མཚོ་སྔོན་པོའི་བདག་དོམ་ལས་ཁུངས་ཀྱི་ཕྱོགས་ནས། ཡུལ་སྐོར་པས་མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོབ་ཁུལ་ནས་ཁྲིམས་འགལ་སྒྲིག་འགལ་གྱི་ལྟ་སྐོར་དང་པར་ལེན་སོགས་ཀྱི་བྱ་སྤྱོད་སྤེལ་མི་ཆོག་པའི་དམ་རྒྱ་བསྒྲགས་འདུག

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱིས། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་དུ་ཁྲིམས་འགལ་སྒྲིག་འགལ་གྱི་ངང་ནས་ལྟ་སྐོར་དང་། པར་ལེན་པ་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པའི་བརྡ་ཐོ་བཀྲམས་ལ།  དེ་ནི་གཙོ་བོ་མིས་འགུལ་སྐྱོད་ཐལ་དྲགས་པོ་ཡིས་སྣོད་བཅུད་ལ་གཏོར་བརླགས་ཆེན་པོ་ཐེབས་པར་དོགས་ནས་སྤེལ་བ་ཞིག་རེད།

ཤེས་གསལ་ལྟར་ན། ཉེ་དུས་ཡུལ་སྐོར་ལས་དོན་ཁང་དང་། གཉེན་སྒྲིག་པར་ལེན་ཁང་།  སྒེར་འཁོར་སྐོར་བའི་ཡུལ་སྐོར་པ་བཅས་རང་སྣང་གང་དྲན་བྱེད་མཁན་སྐོར་ཞིག་གིས་མཚོ་སྔོན་པོའི་བསྐོར་ལམ་ལས་ཤར་ལམ་རྒྱུད་དུ་ཡོད་པའི་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནང་དུ་སོང་ནས།  ཤར་ངོགས་ཀྱི་བྱེ་ས་སྲུང་སྐྱོབ་ཁུལ་དང་། སྣོད་བཅུད་སླར་གསོ་ལས་གཞི་ལག་བསྟར་ཁུལ་ཀྱི་སྣོད་བཅུད་ཁོར་ཡུག་ལ་གཏོར་བརླགས་ཚད་ངེས་ཅན་བཏང་ཡོད་པ་མ་ཟད།  མཚོ་སྔོན་པོའི་མཐའ་འཁོར་གྱི་ཕྱོགས་བསྡུས་དག་ཐེར་བྱས་པའི་གྲུབ་འབྲས་ལ་ཡང་ཤུགས་རྐྱེན་ངན་པ་བཟོས་ཡོད་པ་རེད།   མཚོ་སྔོན་པོའི་ཁོར་ཡུག་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་དང་། ཡུལ་སྐོར་པའི་བདེ་འཇགས་ལ་འགན་སྲུང་།  མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དག་ཐེར་གྱི་ཕན་འབྲས་སྲུང་སྐྱོང་བཅས་བྱ་ཆེད།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་སྐོར་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྲོལ་ཡིག》《མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་སྟེ། མཚོ་སྔོན་པོ་བསྐོར་བའི་གཞུང་ལམ་རྒྱུད་ཀྱི་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནང་དུ་ཁྲིམས་འགལ་སྒྲིག་འགལ་གྱིས་ལྟ་སྐོར་དང་། པར་ལེན་པ་སོགས་ཀྱི་བྱེད་སྒོ་གཏན་ནས་སྤེལ་མི་ཆོག་པའི་བརྡ་ཐོ་དམིགས་སུ་བཀྲམས་པ་རེད།

བརྡ་ཐོའི་ནང་དུ།  མི་སྒེར་དང་རྒྱ་ཆེའི་སྒེར་འཁོར་བསྐོར་བའི་ཡུལ་སྐོར་པ་དག་ཕྱུགས་ལམ་བརྒྱུད་གང་འདོད་དུ་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་གནས་ཁུལ་དང་། གནས་སྐབས་ལེགས་བཅོས་ཁུལ་དུ་བསྐྱོད་ཅིང་། བཀག་སྡོམ་བསླབ་བྱར་མི་ཉན་པར་ལྕགས་དྲྭ་དང་གསལ་བཤད་འགེལ་བྱང་སོགས་སྒྲིག་ཆས་བརླགས་པར་བཅའ་ཁྲིམས་ལྟར་ཐག་གཅོག་ནན་མོ་བྱ་དགོས།    ཡུལ་སྐོར་ལས་དོན་ཁང་དང་སྣེ་ཤན་པས་མཚོ་བསྐོར་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་ཏུ་བཞག་མེད་པའི་ལྗོངས་ཁུལ་ལམ་ཐིག་ཏུ་འཇོག་མི་ཆོག་པ་དང་། ཡུལ་སྐོར་ལས་དོན་ཁང་རྣམས་ཀྱིས་སྣེ་ཤན་པར་དོ་དམ་ཡག་པོ་བྱས་ཏེ།  སྣེ་ཤན་པས་ཕྱུགས་ལམ་བརྒྱུད་རང་བྱུང་སྲུང་སྐྱོབ་ཁུལ་ནང་དུ་ཡུལ་སྐོར་པ་འཁྲིད་ཡོང་བར་གཏན་འགོག་བྱ་དགོས།  ཁྲིམས་འགལ་སྒྲིག་འགལ་ཐོག་ཡུལ་སྐོར་པར་སྣེ་ཁྲིད་པ་ཤེས་ཚེ། ལམ་སང་ཡུལ་དངོས་ནས་གློག་རྡུལ་ཁྲིམས་བསྟར་གྱི་ཞིབ་བཤེར་བྱང་བུ་བཟོས་ནས་འབྲེལ་ཡོད་ཆད་པ་དང་མིང་ཐོ་སྣེ་ཤན་དོ་དམ་མ་ལག་ནང་འགོད་རྒྱུ།   གཉེན་སྒྲིག་པར་ལེན་ཁང་གིས་གང་འདོད་དུ་རང་བྱུང་སྲུང་སྐྱོབ་ཁུལ་ནང་དུ་པར་ལེན་མི་ཆོག་པ་དང་། གལ་ཏེ་བསླབ་བྱ་ལ་མི་ཉན་ཞིང་། ཁོར་ཡུག་བརླགས་ནས་ཡུལ་སྐོར་པའི་སྒྲིག་ལམ་གཏོར་མཁན་ཡོད་ན། དེ་ལ་ཁྲིམས་བཞིན་དུ་འབྲེལ་ཡོད་ལས་ཁུངས་དང་མི་སྣའི་འགན་འཁྲི་བདའ་འདེད་བྱ་རྒྱུ་སྐོར་བཀོད་འདུག །

མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཡུལ་སྐོར་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲེན་ཏེ་ཧུའེ་ཡིས་འདི་སྐད།  ཐེངས་འདིའི་བརྡ་ཐོས་རྒྱ་ཆེའི་ཡུལ་སྐོར་པ་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་ཁྲིམས་ལུགས་བརྩི་སྲུང་གི་འདུ་ཤེས་ཇེ་ཆེར་གཏོང་བར་འབོད་སྐུལ་དང་། མཚོ་སྔོན་པོའི་ལྗོངས་ཁུལ་ལ་བརྟེན་ནས་ཁེ་ཕན་གཉེར་མཁན་གྱི་ཡུལ་སྐོར་ཁེ་ལས་དང་གཉེན་སྒྲིག་པར་ལེན་ཁང་གིས་རང་རྟོགས་ཀྱིས་ལྗོངས་ཁུལ་གྱི་དོ་དམ་ལ་གུང་བཀུར་བྱས་ཏེ།  ཁྲིམས་འགལ་གྱི་གཉེར་སྐྱོང་བྱེད་སྒོར་ཁེ་ཕན་དང་ཁྲོམ་ར་འདོན་སྤྲོད་མི་བྱེད་པར། མཉམ་གཅིག་ཏུ་མཚོ་སྔོན་པོའི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་དང་ཡུལ་སྐོར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་ཡུལ་སྐོར་སྣང་བརྙན་འགན་སྲུང་ལེགས་པོར་བྱེད་དགོས་པར་འབོད་སྐུལ་བཏང་ཡོད་ཟེར།

ལོ་ཙཱ་བ། ཁོན་ཐར་འཚོ།