མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་རོགས་སྐྱོར་སྲིད་ཇུས་བཅུ་གཅིག

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཉེ་བའི་ལོ་འདི་འགའི་རིང་ལ།  རྒྱལ་ཁབ་དང་རང་ཞིང་གིས་སློབ་གསོའི་རོགས་སྐྱོར་སྲིད་ཇུས་བྱེད་ཐབས་མུ་མཐུད་དུ་བཏོན་ཏེ།   གྲ་སྒྲིག་སློབ་གསོ་ནས་ཞིབ་འཇུག་སློབ་མའི་སློབ་གསོ་བར་གྱི་སློབ་མའི་རོགས་སྐྱོར་སྲིད་ཇུས་མ་ལག་བཙུགས་ནས་ཁྱབ་གདལ་དུ་བཏང་།   གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན།    ད་སྔ་རང་ཞིང་ལ་མཐོ་རིམ་སློབ་གསོའི་དུས་རིམ་ནང་གི་རོགས་སྐྱོར་སྲིད་ཇུས་བསྡོམས་པས11ཡོད་པ་དང་།  ལམ་ལུགས་ཀྱི་ངོས་ནས་འབྱོར་བ་ཞན་པའི་དབང་གིས་སློབ་གྲྭར་ཞུགས་མི་ཐུབ་པའི་སློབ་མ་མི་བྱུང་བར་འགན་ལེན་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ།

མཐོ་རིམ་སློབ་གླིང་དཀྱུས་མའི་ལོ་རིམ་གཉིས་པའི་ཡན(ལོ་རིམ་གཉིས་པ་ནང་དུ་འདུ)ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞི་ཆེད་སྦྱོང(མཐོ་རིམ་ལས་རིགས་དང་ཤེས་རམས་པའི་ཡོན་གནས་གཉིས་པ)དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ། སློབ་གྲྭའི་སྐབས་སུ་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པ།  སྤྱི་ཚོགས་ལག་ལེན་དང་གསར་སྐྲུན་ནུས་པ།  ཕྱོགས་བསྡུས་བྱ་སྤྱོད་བཅས་ཕྱོགས་གང་ཅིའི་ཐད་ནས་མངོན་གསལ་ཡིན་པའི་དངོས་གཞི་དང་ཆེད་སྦྱོང་སློབ་མས་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རག་ཐུབ་ལ། དེར་ལོ་རེར་སློབ་མ་རེར་སྒོར8000ཡོད།   ཁྱད་དུ་འཕགས་པའི་ཕུལ་བྱུང་རབ་འབྱམས་ཞིབ་འཇུག་སློབ་མར་སློབ་མ་རེ་ལ་ལོ་རེར་སྒོར་ཁྲི2དང་།  འབུམ་རམས་པའི་སློབ་མ་རེ་ལ་ལོ་རེར་སྒོར་ཁྲི3རེ་ཡོད་པ་རེད།

རྒྱལ་ཁབ་ཀྱི་སྐུལ་ལྕག་བྱ་དགའི་དངུལ།

མཐོ་རིམ་སློབ་གླིང་དཀྱུས་མའི་ལོ་རིམ་གཉིས་པ་ཡན(ལོ་རིམ་གཉིས་པ་ནང་དུ་འདུ)གྱི་ཉིན་ཧྲིལ་པོ་ལམ་ལུགས་ཀྱི་དངོས་གཞི་ཆེད་སྦྱོང(མཐོ་རིམ་ལས་རིགས་དང་ཤེས་རམས་པའི་ཡོན་གནས་གཉིས་པ)དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ། སློབ་གྲྭའི་སྐབས་སུ་སློབ་སྦྱོང་གི་སྦྱངས་འབྲས་ལེགས་ལ།  ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པའི་སློབ་མས་རྒྱལ་ཁབ་ཀྱི་སྐུལ་ལྕག་བྱ་དགའི་དངུལ་རག་ཆོག  ལོ་རེར་སློབ་མ་རེར་སྒོར5000ཡོད།  རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་རྒྱལ་ཁབ་ཀྱི་སྐུལ་ལྕག་བྱ་དགའི་དངུལ་གཉིས་ལོ་གཅིག་ནང་སློབ་མ་གཅིག་ལ་མཉམ་གཅིག་ཏུ་གནང་མི་ཆོག

རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ།

དངོས་གཞིའི་མཐོ་རིམ་སློབ་གླིང་དཀྱུས་མ་དང་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ། མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་ཉིན་ཧྲིལ་པོ་ལམ་ལུགས་ཀྱི་དངོས་གཞི་ཆེད་སྦྱོང(མཐོ་རིམ་ལས་རིགས་དང་ཤེས་རམས་པའི་ཡོན་གནས་གཉིས་པ)གི་སློབ་གྲྭར་ཡོད་པའི་སློབ་མས་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་ལ་རེ་ཞུ་བྱས་ཆོག  ལོ་རེར་སློབ་མ་རེར་སྒོར3000ཡོད།  ལོ་གཅིག་གི་ནང་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་ལ་རེ་ཞུ་བྱས་ཏེ་ལོངས་སུ་སྤྱད་ཐུབ་པའི་སློབ་མས། རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་རྒྱལ་ཁབ་ཀྱི་སྐུལ་ལྕག་བྱ་དགའི་དངུལ་གང་རུང་ལ་རེ་ཞུ་བྱས་ཆོག    རྒྱལ་ཡོངས་མཐོ་རིམ་སློབ་གྲྭ་དཀྱུས་མས་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མ་བསྡུ་བའི་འཆར་འགོད་ནང་གི་ཉིན་ཧྲིལ་པོ་ལམ་ལུགས་ཀྱི་ཞིབ་འཇུག་སློབ་མ་ཡོངས་བསྡུ་རྒྱུ་རེད། (གླ་ཕོགས་ཀྱི་ཡོང་འབབ་གཏན་འཇགས་ཡིན་པ་ནང་དུ་མི་ཚུད)  རབ་འབྱམས་སློབ་མར་ལོ་རེར་སློབ་མ་རེར་སྒོར6000ཡན།  འབུམ་རམས་པའི་སློབ་མར་ལོ་རེར་སློབ་མ་རེར་སྒོར13000ཡན་ཡོད་པ་རེད།

ཡིད་རྟོན་སློབ་ཞུགས་དངུལ་བུན།

ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་དཀའ་ཁག་ཅན་གྱི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞི་ཆེད་སྦྱོང་སློབ་མས(མཐོ་རིམ་ལས་རིགས་སློབ་མ)། ཁྱིམ་ཐོ་ཡོད་སའི་རྫོང(གྲོང་ཁྱེར་དང་ཁུལ)གི་སློབ་མའི་རོགས་དངུལ་དོ་དམ་ལས་ཁུངས་ནས་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་རེ་ཞུ་བྱས་ཆོག  སློབ་མ་དང་ཁྱིམ་བདག་མཉམ་གྱིས་དངུལ་བུན་ལེན་དགོས་ལ་ཕྱིར་སྤྲོད་པའི་འགན་འཁྲི་ཡང་མཉམ་དུ་ཁུར་དགོས།  དངུལ་བུན་ལེན་མཁན་གྱི་སློབ་མའི་སློབ་གྲྭའི་སྐབས་ཀྱི་སྐྱེད་ཀ་ཡོངས་རྫོགས་ཞིང་ཆེན་ནོར་སྲིད་ཀྱིས་འགན་ལེན་དགོས་ལ།  དངུལ་བུན་ལེན་མཁན་གྱི་སློབ་མ་སློབ་མཐར་ཕྱིན་ནས་ཟླ་གཉིས་པ་ནས་བཟུང་སྟེ།  དངུལ་བུན་འཇལ་འགོ་རྩོམ་དགོས་ལ་དངུལ་བུན་ཆེས་རིང་ན་ཡང་ལོ20ནང་ནས་མ་རྩ་དང་སྐྱེད་ཀ་ཡོངས་སུ་འཇལ་ཚར་དགོས།  

མཐོ་རིམ་སློབ་གྲྭའི་སློབ་མའི་དམག་སྐུལ་དང་ལེན་བྱས་ནས་འོས་འགན་དམག་ཞབས་ཞུ་བའི་རྒྱལ་ཁབ་ཀྱི་རོགས་དངུལ།

རྒྱལ་ཁབ་ཀྱིས་དམག་སྐུལ་དང་ལེན་བྱས་ནས་འོས་འགན་དམག་ཞབས་ཞུ་བའི་མཐོ་རིམ་སློབ་གྲྭའི་སློབ་མ། དམག་ནང་དུ་ཞུགས་སྐབས་སྤྲད་པའི་སློབ་རིན་ཚང་མ་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་གྱི་ཚབ་སྤྲོད་ལག་བསྟར་བྱ་རྒྱུ།   དམག་སྐུལ་དང་ལེན་གྱིས་དམག་ནང་ཞུགས་པའི་མཐོ་རིམ་སློབ་གྲྭ་ནས་སློབ་སྦྱོང་བྱེད་བཞིན་པའི་སློབ་མར(རྒྱལ་ཁབ་ཀྱི་སློབ་བསྡུའི་གཏན་འབེབས་ལྟར་བསྡུས་པའི་མཐོ་རིམ་སློབ་གྲྭའི་སློབ་མ་གསར་པ་ཡང་ནང་དུ་འདུ)། དམག་ཞབས་དང་ལེན་སྐབས་སུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སློབ་ཁོངས་དང་སློབ་ཞུགས་ཐོབ་ཐང་སོར་བཞག་བྱས་ཆོག་ལ།  དམག་ཁོངས་ནས་བུད་རྗེས་རང་འདོད་ཀྱིས་བསྐྱར་སློབ་དང་སློབ་ཞུགས་བྱས་ཆོག   རྒྱལ་ཁབ་ཀྱིས་སློབ་ཡོན་ཇེ་ཉུང་དང་རིན་མེད་ལག་བསྟར་བྱ་རྒྱུ།   སློབ་རིན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་ཚབ་སྤྲོད།  སློབ་རིན་ཆག་ཡང་ཚད་གཞི་ལྟར་དངོས་གཞི་ཆེད་སྦྱོང་མ་རེར་ལོ་རེར་སྒོར8000ལས་བརྒལ་མི་རུང་།

དམག་ཁོངས་ནས་བུད་པའི་དམག་མིའི་སློབ་གསོའི་རོགས་དངུལ།    

དམག་ཁོངས་ནས་བུད་ནས་ལོ་གཅིག་གི་ཡན་ཆོད་ནས། ཉིན་ཧྲིལ་པོ་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭར་རྒྱུགས་འཕྲོད་པའི་རང་བརྟེན་ལས་འཚོལ་བྱེད་པའི་དམག་ཁོངས་ནས་བུད་པའི་དམག་མིའི་སློབ་གསོའི་རོགས་དངུལ།   གཅིག   སློབ་རིན་རོགས་དངུལ།  གཉིས།  ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པའི་དམག་ཁོངས་ནས་བུད་པའི་སློབ་མའི་འཚོ་བའི་རོགས་དངུལ།   གསུམ།  བྱ་དགའི་རོགས་དངུལ་གཞན་པ།     སློབ་རིན་གྱི་རོགས་དངུལ་ཚད་གཞི་དེ།  ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་སྒྲིག་བཟོ་གཏན་འབེབས་བྱས་པའི་སློབ་རིན་གྱི་ཚད་གཞི་ལྟར།  སློབ་མ་རེར་ལོ་རེར་ཆེས་མཐོ་ན་ཡང་སྒོར8000ལས་བརྒལ་མི་རུང་།    འཚོ་བའི་འགྲོ་སོང་དང་བྱ་དགའི་རོགས་དངུལ་གཞན་པའི་ཚད་གཞི་དེ།  རྒྱལ་ཁབ་ཀྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་མཐོ་རིམ་སློབ་མའི་རོགས་དངུལ་སྲིད་ཇུས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།

ཐད་ཀར་ཆེད་ལས་དམག་མི་བསྡུ་བའི་སློབ་རིན་ཁ་གསབ་དང་དངུལ་བུན་ཚབ་སྤྲོད།

ཐད་ཀར་ཆེད་ལས་དམག་མི་བསྡུས་པའི་མཐོ་རིམ་སློབ་གྲྭའི་སློབ་མ།  དམག་ནང་དུ་ཞུགས་སྐབས་སྤྲད་པའི་སློབ་རིན་ཚང་མ་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་གྱི་ཚབ་སྤྲོད་ལག་བསྟར་བྱ་རྒྱུ།    ཁ་གསབ་ཚབ་སྤྲོད་གྲོན་དངུལ་མཐར་ཕྱིན་སློབ་མའི་སློབ་གྲྭའི་སྐབས་སུ་ལོ་རེ་བཞིན་སྤྲད་པའི་སློབ་རིན་དང་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་ལྟར་གཏན་འཁེལ་བྱ་རྒྱུ།  སློབ་མ་རེར་ལོ་རེར་སྒོར8000ལས་བརྒལ་མི་རུང་།

ལས་བརྩོན་སློབ་རོགས།

སློབ་གྲྭ་ནས་སློབ་ཞུགས་རོགས་སྐྱོར་ལས་གནས་བཙུགས་ཏེ།  སློབ་མ་ཚོར་སློབ་ཕྱིའི་རོགས་སྐྱོར་ལས་ཞུགས་ཀྱི་གོ་སྐབས་འདོན་སྤྲོད་བྱེད་པ།  ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་དཀའ་ཁག་ཅན་གྱི་སློབ་མར་སྔོན་ལ་བསམ་བློ་གཏོང་ངེས།  སློབ་མའི་ལས་ཞུགས་དུས་ཚོད་གཟའ་འཁོར་རེར་དུས་ཚོད8ལས་བརྒལ་མི་རུང་ལ།ཟླ་རེར་དུས་ཚོད40ལས་བརྒལ་མི་རུང་།  ངལ་རྩོད་གླ་ཕོགས་དེ་རྩ་དོན་སྟེང་ནས། ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་གཏན་འབེབས་བྱས་པའི་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་གཞི་དང་སྡོད་དམངས་ཀྱི་ཆེས་དམའ་བའི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ལས་དམའ་མི་རུང་།

དཀའ་སེལ་རྒྱུ་ལམ།

ཉིན་ཧྲིལ་པོ་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མས“དཀའ་སེལ་རྒྱུ་ལམ”བཙུགས་ཏེ། སློབ་བསྡུའི་དཔང་ཡིག་ཐོབ་ཡོད་ཀྱང་སློབ་རིན་སྤྲོད་མི་ཐུབ་པའི་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་དཀའ་ཁག་ཅན་གྱི་སློབ་མ་གསར་པས། སྔོན་ལ་སློབ་ཞུགས་ཀྱི་འགྲོ་ལུགས་བསྒྲུབ་ཆོག  དེ་ནས་སློབ་མའི་དངོས་ཡོད་གནས་ཚུལ་ལྟར་བྱེད་ཐབས་སྣ་མང་བཏོན་ནས་རོགས་སྐྱོར་བྱ་དགོས།  

 “གཙང་གསུམ་འབྱུང་ཡུལ”གནས་སྤོ་བྱ་དགའི་ཁ་གསབ་སྲིད་ཇུས(ཡུལ་ཤུལ། མགོ་ལོག  རྨ་ལྷོ།  མཚོ་ལྷོ། མཚོ་བྱང་།  མཚོ་ནུབ་བཅས་ཁུལ་དྲུག་ཡོད)།

ལོ་དེར་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞི་དང་ཆེད་སྦྱོང་ལ་རྒྱུགས་འཕྲོད་པའི་རོང་འབྲོག་སློབ་མ(ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་ཁྲོད་མཁར་གྲོང་ཁྱིམ་ཐོ་རུ་བསྒྱུར་པའི་སློབ་མ)བྱ་དགའི་ཁ་གསབ་དངུལ་ལག་བསྟར་བྱ་རྒྱུ།   མཁར་གྲོང་ཁྱིམ་ཐོ་སློབ་མས་སྲིད་ཇུས་དེ་ལོངས་སུ་སྤྱད་མི་ཆོག     མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞི་སློབ་མའི་ཁ་གསབ་རོགས་དངུལ་སྒོར10000དང་། ཆེད་སྦྱོང་སློབ་མའི་ཁ་གསབ་རོགས་དངུལ་སྒོར6000ཡིན། ལོ་རེར་འདེམས་བསྐོ་དང་རོགས་དངུལ་སྤྲོད་རྒྱུ།

“ཆར་ཟིམ་འཆར་གཞི”དབུལ་ཕོངས་ཁྱིམ་ཚང་གི་སློབ་ཆེན་སློབ་མ་དང་འབྲིང་རིམ་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མའི་སློབ་སྐྱོར་རོགས་དངུལ།

1. ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ།   ཡུལ་ཤུལ་གྲོང་ཁྱེར།  འབྲི་སྟོད་རྫོང་། ནང་ཆེན་རྫོང་། གཅིག་སྒྲིལ་རྫོང་།  ཆུ་དམར་ལེབ་རྫོང་། དར་ལག་རྫོང་། དགའ་བདེ་རྫོང་། རྨ་སྟོད་རྫོང་།  པད་མ་རྫོང་།  རྨ་ཆེན་རྫོང་།  རྩེ་ཁོག་རྫོང་། གཅན་ཚ་རྫོང་། རྨ་ལྷོ་རྫོང་། གསེར་ཆེན་རྫོང་བཅས་ཧ་ཅང་དབུལ་ཕོངས་ཡིན་པའི་རྫོང་ཁོངས་ཀྱི་ཤང་གྲོང་ཡོངས་རྫོགས་དང་།   རྒྱ་མདོ་རྫོང་། ཁྲི་ཀ་རྫོང་། དར་མཚོ་རྫོང་། གཅིག་སྒྲིལ་རྫོང་། ལུང་མདོ་ཆིས།  གཞོང་ཐང་རྫོང་།  བ་ཡན་རྫོང་། ཧོར་གྲོང་རྫོང་བཅས་རྫོང8ཀྱི་རྫོང(ཁུལ)ཁོངས་ཀྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ཤང་གྲོང་གི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཁྲོད་ན།   ཉིན་ཧྲིལ་པོ་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞི་དང་ཆེད་སྦྱོང་།  དངོས་གཞི་གྲ་སྒྲིག་སློབ་མར་སློབ་མ་རེར་རོགས་དངུལ་སྒོར10000རེ་ཡོད།  འབྲིང་རིམ་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མར་སློབ་མ་རེར་རོགས་དངུལ་སྒོར5000རེ་ཡོད།

2. ཧ་ཅང་དབུལ་ཕོངས་མིན་པའི་ས་ཁུལ། ཧ་ཅང་དབུལ་ཕོངས་མིན་པའི་ས་ཁུལ་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཁྲོད་ན། ཉིན་ཧྲིལ་པོ་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞི་སློབ་མར་སློབ་མ་རེར་རོགས་དངུལ་སྒོར6000རེ་དང་། ཆེད་སྦྱོང་སློབ་མར་སློབ་མ་རེར་སྒོར5000ཡོད།   གྲངས་ཉུང་མི་རིགས་ཀྱི་དངོས་གཞི་གྲ་སྒྲིག་སློབ་མར་རོགས་དངུལ་སྒོར4000ཡོད།(ལོ་དེར་དངོས་གཞིའི་ནང་ཞུགས་ན་དངོས་གཞི་སློབ་མའི་རོགས་དངུལ་ཚད་གཞི་ལྟར་སྤྲོད་ངེས།)  འབྲིང་རིམ་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མར་སློབ་མ་རེར་རོགས་དངུལ་སྒོར3000རེ་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།