ཁོང་ཡུང་གྲོ་ཚང་ཁུལ་དུ་སོང་ནས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱས་ཚུལ་ལ་གཟིགས་ཞིབ་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཟླ8པའི་ཚེས9ཉིན།  ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཁོང་ཡུང་གྲོ་ཚང་ཁུལ་ཀྲུང་པ་བོད་རིགས་ཞང་དུ་སོང་ནས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། གནོད་འགོག་དང་རྒུད་སྐྱོབ་ཀྱི་ལས་དོན་ལ་མཛུབ་སྟོན་གནང་བ་རེད།

ཁོང་ཡུང་སྔ་རྗེས་སུ་ཀྲུང་པ་བོད་རིགས་ཞང་ཅའོ་ཐོའུ་སྡེ་བ་ཆིན་དབྱང་ལུང་གི་བཀོད་སྒྲིག་བྱ་ཡུལ་དང་། ཡ་ནང་སྡེ་བའི་ལྟེ་བའི་སློབ་གྲྭའི་བཀོད་སྒྲིག་བྱ་ཡུལ།  ཀྲུང་པ་ཆུ་རགས་བཅས་སུ་སོང་ནས་གནོད་འཚེ་ཕོག་པའི་ཞིང་པའི་ཁྱིམ་ཚང་ལ་འཚམས་འདྲི་བྱས་པ་དང་། ས་ཁོངས་ས་གཤིས་གནོད་འཚེ་ཚབས་ཆེན་ཕོག་པའི་གནས་ཚུལ་ལ་ལྟ་ཞིབ་བྱས། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱས་ཚུལ་དང་འཚོ་བ་འགན་ལེན་ཐུབ་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་མ་ཟད། གནོད་འཚེ་ཕོག་པའི་གནས་ཚུལ་སྙན་ཞུ་ལ་ཉན། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འཐུས་མི་ཡིས་གནོད་འཚེ་ཕོག་པའི་དུད་ཚང་ལ་འཚམས་འདྲི་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ཏེ། ལས་དོན་རྗེས་མར་ཆུ་སྐྱོན་སྔོན་འགོག་གནོད་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཐད་བླང་བྱ་བཏོན་པ་རེད།

ཁོང་ཡུང་གིས།   ད་ལྟའི་ཆར།  གནོད་འཚེ་ཕོག་པའི་ས་ཁུལ་གྱི་མང་ཚོགས་རྣམས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཐུབ་ཡོད་ན་ཡང་། ཆར་ཆུ་མང་པོའི་དུས་ཚིགས་ད་དུང་ཡལ་མེད་པས། བག་མེད་ལྷོད་གཡེང་གཏན་ནས་བྱེད་མི་རུང་པར་ཁ་གཏད་ལས་ཀ་མུ་མཐུད་དུ་ལེགས་པོར་བསྒྲུབ་དགོས། གཅིག་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་འོས་འཚམ་བྱེད་དགོས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་བདེ་འཇགས་འགན་སྲུང་བྱས་ཏེ། ནུས་ཤུགས་ཡོད་རྒུས་དངོས་རྫས་མཁོ་སྤྲོད་དང་འགྲོ་ལམ། གློག་ཤུགས་དང་འཕྲིན་སྐྱེལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་བརྒྱུད་སྦྲེལ་སླར་གསོ་བྱ་དགོས་ཞེས་ནན་གྱིས་བསྟན།  གཉིས་ནས་ཉེ་བའི་ཉིན་འདི་དག་གི་རིང་དུ་ཆར་ཆུའི་གནོད་སྐྱོན་འབྱུང་བར་སྔོན་འགོག་གི་གྲ་སྒྲིག་ལས་དོན་དམ་འཛིན་བྱེ་དགོས་པ་དང་།  སླར་ཡང་གནོད་འཚེ་འབྱུང་བར་སྔོན་འགོག་བྱས་ཏེ། བདེ་འཇགས་ལ་འགན་ལེན་བྱ་དགོས། གསུམ་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱ་དགོས་ཤིང་། ཏང་ཨུའི་སྲིད་གཞུང་སྲོག་ཤིང་ལྟ་བུ་དང་རྒྱབ་རྟེན་སྟོབས་ཆེན་ཡིན་པར་འདོན་སྤེལ་ལེགས་པོ་བྱས་ཏེ། ཧུར་ཐག་གིས་སྤྱི་ཚོགས་ཀྱི་བརྟན་ལྷིང་ལས་དོན་ཡག་པོ་སྤེལ་དགོས། བཞི་ནི་གནོད་འགོག་ཚོགས་ཆུང་འཛུགས་དགོས་པ་དང་། མགྱོགས་མྱུར་ངང་གནོད་འཚེ་གྱོང་གུན་གྱི་ཞིབ་ཕྲའི་གནས་ཚུལ་ཞིབ་དཔྱད་ཆོག་མཆན་འགོད་དགོས། ལྔ་ནི་གནོད་འཚེ་ཕོག་པའི་ས་ཁུལ་གྱི་ཕྱོགས་གང་ཅིའི་ཐད་ཀྱི་སླར་གསོ་བསྐྱར་སྐྲུན་ལས་འགན་སྐུལ་འདེད་གཏོང་རྒྱུ་དམ་འཛིན་དང་། མགྱོགས་མྱུར་ངང་གནོད་འཚེ་ཕོག་པའི་ས་ཁུལ་གྱི་བདེ་འཇགས་མངོན་མེད་རྐྱེན་ངན་སེལ་གང་ཐུབ་བྱ་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།