མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ཆུང་འབྲིང་གི་སྔོན་ཐོན་འཛིན་གྲྭ་ཐུན་མོང་དང་གསུམ་བཟང་སློབ་མ། ཕུལ་བྱུང་སློབ་མའི་ལས་བྱེད་པར་གཟེངས་བསྟོད་བྱས།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་ཀྱི་དབྱངས་རྟ་གཙོ་བོ་དར་སྤེལ་གཏོང་བ། ལང་ཚོའི་དྲང་ཕྱོགས་ཀྱི་ནུས་ཚད་བརྒྱུད་སྒྲོག་བྱེད་པ། མིག་དཔེ་སྟོན་པ། སྔོན་ཐོན་ལ་གཟེངས་བསྟོད་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ2017ལོ་ནས2018ལོའི་ཞིང་ཆེན་ཡོངས་ཀྱི་སློབ་འབྲིང་ཆུང་འབྲིང་གི་སྔོན་ཐོན་འཛིན་གྲྭ་ཐུན་མོང་དང་གསུམ་བཟང་སློབ་མ། ཕུལ་བྱུང་སློབ་མའི་ལས་བྱེད་པ་དཔྱད་བསྡུར་འདེམས་བསྐོ་བྱས་པ་དང་། སློབ་མ་ཉིས་བརྒྱ་ང་གཉིས་དང་ཐུན་མོང་ང་གཅིག་ལ་གཟེངས་བསྟོད་ཐོབ།

ཕྱོགས་བསྡུས་དཔྱད་འདེམས་བརྒྱུད་དེ། ཡུས་ཧྲུའུ་གྲོང་ཁྱེར་ཆ་ཚང་སློབ་ཆུང་གསུམ་པའི་ལོ་རིམ་གསུམ་པའི་འཛིན་གྲྭ་དྲུག་པ་སོགས་འཛིན་གྲྭ་ཐུན་མོང་ང་གཅིག་ལ་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྔོན་ཐོན་ཐུན་མོང་དང་མཚན་སྙན་ཐོབ་པ་དང་། ཟི་ལིང་གྲོང་ཁྱེར་ཧུའུ་ཐའེ་སློབ་འབྲིང་དམའ་འབྲིང་གསུམ་པའི་འཛིན་གྲྭའི་མེའོ་ཕེ་ཆིང་སོགས་སློབ་གྲོགས་ཉིས་བརྒྱ་དང་གཅིག་ལ་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་གསུམ་བཟང་སློབ་མའི་མཚན་སྙན་ཐོབ་ལ། ཞིང་ཆེན་རིག་གནས་སྒྱུ་རྩལ་ལས་རིགས་སློབ་གྲྭའི་སྒྲ་རོལ་ལོ་རིམ་གཉིས་པའི་ཝུའུ་ཧྲུའུ་ཀྲིན་སོགས་སློབ་མའི་ལས་བྱེད་པ་ང་གཅིག་ལ་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་སློབ་མའི་ལས་བྱེད་པའི་མཚན་སྙན་ཐོབ།

སྔོན་ཐོན་ལ་དཔྱད་བསྡུར་འདེམས་བསྐོ་དང་གཟེངས་བསྟོད་བྱས་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་སློབ་ར་དང་འཛིན་གྲྭའི་གོམས་སྲོལ་བཟང་བོ་ཆགས་པར་བྱས་པ་དང་། རྒྱ་ཆེའི་ན་གཞོན་ལོ་ཆུང་ཚོས་ཆུང་དུས་ནས་མི་བཟང་བོ་བྱེད་པ་དང་ཕུགས་འདུན་ཡོད་པར་བྱེད་པ། ཆུང་དུས་ནས་གསར་སྐྲུན་བྱེད་པ། མི་ཚེའི་དམིགས་འབེན་ཡང་དག་འཛུགས་པ་དང་། བསམ་བློ་བཟང་བོ་དང་ཀུན་སྤྱོད་བཟང་བོ། གོམས་སྲོལ་བཟང་བོ་སྐྱེད་སྲིང་བྱེད་པ། འགོ་གཙོ་ལ་དགའ་ཞེན་དང་ཏང་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན། མཚོ་སྔོན་ལ་དགའ་ཞེན་བྱེད་པ། ཕུགས་འདུན་ཡོད་པ་དང་ནུས་པ་ལྡན་པ། ཁག་ཁུར་ཡོད་པའི་དུས་རབས་ཀྱི་མི་གསར་བ་བྱེད་རྒྱུར་བརྩོན་ལེན་བྱེད་པར་སྣེ་ཁྲིད་བྱས།