ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་དང་པོར་ཕྱོགས་གསུམ་པར་མངག་བཅོལ་གྱིས་བཅའ་ཁྲིམས་བཟོས་པར་དཔྱད་དཔོག་བྱས་པ།

                                                                                                                                                                                                   

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས8ཉིན་ལ། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཁྲིམས་རིག་སློབ་གླིང་ལ་མངག་བཅོལ་བྱས་ནས་ཁྲིམས་བཟོས་རྗེས་ཀྱི་དཔྱད་དཔོག་བྱེད་འགོ་ཚུགས་པའི་མཛད་སྒོ་ཟི་ལིང་དུ་སྤེལ་བ་དང་། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་མཱ་ཝེ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་པ་རེད།

མཱ་ཝེ་ཡིས་བསྟན་དོན། ཁྲིམས་བཟོས་པར་དཔྱད་དཔོག་བྱས་པ་དེ་ནི“བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྟག་དཔྱད་བྱེད་པ”དང་།“བཅའ་ཁྲིམས་ཀྱིས་ཕྱིར་ལྟ་བྱེད་པའི”ལས་རིམ་ཞིག་ཡིན་ལ། ཕྱོགས་གསུམ་པར་མངག་བཅོལ་གྱིས་ཁྲིམས་བཟོ་ལ་དཔྱད་དཔོག་བྱས་པ་ནི་མུ་མཐུད་དུ་དུས་རབས་གསར་པའི་གནས་བབ་གསར་པ་དང་ལས་འགན་གསར་པས་ས་གནས་ཁྲིམས་འཛུགས་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་དང་མཐུན་ཞིང་།  ཁྲིམས་འཛུགས་ལས་ཀའི་ལམ་སྲོལ་ལ་གསར་གཏོད་དང་། ཚན་རིག་དང་དམངས་གཙོའི་སྒོ་ནས་ཁྲིམས་ལྟར་ཁྲིམས་བཟོ་པར་སྐུལ་འདེད་གཏོང་བ།ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། “སྤུས་ལེགས་གཅིག་དང་མཐོ་བ་གཉིས” ཀྱི་འཐབ་ཇུས་སྒྲིག་བཀོད་བཅས་ཀྱི་ཐད་ལ་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་མཁོ་འདོན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད།

མཱ་ཝེ་ཡིས་བསྟན་དོན།  ཁྲིམས་བཟོས་རྗེས་ཀྱི་དཔྱད་དཔོག་ལས་དོན་གྱིས་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བསམ་བློར་དོན་འཁྱོལ་དང་། མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་བླང་བྱ་གསར་པར་དམིགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཁྲིམས་སྲོལ་དག་ཐེར་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ལས་དོན་དཔྱད་དཔོག་བྱེད་སྐབས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཁྲིམས་རིག་སློབ་གླིང་གི་རིགས་གཞུང་ཞིབ་འཇུག་དང་། རིག་ཚན་འཛུགས་སྐྱོང་ཐད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ།  སློབ་གསོའི་སློབ་ཁྲིད་དང་ཁྲིམས་འཛུགས་གཉིས་ཟུང་འབྲེལ་བྱས་ནས་དོན་དངོས་དྲང་གཞག་ངང་ཁྲིམས་སྲོལ་གྱི་ལམ་ལུགས་ཇུས་འགོད་དང་། ལག་བསྟར་གྲུབ་འབྲས་དང་གནས་པའི་གནད་དོན་ལ་བརྟག་དཔྱད་དབྱེ་ཞིབ་དང་གདེང་འཇོག་བྱས་པ་དང་།  ཕྱི་རོལ་ཡུལ་གྱི་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་བྱེད་པའམ་ཡང་ན་མེད་པར་བཟོ་དགོས་པའི་གྲོས་འགོ་བཏོན་ཏེ།  རྗེས་ཕྱོགས་ཁྲིམས་འཛུགས་དཔྱད་དཔོག་ལས་དོན་སྤེལ་བར་ཆ་རྐྱེན་བསྐྲུན་ནས་ཉམས་མྱོང་གསོག་འཇོག་བྱ་དགོས་པའི་རེ་བ་བཏོན།  མཱ་ཝེ་ཡིས་ད་དུང་མུ་མཐུད་དུ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བསམ་བློའི་ངོས་འཛིན་ཇེ་མཐོར་བཏང་སྟེ།  འཆར་གཞི་ནན་ཏན་བཟོས་ནས་དཔྱད་དཔོག་ཕན་འབྲས་དངོས་ལ་དོ་སྣང་དང་།  ལས་ཀའི་དོན་དངོས་ལ་གཞི་བཅོལ་ནས་རྟོག་ཞིབ་ཞིབ་འཇུག་བྱ་དགོས། ཕྱོགས་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་ནས་ཞབས་ཞུའི་འགན་སྲུང་ལེགས་པར་བསྒྲུབ་དགོས་བཅས་ཕྱོགས་བཞིའི་ཐད་ནས་དཔྱད་དཔོག་ལས་དོན་ལ་བླང་བྱ་ཞིབ་ཕྲ་བཏོན་ཡོད་པ་རེད།ལོ


ལོ་ཙཱ་བ། གཡང་སྐྱིད།