ཝང་ཡུས་པོའོ་ཡིས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་གསོ་ཁྱབ་གདལ་དང་འགག་སྒྲོལ་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུར་གཙོ་སྐྱོང་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བ་འཕྲིན།  ཟླ8པའི་ཚེས9ཉིན་ལ།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོའོ་ཡིས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་དང་འགག་སྒྲོལ་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུར་གཙོ་སྐྱོང་བྱས་པ་མ་ཟད་གཏམ་བཤད་པ་རེད།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “ སྤུས་ལེགས་གཅིག་དང་མཐོ་བ་གཉིས” ལ་དམིགས་ནས་སློབ་གསོ་མཁོ་སྤྲོད་ལེགས་སུ་གཏོང་བ། “ ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར”དམིགས་ནས་སློབ་གསོ་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། མཐོ་རིམ་སློབ་འབྲིང་གི་སློབ་གསོར་མགྱོགས་མྱུར་ཁྱབ་གདལ་གཏང་དགོས།

ཝང་ཡུས་པའོ་ཡིས་བསྟན་དོན།  མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ནི་རྒྱལ་དམངས་སློབ་གསོའི་མ་ལག་གི་གོ་རིམ་གལ་ཆེན་ཞིག་དང་། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ཆབ་སྲིད་ལ་དང་དོད་བྱེད་པ་དང་། དམངས་འཚོར་ཕན་འདོགས་པ། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་བཅས་ཀྱི་ཕྱོགས་ནས་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱེད་དགོས།  ཡུན་རིང་ཟུང་འབྲེལ་དང་གཅིག་གྱུར་འཆར་འགོད་བྱེད་པ་དང་། གཅིག་བསྡུས་ཀྱིས་འགག་སྒྲོལ་དང་གཙོ་གནད་ཚད་བརྒལ་བྱས་ནས། དམིགས་ཡུལ་འདུ་ཤེས་དང་གནད་དོན་འདུ་ཤེས་ལ་ཤུགས་སྣོན་རྒྱག་དགོས།2020 ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོའི་སློབ་ཞུགས་ཚད་90% ཡན་གྱི་དམིགས་འབེན་ལ་སླེབས་པར་འགན་ལེན་བྱས་ནས་དོན་དངོས་སུ་སློབ་ལོ་ལོན་པའི་གཞོན་ནུའི་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་མྱོང་བའི་དགོས་མཁོ་བསྐང་དགོས།

ཝང་ཡུས་པའོ་ཡིས་བསྟན་དོན། སློབ་གསོ་ནི“ སྤུས་ལེགས་གཅིག་དང་མཐོ་བ་གཉིས” ཀྱི་འཐབ་ཇུས་དམིགས་ཡུལ་མངོན་འགྱུར་བྱུང་བའི་རྨང་གཞི་དང་འགན་སྲུང་། འགག་རྩ་ཡིན། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སློབ་གསོའི་ཐད་ལ་དངུལ་གཏོང་བ་དང་བརྩེ་སེམས་དེ་བཞིན་སྟོབས་ཤུགས་འདོན་ཕོད་པ་དང་། མཐོ་རིམ་སློབ་འབྲིང་དུས་རིམ་དེ་བཞིན་འགག་སྒྲོལ་འཆར་གཞི་ལག་བསྟར་མགྱོགས་སུ་གཏོང་བ་དང་། ཞན་ཆ་ཧུར་ཐག་ཁ་གསབ་པ་དང་།  སྔོན་ལ“ ཡོད་མེད”ཀྱི་གནད་དོན་དེར་ཐག་གཅོད་བྱ་རྒྱུ་དང་།  “ བཟང་ངན” གྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཇེ་མགྱོགས་སུ་གཏང་དགོས། ཐོན་ཁུངས་མཁོ་སྤྲོད་རྒྱ་ཆེ་རུ་གཏོང་བ་དང་། མི་གསོ་སྐྱོང་བྱེད་པའི་དཔུང་ཁག་འཛུགས་པར་ཤུགས་སྣོན་དང་། མི་སྣ་གསོ་སྐྱོང་བྱེད་སྟངས་ལ་བཅོས་བསྒྱུར་ཟབ་སྤེལ་བྱེད་དགོས།  རྩ་འཛུགས་དང་སྣེ་ཁྲིད་བྱེད་པར་ཤུགས་བསྣན་ཏེ།  ཁ་གཏད་རོགས་སྐྱོར་ཟབ་སྤེལ་བྱས་ནས་ཞིང་ཆེན་ཕྱིའི་ཡུལ་གཞན་དུ་འཛིན་གྲྭ་གཉེར་བར་རྒྱབ་སྐྱོར་དང་རྒྱ་སྐྱེད་གཏང་དགོས།  གྲོན་དངུལ་གཏོང་རྒྱུར་འགན་ལེན་བྱེད་པ་དང་། དྲིལ་བསྒྲགས་དང་ཁྲིད་སྟོན་གཏིང་ཟབ་ཏུ་གཏོང་བ་དང་། འགག་སྒྲོལ་གྱི་འགྲིལ་ཤུགས་ཆགས་པར་བྱ་དགོས་ཞེས་བསྟན་པ་རེད།

ལོ་ཙཱ་བ། གཡང་སྐྱིད།