྟ་སྐྱོང་གི་གན་རྒྱ་བཞག་སྟེ།  ལྟ་སྐྱོང་ལས་ཀ་དང་མ་དངུལ་གཤམ་སྤྲོད། ཆད་པ་དང་བྱ་དགའ་བཅས་ཕན་ཚུན་ཟུང་དུ་སྦྲེལ་ནས་དགོ་དམར་ལྟ་སྐུལ་དང་ཚད་ལེན་གྱི་སྐོར་ཞིབ་སྲུང་སྐྱོབ་ལས་ཀ་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་ཡོད་པ་རེད།

མཚོ་སྔོན་པོའི་མཐའ་འཁོར་ནི་དགོ་དམར་གྱི་འཚོ་གནས་ཡིན་ན་ཡང་རིགས་ཁྱུའི་གྲངས་ཀ་ཧ་ཅང་ཉུང་བས། དགོ་ཁྱུ་མང་པོ་འགུལ་སྐྱོད་བྱེད་པའི་རྣམ་པ་ཤིན་ཏུ་མཐོང་དཀོན། ན་ནིང་གི་ཟླ་བཅུ་པའི་ནང་།  མཚོ་སྔོན་སྣོད་བཅུད་ཀྱི་སྒེའུ་ཁུང་དུ་གྲགས་པའི་རྐང་རྩ་རྫོང་དཔལ་དགེ་ལྟ་ཞིབ་ཚད་ལེན་ས་ཚིགས་ནས་དུས་ཐོག་ཚད་ལེན་བྱུང་བའི་དགོ་གྲངས་ཉིས་རྒྱ་ཉི་ཤུ་ལྷག་ཡོད་པ་རེད།  བརྙན་ལམ་གྱི་ལྟ་སྐུལ་ཚོད་འཛིན་བྱས་པ་ལས།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་རྩ་རྫོང་དཔལ་དགེ་ལྟ་ཞིབ་ཚད་ལེན་ས་ཚིགས་དང་བར་ཐག་ལེ་དབར་གསུམ་ཙམ་དུ་ཡོད་པའི་ལུང་ཁུལ་དུ།  ལན་རེར་དགོ་ཁྱུས་རྩྭ་ཟ་བ་དང་། ལན་རེར་མཆོང་ལྡིང་ངང་རྩེད་ཞོགས་རྒྱག་གིན་པའི་བག་ཕེབས་ལྷོད་ཡངས་ཀྱི་རྣམ་པ་ཡང་མཐོང་ཐུབ།  ལས་མིས་བརྙན་ཕབ་ངོས་བཅད་ཀྱི་རྒྱུ་ཆར་བལྟས་པ་ན།  ཆུ་ཚོད་གསུམ་ནང་དགོ་ཁྱུ་ཉིས་བརྒྱ་དྲུག་ཅུ་ལྷག་བརྙན་ཆས་ཀྱི་ཕབ་ལེན་ཁྱབ་ཁོངས་སུ་ཚུད་ཡོད་པས།  དེ་ལས་དགོ་དམར་སྲུང་སྐྱོབ་ལ་ཤུགས་བརྒྱབ་ཅིང་། མཚོ་སྔོན་པོའི་མཐའ་འཁོར་གྱི་སྣོད་བཅུད་ཁོར་ཡུག་ཇེ་ལེགས་སུ་སོང་བར་བསྟུན་ནས་དགོ་བའི་གྲངས་འབོར་ཡང་སྔ་ལས་ཇེ་མང་དུ་སོང་ཡོད་པ་ཤེས་ཐུབ།

ཞིང་ཆེན་ནགས་ལས་ཐིང་གིས་མཚོ་སྔོན་པོའི་མཐའ་འཁོར་གྱི་རྫོང་ཁག་སོ་སོས་སྐོར་ཞིབ་ལྟ་ཞིབ་དང་ཚད་ལེན་གྱི་དྲིལ་སྒྲོག་ལ་མུ་མཐུད་ནས་ཤུགས་བཏོན་ཏེ།  དགོ་བ་ཡོད་སའི་ས་གནས་སུ་དམངས་ཡོངས་ཀྱིས་དགོ་བའི་སྲུང་སྐྱོབ་ཁུར་ལེན་བྱེད་པའི་རྣམ་པ་ཆགས་རྒྱུར་བརྩོན་དགོས་ལ།  དགོ་ཕྲུག་མ་བཙས་ཡར་སྔོན་གྱི་སྲུང་སྐྱོབ་དང་། དགོ་ཕྲུག་ལ་འཚེ་བའི་རྒྱུ་རྐྱེན་བཀག་ནས་དགོ་ཁྱུའི་གྲངས་ཀ་ཇེ་མང་དུ་གཏང་བར་འགན་ལེན་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

དགོ་དམར་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་བྱ་ཡུལ་གྱི་རི་དྭགས་ཤིག་ཡིན་ཞིང་། ཀྲུང་གོར་མ་གཏོགས་མེད་པའི་ཉམས་ཉེན་ཆེ་བའི་སྲོག་ཆགས་རྩ་ཆེ་རིགས་ཤིག་རེད།  སྔོན་ནང་སོག་དང་། ཉིང་ཞ།  ཀན་སུའུ། མཚོ་སྔོན་སོགས་སུ་འཚོ།  མིའི་རིགས་ཀྱི་འགུལ་སྐྱོད་ཆེན་པོས་དགོ་དམར་གྱི་འཚོ་གནས་ལ་གཏོར་བརླགས་ཐེབས་པས་གྲངས་འབོར་ཇེ་ཉུང་དང་འཚོ་གནས་ཁྱབ་ཁོངས་ཇེ་ཆུང་དུ་སོང་།  ད་ཆ་དགོ་དམར་འཚོ་གནས་ཀྱི་ཡུལ་གཙོ་བོ་ནི་མཚོ་སྔོན་པོའི་མཐའ་འཁོར་ཡིན་ལ། ཉེ་བའི་ལོ་འདི་འགའི་ནང་།  སྲུང་སྐྱོབ་ལེགས་པོ་དང་སྣོད་བཅུད་ལེགས་བཅོས་བྱས་པ་དང་བསྟུན་ཏེ། དགོ་དམར་གྱི་ཁ་གྲངས་དེ2003ལོའི200ཙམ་ལས་ཟིན་ཐུབ་ཀྱི་མེད་པ་ནས་ཇེ་མང་དུ་འཕེལ་ཏེ། གཞུང་ཕྱོགས་ཀྱི་ལྟ་སྐུལ་ཚད་ལེན་བྱས་པའི་དགོ་གྲངས2000ལྷག་ལ་བསླེབས་ཡོད་པ་རེད། དེ་ནི་དགོ་ཁྱུ་ལ་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་གྲངས་འབོར་ཆེས་མཐོ་ཤོས་དེ་རེད་ལ་ལོ་རྒྱུས་ཐོག་གི་གྲངས་འབོར་ཆེས་མང་ཤོས་དེ་ཡང་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།