རང་ཞིང་གིས་དུས་སྐབས་གསུམ་པའི་སྔོན་འགྲོ་སློབ་གསོའི་འཆར་གཞི་ལག་བསྟར་བྱས་ཏེ། དགེ་རྒན་གྱི་གླ་ཕོགས་ལེགས་བཅོས་དང་བུ་བཅོལ་ཁང“སློབ་ཆུང་ཅན”དུ་འགྱུར་བ་བཀག་འགོག་བྱ་རྒྱུ་རེད།

 

ཉེ་ལམ་མཚོ་སྔོན་གསར་འགྱུར་དྲ་བས་སྤེལ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་སྔོན་འགྲོའི་སློབ་གསོ་དང་དམིགས་བསལ་སློབ་གསོར་སྐུལ་སྤེལ་གྱི་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན།  རང་ཞིང་གིས་དུས་སྐབས་གསུམ་པའི་སྔོན་འགྲོ་སློབ་གསོའི་འགུལ་སྐྱོད་འཆར་གཞི་དང་། དུས་སྐབས་གཉིས་པའི་དམིགས་བསལ་སློབ་གསོ་མཐོར་འདེགས་སུ་གཏོང་བའི་འཆར་གཞི་གཉིས་ཐོག་མར་ལག་བསྟར་བྱས་ཤིང་། འཆར་གཞི་ཡིན་ན2020སླེབས་དུས་ས་གནས་ཁག་གི་སྔོན་འགྲོ་སློབ་གསོར་ལོ་གསུམ་ལ་ཞུགས་ཚད་བརྒྱ་ཆའི85%དང་། འོས་འགན་སློབ་གསོའི་དབང་པོ་སྐྱོན་ཅན་བྱིས་པ་སློབ་ཞུགས་ཚད95%བཅས་སུ་ཟིན་ཐུབ་པ་བྱས་ནས།  ནུས་ཤུགས་ཡོད་རྒུས་ཆུང་དུས་སློབ་གསོ་ཡོད་པ་དང་། སློབ་གསོ་ལ་ཁྲིད་རྒྱུན་ཡོད་པ་མངོན་འགྱུར་བྱས་ནས་རང་ཞིང་གི་སྔོན་འགྲོའི་སློབ་གསོ་དང་དམིགས་བསལ་སློབ་གསོ་གོང་སྤེལ་ལ་རྣམ་པ་གསར་པ་བཏོད་རྒྱུ་བྱས་འདུག

གྲོང་གསེབ་དང་གྲོང་རྡལ་དུ་བུ་བཅོལ་ཁང་གིའཚིརགྱི་གནད་དོན་ཐག་གཅོད་བྱ་རྒྱུ།

རང་ཞིང་གིས་མི་འབོར་སྲིད་ཇུས་སྙོམས་སྒྲིག་དང་གྲོང་གསེབ་དང་གྲོང་རྡལ་ཅན་དུ་བསྒྱུར་བའི་དགོས་མཁོར་གཞིགས་ནས།  བུ་བཅོལ་ཁང་གི་བཀོད་སྒྲིག་དང་སློབ་ལོ་ལོན་པའི་བྱིས་པས་ཉེ་སར་སྔོན་འགྲོ་སློབ་གསོ་མྱོང་ཐུབ་པར་འགན་སྲུང་བྱ་རྒྱུ་སྟེ།  མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དང་གྲོང་རྡལ་གྱི་སྡོད་ཁུལ་དུ་བུ་བཅོལ་ཁང་འཛུགས་སྐྱོང་བྱེད་ཐབས་ཞིབ་འཇུག་བྱས་ནས་གཏན་ལ་ཕབ་སྟེ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཀུན་ཕན་རང་བཞིན་གྱི་སྔོན་འགྲོའི་སློབ་གསོའི་ཐོན་ཁུངས་ཇེ་མང་དུ་བཏང་ནས་བུ་བཅོལ་ཁང་གི“འཚིར”གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་།  ཞིང་གྲོང་དང་འབྲོག་ཁུལ་གྱི་སྔོན་འགྲོའི་སློབ་གསོར་རོགས་སྐྱོར་ཆེན་པོ་བྱས་ཏེ། གྲོང་ཚོ་ཆེ་ཤོས་ལ་བུ་བཅོལ་ཁང་རེ་འཛུགས་པ་དང་། གྲོང་ཚོ་ཆུང་ངུ་ལ་ཆ་རྐྱེན་དང་བསྟུན་ནས་མཉམ་འབྲེལ་ཐོག་བུ་བཅོལ་ཁང་འཛུགས་པ། ལྷག་མ་རྣམས་སློབ་ཆུང་གི་གཞོགས་སུ་བུ་བཅོལ་འཛིན་གྲྭ་འཛུགས་པའམ་སྐོར་སྐྱོད་སློབ་འཁྲིད་བྱེད་ས་བཀོད་སྒྲིག་བྱེད་པའི་ལ་སོགས་རྣམ་པ་བརྒྱུད་དེ། ཐག་ཉེ་ས་ནས་བུ་བཅོལ་ཁང་ལ་འཇུག་ཐུབ་པའི་སྤྱིའི་རེ་བ་དང་དགོས་མཁོ་བསྐང་རྒྱུ་བྱས་འདུག

དམིགས་བསལ་སློབ་གསོ་ཐད་ནས“རྒྱ་བསྐྱེད”ལ་ཤུགས་བསྣན་ཏེ།  དམིགས་བསལ་སློབ་གསོའི་ཐོན་ཁུངས་གཅིག་གྱུར་བྱས་ནས“ཁུལ་གཅིག་ལ་དམིགས་བསལ་སློབ་གྲྭ་གཅིག་རེ”དང་མི་འབོར་སུམ་འབུམ་ཡན་གྱི་རྫོང་དུ་དམིགས་བསལ་སློབ་གྲྭ་གཅིག་རེ་འཛུགས་པའི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་།  ཆུས་དང་རྫོང་ལ་གཅིག་གྱུར་འཆར་འགོད་བཟོས་ཏེ།  སློབ་གྲྭ་དཀྱུས་མ་ཁག་དམིགས་སུ་འདེམས་ནས་ཐོག་མ་ནས་དབང་པོ་སྐྱོན་ཅན་གྱི་དགེ་རྒན་ཕྱག་ལས་གཉེར་བ་རྣམས་ལ་ཆེད་དུ་ཐོན་ཁུངས་སློབ་ཁང་བཀོད་སྒྲིག་བརྒྱབ་ནས་དབང་པོ་སྐྱོན་ཅན་གྱི་སློབ་མ་བསྡུ་རུབ་བྱ་རྒྱུ། དབང་པོ་སྐྱོན་ཅན་གྱི་སློབ་མ་ལྔ་ཡན་བསྡུས་པའི་སློབ་གྲྭ་དཀྱུས་མར་དམིགས་བསལ་སློབ་གསོའི་ཐོན་ཁུངས་ཀྱི་སློབ་ཁང་གཟུག་རྒྱུ་རེད།

སྲིད་གཞུང་གིས་སྔོན་འགྲོ་སློབ་གསོའི་ཞབས་ཞུ་ཉོ་སྒྲུབ་ཀྱི་སྲིད་ཇུས་མུ་མཐུད་ནས་ལག་ལེན་དུ་བསྟར་རྒྱུ་རེད།

དགེ་རྒན་གྱི་ཐབས་ལམ་རྒྱ་བསྐྱེད་དེ། ཞིང་ཆེན་དང་གྲོང་ཁྱེར(ཁུལ)རྫོང(ཆུས་དང་གྲོང་ཁྱེར)བཅས་རིམ་པ་གསུམ་གྱིས་མཉམ་ཤུགས་བཏོན་ཏེ།  རྫོང(ཆུས་དང་གྲོང་ཁྱེར)གཙོ་བྱས་སྲིད་གཞུང་གིས་སྔོན་འགྲོའི་སློབ་གསོ་ཞབས་ཞུ་ཉོ་སྒྲུབ་ཀྱི་སྲིད་ཇུས་མུ་མཐུད་ནས་ལག་བསྟར་བྱ་དགོས་པ་དང་། ཞིང་ཆེན་རིམ་པའི་བྱ་དགའི་ཁ་གསབ་མ་དངུལ་གཙོ་བོ་ཞིང་འབྲོག་ཁུལ་དང་། ནང་སྒོས་སུ་མཚོ་སྔོན་ལྷོ་བརྒྱུད་ས་ཁུལ་ལ་ཕྱོགས་ཏེ། ཁ་གསབ་རོགས་དངུལ་གྱི་ཚད་གཞི་ཇེ་མཐོར་འོས་འཚམ་བཏང་ནས་དགེ་རྒན་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།  ས་གནས་ཁག་གིས་སློབ་མར་ཆ་སྙོམས་ཀྱི་ནོར་སྲིད་གཏོང་དངུལ་དང་། ཆེད་དོན་ཁ་གསབ་རོགས་དངུལ་ལ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱོད་པར་ཡར་སྐུལ་བྱས་ཏེ།  གཞུང་གཉེར་བུ་བཅོལ་ཁང་གི་དགེ་རྒན་ལ་ཕན་གོ་ཆོད་པའི་ནང་རྐྱེན་ལམ་ལུགས་ཁ་གསབ་བྱ་དགོས། ས་གནས་ཁག་གིས་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཚབ་དགེ་རྒན་དང་དང་བླངས་ཞབས་ཞུ།  སྤྱི་ཕན་རང་བཞིན་གྱི་ལས་གནས་སོགས་ལ་བརྟེན་ནས་སྔོན་འགྲོའི་སློབ་གསོའི་ལས་བཟོ་པ་ཁ་གསབ་བྱས་ཆོག

བུ་བཅོལ་ཁང་གི་དགེ་རྒན་གྱི་ཆོག་འཐུས་ལམ་ལུགས་ལག་བསྟན་ནན་མོ་བྱས་ཏེ།  གསར་བསྐོས་བུ་བཅོལ་ཁང་གི་འགོ་གཙོ་དང་། དགེ་རྒན།  བུ་རྫི།  འཕྲོད་བསྟེན་བདེ་སྲུང་མི་སྣ་བཅས་ལ་དེ་བསྟུན་གྱི་ཐོབ་ཐང་དཔང་ཡིག་ཡོད་དགོས།  དམིགས་བསལ་སློབ་གསོའི་ཆེད་གཉེར་དགེ་རྒན་ལ་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་ཡོད་དགོས།  དམིགས་བསལ་སློབ་གསོའི་ཆེད་ལས་ནས་མཐར་ཕྱིན་པ་མིན་པའི་དགེ་རྒན་གྱིས་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་སྒྲིག་འཛུགས་བྱེད་པའི་དམིགས་བསལ་སློབ་གསོ་ཆེད་ལས་ཟབ་སྦྱོང་བརྒྱུད་དཔྱད་ཞིབ་ཀྱི་ཚད་ལོན་དགོས་པ་རེད།

དགེ་རྒན་གྱི་ཕོགས་ཐོབ་ཇེ་མཐོར་བཏང་ཐོག སྤྱི་ཚོགས་འགན་སྲུང་དང་སྡོད་ཁང་གཞུང་གསོག་མ་དངུལ་འཇལ་དགོས།

སྔོན་འགྲོའི་སློབ་གསོའི་དགེ་རྒན་གྱི་ཕོགས་ཐོབ་དེ་སྤྱི་ཚོགས་ཀྱི་ཆ་སྙོམས་གླ་ཕོགས་ཀྱི་ཆུ་ཚད་གཞིར་བཟུང་ནས་སློབ་གཉེར་ཕྱོགས་ཀྱིས་ཁྲིམས་བཞིན་འགན་སྲུང་བྱ་དགོས་པར་མ་ཟད།  དངུལ་འབོར་གྱི་གྲངས་ཚད་འདང་ངེས་ཀྱི་སྒོ་ནས་སྤྱི་ཚོགས་འགན་སྲུང་དང་སྡོད་ཁང་གི་གཞུང་གསོག་མ་དངུལ་འཇལ་དགོས་པ་དང་། གཞུང་གཉེར་བུ་བཅོལ་ཁང་གི་སྒྲིག་ཁོངས་ཕྱིའི་དགེ་རྒན་དང་། དམངས་གཉེར་བུ་བཅོལ་ཁང་གི་དགེ་རྒན་གྱི་ཕོགས་ཐོབ་རིམ་བཞིན་ཇེ་མཐོར་བཏང་སྟེ།  ལས་ཀ་མཚུངས་ཀྱང་ཐོབ་ཆ་མི་མཚུངས་པའི་དཀའ་གནད་སེལ་དཀྲོད་བྱ་རྒྱུ།  

དམིགས་བསལ་སློབ་གསོའི་ཕོགས་སྣོན་ལ་སོགས་ཀྱི་སྲིད་ཇུས་ལག་བསྟར་འཐུས་ཚང་དུ་བཏང་སྟེ། སློབ་གྲྭ་དཀྱུས་མའི་དབང་པོ་སྐྱོན་ཅན་སློབ་མའི་སློབ་གཉེར་དང་དོ་དམ་གྱི་འགན་ཁུར་བའི་དགེ་རྒན་ལ་ལས་ཕྱོད་ཀྱི་གླ་ཕོགས་བགོ་བཤའ་རྒྱག་དུས་དམིགས་བསལ་དོ་སྣང་བྱ་རྒྱུ་དང་།  དུས་ཡུན་རིང་པོར་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་ཞིང་གྲོང་གི་གཞུང་གཉེར་བུ་བཅོལ་ཁང་དུ་ལས་ཀ་གཉེར་བའི་དགེ་རྒན་ལ་གོ་གནས་སམ་གོ་མིང་དཔྱད་འདེམས་བྱེད་པའི་སྐབས་སུ་དེ་ལ་དམིགས་བསལ་གྱིས་དོ་སྣང་བྱ་རྒྱུ།

བུ་བཅོལ་ཁངསློབ་ཆུང་ཅནདུ་འགྱུར་བའི་ནོར་འཁྲུལ་གྱི་ལམ་ཕྱོགས་བཅོས་སྒྱུར་དང་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ།

དེང་སྐབས་སྔོན་འགྲོ་སློབ་གསོ་དང་དམིགས་བསལ་སློབ་གསོ་གཉིས་ཀར་མཉེན་ཆས་འཛུགས་སྐྲུན་དང་རྒྱུ་སྤུས་མཐོར་འདེགས་ཕྱོགས་ཀྱི་གནད་དོན་ལ་འཕྲད་ཡོད།  རྒྱུ་སྤུས་བཟང་དགོས་ན་སློབ་ཁྲིད་སློབ་དཔྱོད་དང་། སྐད་གཉིས་སློབ་ཁྲིད། དམིགས་བསལ་ཞབས་ཞུ་ཐད་ལ་ཤུགས་བསྣན་ཏེ།  སློབ་མའི་གོམས་གཤིས་སློབ་གསོ་དང་། ཁོར་སྲུང་སློབ་གསོ། རྒྱལ་གཅེས་སློབ་གསོ་ལ་མཐོང་ཆེན་བྱ་དགོས་པ་དང་། བུ་བཅོལ་ཁང་གི་དགེ་རྒན་གྱིས་བུ་བཅོལ་འཚར་ལོངས་ཀྱི་དགོས་མཁོ་གཞིར་བཟུང་ནས་སློབ་གསོའི་འཆར་གཞི་དང་། རོལ་རྩེད་བྱེད་སྒོར་སློབ་སྟོན། ཉིན་རེའི་འཚོ་བ་བཀོད་སྒྲིག་སོགས་གཏན་འབེབས་སྐོར་ལ་སློབ་སྟོན་བྱས་ཏེ། ཁྲིད་ཚན་བཀོད་སྒྲིག་ཐད་ནས“སློབ་ཆུང་ཅན”དུ་འགྱུར་བ་མཐའ་གཅིག་ཏུ་འཁྲུལ་བཅོས་དང་བཀག་འགོག་བྱ་དགོས།

ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་ལམ་ལུགས་གཟུག་དགོས།

ས་གནས་ཁག་གིས་དུས་སྐབས་གསུམ་པའི་སྔོན་འགྲོ་སློབ་གསོའི་འགུལ་སྐྱོད་འཆར་འགོད་ཀྱི་ལག་བསྟར་བསམ་འཆར་དང་། དུས་སྐབས་གཉིས་པའི་དམིགས་བསལ་སློབ་གསོ་མཐོར་འདེགས་འཆར་གཞིའི་ལག་བསྟར་འཆར་ཇུས་དོན་འཁྱོལ་སྐུལ་འདེད་གཏོང་བའི་གནས་ཚུལ་དེ་རིམ་ཁག་སྲིད་གཞུང་གི་སློབ་གསོའི་འགན་འཁྲི་འཁུར་འཁྱེར་ལ་ལྟ་སྐུལ་ཞིབ་བཤེར་དང་སློབ་གསོ་སྡེ་ཚན་གྱི་ལོ་ཧྲིལ་པོའི་དམིགས་འབེན་དཔྱད་ཞིབ་ཁྲོད་བླངས་ཏེ། བུ་བཅོལ་ཁང་གི་སློབ་གཉེར་གྱི་རྩ་བའི་ཚད་གཞི་དང་། དམིགས་བསལ་སློབ་གསོ་འཕེལ་རྒྱས་ཀྱི་དམིགས་ཚད་ལྟར།  ས་གནས་ཀྱི་སྔོན་འགྲོ་སློབ་གསོ་དང་དམིགས་བསལ་སློབ་གསོ་དོ་དམ་ལས་ཁུངས་འཛུགས་སྐྱོང་། འཕེལ་རྒྱས་འཆར་འགོད་གཏན་འབེབས།  སློབ་ཞུགས་ཀྱི་ཚད། དམིགས་བསལ་སློབ་གསོའི་ཆེད་སྤྱོད་འགྲོ་གྲོན་དང་སྔོན་འགྲོ་སློབ་གསོའི་མ་རྩ་འགན་ལེན་ཁག་བགོས་ལམ་ལུགས་དོན་འཁྱོལ། དགེ་རྒན་དཔུང་སྡེ་འཛུགས་སྐྱོང་ལ་སོགས་པའི་གནས་ཚུལ་བཅས་ལ་དུས་བཅད་ལྟར་ཆེད་དོན་ལྟ་སྐུལ་ཞིབ་བཤེར་དང་དུས་རྒྱུན་ལྟ་སྐུལ་བྱ་དགོས།

དམངས་གཉེར་བུ་བཅོལ་ཁང་གི་ལོ་བཤེར་དང་ལོ་ཞིབ་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། དམངས་གཉེར་བུ་བཅོལ་ཁང་གི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང་།   ལྟ་སྐུལ་ཞིབ་བཤེར་གྱི་མཇུག་འབྲས་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲག་བྱ་དགོས།  ལྟ་སྐུལ་ཞིབ་བཤེར་གྱི་གོ་རིམ་ཁྲོད་རྙེད་པའི་གནད་དོན་ལ་ལྕི་ཡང་གི་ཁྱད་པར་ལྟར་དུས་ཐོག་ཏུ་ཁ་ཆད་སྐུལ་མོལ་དང་སྐྱོན་བརྗོད།  དུས་བཀག་ནང་དག་ཐེར་དང་ཐ་ན་བཀས་ཐག་བཅད་ནས་མེད་པར་བཟོས་ཏེ།  སྔོན་འགྲོ་དང་དམིགས་བསལ་སློབ་གསོ་སྐྱོན་དང་བྲལ་ཞིང་གོ་རིམ་དང་ལྡན་པའི་སྒོ་ནས་འཕེལ་རྒྱས་འབྱུང་བ་ལ་སྣེ་འཁྲིད་དགོས།

ལོ་ཙཱ་བ། ཁོན་ཐར་འཚོ།