ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-02-26 14:39:21      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

        《དངོས་མང་བཤམས་སྟོན་ཁང་གི་སྲོལ་ཡིག》ལ2015ལོའི་ཟླ1པའི་ཚེས14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས78པའི་སྟེང་གྲོས་འཆམ་བྱུང་བ་དང་། ད་ལྟ་ཁྱབ་བསྒྲགས་བྱས་ཏེ། 2015ལོའི་ཟླ3པའི་ཚེས20ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

        ལེའུ་དང་པོ། སྤྱིའི་རྩ་དོན།

        དོན་ཚན་དང་པོ།དངོས་མང་བཤམས་སྟོན་ཁང་གི་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་དང་། དངོས་མང་བཤམས་སྟོན་ཁང་གི་བྱེད་ནུས་འདོན་སྤེལ་བྱེད་པ། སྤྱི་དམངས་ཀྱི་བསམ་བློའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་བཅས་བྱས་ཏེ། སྤྱི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་དང་ཚན་རིག་རིག་གནས་ཀྱི་སྤུས་མཚག་ཇེ་མཐོར་གཏོང་བའི་ཆེད་དུ། སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན། དོན་ཚན་གཉིས་པ། སྲོལ་ཡིག་འདིའི་ནང་གི་དངོས་མང་བཤམས་སྟོན་ཁང་ཞེས་པ་ནི། སློབ་གསོ་དང་ཞིབ་འཇུག རོལ་མྱོང་སོགས་དམིགས་སུ་བཟུང་ནས། འགྲོ་བ་མིའི་རིགས་ཀྱི་བྱ་འགུལ་དང་རང་བྱུང་ཁོར་ཡུག་གི་དཔང་དངོས་ཉར་ཚགས་དང་བདེན་དཔང་བྱེད་པར་མ་ཟད་མི་དམངས་ལ་བཤམས་སྟོན་བྱེད་པ་དང་། ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐོ་འགོད་བྱེད་པའི་ཁེ་གཉེར་མ་ཡིན་པའི་རྩ་འཛུགས་ལ་གོ །

        དངོས་མང་བཤམས་སྟོན་ཁང་ལ་རྒྱལ་དབང་དངོས་མང་བཤམས་སྟོན་ཁང་དང་རྒྱལ་དབང་མ་ཡིན་པའི་དངོས་མང་བཤམས་སྟོན་ཁང་གཉིས་འདུས། རྒྱལ་དབང་མ་དངུལ་བེད་སྤྱད་པ་དང་ཡང་ན་གཙོ་བོ་རྒྱལ་དབང་མ་དངུལ་བེད་སྤྱད་དེ་བཙུགས་པའི་དངོས་མང་བཤམས་སྟོན་ཁང་ནི་རྒྱལ་དབང་དངོས་མང་བཤམས་སྟོན་ཁང་ཡིན་པ་དང་།རྒྱལ་དབང་མ་ཡིན་པའི་མ་དངུལ་སྤྱད་པ་དང་ཡང་ན་གཙོ་བོ་རྒྱལ་དབང་མ་ཡིན་པའི་མ་དངུལ་སྤྱད་དེ་བཙུགས་པའི་དངོས་མང་བཤམས་སྟོན་ཁང་ནི་རྒྱལ་དབང་མ་ཡིན་པའི་དངོས་མང་བཤམས་སྟོན་ཁང་ཡིན།རྒྱལ་ཁབ་ཀྱིས་དངོས་མང་བཤམས་སྟོན་ཁང་འཛུགས་པའི་ཆ་རྐྱེན་དང་སྤྱི་ཚོགས་ལ་ཞབས་ཞུ་འདོན་སྤྲོད། ཚད་ལྡན་དོ་དམ། ཆེད་ལས་ལག་རྩལ་ལས་གནས་ཀྱི་དཔྱད་དཔགནོར་ཁྲལ་རོགས་སྐྱོར་སྲིད་ཇུས་སོགས་ཀྱི་ཐད་ནས་རྒྱལ་དབང་དང་རྒྱལ་དབང་མ་ཡིན་པའི་དངོས་མང་བཤམས་སྟོན་ཁང་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས།དོན་ཚན་གསུམ་པ།དངོས་མང་བཤམས་སྟོན་ཁང་གིས་སྤྱི་ཚོགས་ལ་ཞབས་ཞུ་བྱེད་སྐབས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་དང་།དོན་དངོས་ལ་ཉེ་བར་བཅར་བ་དང་འཚོ་བ་དང་ཉེ་བར་བཅར་བ། མང་ཚོགས་དང་ཉེ་བར་བཅར་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

        དོན་ཚན་བཞི་པ།རྒྱལ་ཁབ་ཀྱིས་དངོས་མང་བཤམས་སྟོན་ཁང་གི་ལས་དོན་འཕེལ་རྒྱས་འཆར་འགོད་བཟོས་ཏེ།དངོས་མང་བཤམས་སྟོན་ཁང་གི་མ་ལག་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱིས་ཁེ་ལས་དང་ལས་དོན་སྡེ་ཁག སྤྱི་ཚོགས་ཚོགས་པ་དང་སྤྱི་དམངས་སོགས་སྤྱི་ཚོགས་ནུས་ཤུགས་ལ་བརྟེན་ནས་དངོས་མང་བཤམས་སྟོན་ཁང་ཁྲིམས་ལྟར་འཛུགས་པར་སྐུལ་ལྕག་གཏོང་དགོས། དོན་ཚན་ལྔ་པ།རྒྱལ་དབང་དངོས་མང་བཤམས་སྟོན་ཁང་གི་རྒྱུན་ལྡན་འཁོར་སྐྱོད་གྲོན་དངུལ་དེ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇོག་པ་དང་། རྒྱལ་དབང་མ་ཡིན་པའི་དངོས་མང་བཤམས་སྟོན་ཁང་གི་རྒྱུན་ལྡན་འཁོར་སྐྱོད་གྲོན་དངུལ་ལ་བཤམས་སྟོན་ཁང་འཛུགས་མཁན་གྱིས་འགན་སྲུང་བྱ་དགོས།རྒྱལ་ཁབ་ཀྱིས་སྤྱི་ཕན་རང་བཞིན་གྱི་ཐེབས་རྩ་བཙུགས་ནས་དངོས་མང་བཤམས་སྟོན་ཁང་ལ་འགྲོ་གྲོན་འདོན་སྤྲོད་བྱེད་པར་སྐུལ་མ་གཏོང་བ་དང་། དངོས་མང་བཤམས་སྟོན་ཁང་གིས་བྱེད་ཐབས་མང་པོའི་སྒོ་ནས་མ་དངུལ་བསྡུ་རུབ་བྱས་ཏེ་རང་སྟེང་གི་འཕེལ་རྒྱས་ལ་སྐུལ་མ་གཏོང་བར་སྐུལ་ལྕག་གཏོང་དགོས།

        དོན་ཚན་དྲུག་པ།དངོས་མང་བཤམས་སྟོན་ཁང་གིས་ཁྲིམས་ལྟར་ཁྲལ་བསྡུ་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོགཁྲིམས་ལྟར་དངོས་མང་བཤམས་སྟོན་ཁང་འཛུགས་པའམ་ཡང་ན་དངོས་མང་བཤམས་སྟོན་ཁང་ལ་ཞལ་འདེབས་འབུལ་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ཁྲལ་བསྡུ་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོག

        དོན་ཚན་བདུན་པ།རྒྱལ་ཁབ་རིག་རྫས་གཙོ་གཉེར་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་དངོས་མང་བཤམས་སྟོན་ཁང་གི་ལྟ་སྐུལ་དོ་དམ་བྱ་བར་འགན་འཁུར་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་རང་གི་འགན་ནུས་ཁྱབ་ཁོངས་ནང་འབྲེལ་ཡོད་ཀྱི་དངོས་མང་བཤམས་སྟོན་ཁང་གི་བྱ་བར་འགན་འཁུར་དགོས།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རིག་རྫས་གཙོ་གཉེར་སྡེ་ཁག་གིས་སྲིད་འཛིན་ཁྱབ་ཁོངས་དེ་གའི་དངོས་མང་བཤམས་སྟོན་ཁང་གི་ལྟ་སྐུལ་དོ་དམ་བྱ་བར་འགན་འཁུར་དགོས་པ་དང་།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་རང་གི་འགན་འཁྲིའི་ཁྱབ་ཁོངས་ནང་རང་སྲིད་འཛིན་ཁྱབ་ཁོངས་ཀྱི་འབྲེལ་ཡོད་དངོས་མང་བཤམས་སྟོན་ཁང་གི་དོ་དམ་བྱ་བར་འགན་འཁུར་དགོས། དོན་ཚན་བརྒྱད་པ།དངོས་མང་བཤམས་སྟོན་ཁང་ལས་རིགས་རྩ་འཛུགས་ཀྱིས་ཁྲིམས་ལྟར་ལས་རིགས་རང་གཅུན་ཚད་ལྡན་ཡོང་བར་བྱེད་པ་དང་། ཚོགས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཚོགས་མིའི་ལས་སྒོའི་བྱ་འགུལ་ལ་ཁྲིད་སྟོན་དང་ལྟ་སྐུལ་དོ་དམ་བཅས་བྱས་ཏེ། དངོས་མང་བཤམས་སྟོན་ཁང་གི་ལས་དོན་སྐྱོན་བྲལ་ངང་འཕེལ་བར་སྐུལ་མ་གཏོང་དགོས།

        དོན་ཚན་དགུ་པ།དངོས་མང་བཤམས་སྟོན་ཁང་གི་ལས་དོན་ཐད་བྱས་རྗེས་འབུར་ཐོན་བཞག་པའི་རྩ་འཛུགས་དང་མི་སྒེར་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་གཟེངས་བསྟོད་བྱེད་པ་དང་བྱ་དགའ་སྟེར་དགོས།

        ལེའུ་གཉིས་པ།དངོས་མང་བཤམས་སྟོན་ཁང་གསར་འཛུགས་དང་བརྗེ་བསྒྱུར། མཚམས་འཇོག་པ། 

        དོན་ཚན་བཅུ་པ། དངོས་མང་བཤམས་སྟོན་ཁང་འཛུགས་པ་ལ། ངེས་པར་གཤམ་གྱི་ཆ་རྐྱེན་འདི་དག་འཛོམ་དགོས་པ་སྟེ།

        (གཅིག)གཏན་འཇགས་ཀྱི་སྡོད་གནས་དང་གཞན་ད་རུང་རྒྱལ་ཁབ་ཀྱི་གཏན་འཁེལ་དང་མཐུན་པའི་བཤམས་སྟོན་ཁང་། ཉར་དངོས་དོ་དམ་བྱེད་ས། (གཉིས)གྲངས་འབོར་ངེས་ཅན་ཞིག་གི་ཉར་དངོས་དང་དགོས་ངེས་ཀྱི་ཞིབ་འཇུག་དཔྱད་གཞིའི་ཡིག་རིགས་དགོས་པར་མ་ཟད། ད་རུང་བཤམས་སྟོན་མ་ལག་ཆགས་པ། (གསུམ)དེའི་གཞི་ཁྱོན་དང་བྱེད་ནུས་ལ་མཐུན་པའི་ཆེད་ལས་ལག་རྩལ་མི་སྣ།

        (བཞི)དགོས་ངེས་ཀྱི་དངོས་མང་བཤམས་སྟོན་ཁང་འཛུགས་པའི་མ་དངུལ་དང་བརྟན་འཇགས་ཀྱི་འཁོར་སྐྱོད་གྲོན་དངུལ་ཡོང་ཁུངས། 

        (ལྔ)ལྟ་སྐོར་པའི་མི་ལུས་བདེ་ཐང་ལ་ཁག་ཐེག་བྱ་ཐུབ་པའི་སྒྲིག་ཆས་དང་ལམ་ལུགས། བྲེལ་བསྟུན་སྒྲིག་གཞི་བཅས་འཛོམ་དགོས་སོ། དངོས་མང་བཤམས་སྟོན་ཁང་གི་ཁང་ཤག་འཛུགས་སྐུན་ཐད་ཁང་ཤག་གསར་དུ་འཛུགས་པ་དང་སྔོན་ཆད་ཀྱི་འཛུགས་སྐྲུན་ཞིག་གསོ་བྱེད་པ་གཉིས་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱ་དགོས་པ་དང་། མི་སྣ་གྲགས་ཅན་གྱི་བཞུགས་གནས་དང་བཟོ་ལས་ཤུལ་རྫས་སོགས་དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན་བྱ་ཡུལ་བྱ་དགོས། དངོས་མང་བཤམས་སྟོན་ཁང་གསར་དུ་བསྐྲུན་པའམ་ཡང་ན་ཞིག་གསོ་བྱེད་སྐབས་ཉར་དངོས་བཤམས་སྟོན་དང་དོ་དམ་རྒྱ་ཁྱོན་གྱིས་སྤྱིའི་རྒྱ་ཁྱོན་གྱི་ཟིན་ཚད་ཇེ་མཐོར་གཏོང་དགོས། 

        དོན་ཚན་བཅུ་གཅིག་པ། དངོས་མང་བཤམས་སྟོན་ཁང་འཛུགས་ན།ངེས་པར་སྒྲིག་ཡིག་བཟོ་དགོས། དངོས་མང་བཤམས་སྟོན་ཁང་གི་སྒྲིག་ཡིག་ལ་གཤམ་གྱི་དོན་བྱ་འདི་དག་ཚང་དགོས་པ་སྟེ། 

        (གཅིག)དངོས་མང་བཤམས་སྟོན་ཁང་གི་མིང་དང་ས་གནས། (གཉིས)དངོས་མང་བཤམས་སྟོན་ཁང་འཛུགས་པའི་དགོངས་དོན་དང་བྱེད་སྒོའི་ཁྱབ་ཁོངས།

        (གསུམ)རྩ་འཛུགས་དོ་དམ་གྱི་ལམ་ལུགས།ལས་འཛིན་ལྷན་ཚོགས་དང་ཡང་ན་རྣམ་པ་མི་འདྲ་བའི་ཇུས་ཆོད་ལས་ཁུངས་འབྱུང་ཐབས་དང་མི་སྣའི་གྲུབ་ཚུལ།ལས་འགན་འཁུར་བའི་དུས་ཡུན། གྲོས་རིམ་སྒྲིག་ལམ་སོགས།

        (བཞི)ཉར་དངོས་བཤམས་སྟོན་དང་སྲུང་སྐྱོང་། དོ་དམ།ཐག་གཅོད་བཅས་བྱེད་པའི་སྒྲིག་ལམ།

        (ལྔ)མ་དངུལ་དོ་དམ་དང་བཀོལ་སྤྱོད་བྱེད་པའི་སྒྲིག་ལམ།

        (དྲུག)སྒྲིག་ཡིག་བཟོ་བཅོས་བྱེད་པའི་གོ་རིམ། 

        (བདུན)མཇུག་སྒྲིལ་བའི་གོ་རིམ་དང་མཇུག་བསྒྲིལ་རྗེས་ཀྱི་མ་དངུལ་ཐག་གཅོད་བྱེད་ཐབས།

        (བརྒྱད)སྒྲིག་ཡིག་ནང་གཏན་འཁེལ་བྱ་དགོས་པའི་དོན་བྱ་གཞན་དག་བཅས་སོ། །  དོན་ཚན་བཅུ་གཉིས་པ། རྒྱལ་དབང་དངོས་མང་བཤམས་སྟོན་ཁང་འཛུགས་པ་དང་བསྒྱུར་བ། མཇུག་སྒྲིལ་བ་བཅས་ཀྱི་སྐབས་སུ་འབྲེལ་ཡོད་དོན་ལས་སྡེ་ཁག་གི་ཐོ་འགོད་དོ་དམ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་སྒྲུབ་རིམ་ལ་གཞིར་འཛིན་དགོས་པར་མ་ཟད། དངོས་མང་བཤམས་སྟོན་ཁང་ཡོད་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་རྫས་གཙོ་གཉེར་སྡེ་ཁག་ཏུ་ཐོ་འགོད་བྱ་དགོས། དོན་ཚན་བཅུ་གསུམ་པ།ཉར་དངོས་རྣམས་གནའ་རབས་སྐྱེ་དངོས་འགྱུར་རྡོ་རུ་གཏོགས་པའི་དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན་དང་བསྒྱུར་བ། མཇུག་སྒྲིལ་བ་བཅས་བྱེད་སྐབས། ངེས་པར་གནའ་རབས་སྐྱེ་དངོས་འགྱུར་རྡོ་སྲུང་སྐྱོང་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཏན་འཁེལ་བརྩི་སྲུང་བྱ་དགོས་པར་མ་ཟད། དངོས་མང་བཤམས་སྟོན་ཁང་ཡོད་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་རྫས་གཙོ་གཉེར་སྡེ་ཁག་ལ་སྙན་སེང་ཐོ་འགོད་བྱ་དགོས། 

        དོན་ཚན་བཅུ་བཞི་པ།ཉར་དངོས་རྣམས་གནའ་རབས་སྐྱེ་དངོས་འགྱུར་རྡོར་མི་གཏོགས་པའི་རྒྱལ་དབང་མ་ཡིན་པའི་དངོས་མང་བཤམས་སྟོན་ཁང་འཛུགས་སྐབས། ངེས་པར་དངོས་མང་བཤམས་སྟོན་ཁང་ཡོད་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་རྫས་གཙོ་གཉེར་སྡེ་ཁག་ཏུ་ཐོ་འགོད་སྙན་སེང་ཞུ་དགོས་པར་མ་ཟད། གཤམ་གྱི་དཔྱད་གཞིའི་ཡིག་རིགས་འདི་དག་སྤྲད་དགོས་པ་སྟེ།

        (གཅིག)དངོས་མང་བཤམས་སྟོན་ཁང་གི་སྒྲིག་ཡིག་འཆར་ཟིན།

        (གཉིས)དངོས་མང་བཤམས་སྟོན་ཁང་གི་བདག་དབང་དང་བཀོལ་སྤྱོད་དབང་ཆའི་བདེན་དཔང་ཡི་གེ་དང་།བཤམས་སྟོན་ཁང་དང་ཉར་དངོས་དོ་དམ་ཁང་གི་ཁོར་ཡུག་ཆ་རྐྱེན་དེ་ཉར་དངོས་བཤམས་སྟོན་དང་སྲུང་སྐྱོང་།དོ་དམ་བཅས་ཀྱི་དགོས་མཁོ་དང་མཐུན་པའི་བདེན་དཔང་ཁུངས་སྐྱེལ་ཡིག་རིགས།

        (གསུམ)ཉར་དངོས་ཀྱི་དཀར་ཆག་དང་རྣམ་བཤད། ཁྲིམས་མཐུན་ཡོང་ཁུངས་བཅས་ཀྱི་གསལ་བཤད།

        (བཞི)མ་དངུལ་བཏང་བའི་བདེན་དཔང་ཡི་གེ་དང་མ་དངུལ་ལ་ཞིབ་བཤེར་བྱེད་པའི་སྙན་ཞུ།

        (ལྔ)ཆེད་ལས་ལག་རྩལ་མི་སྣ་དང་དོ་དམ་མི་སྣའི་གཞི་རྩའི་གནས་ཚུལ།

        (དྲུག)བཤམས་སྟོན་བྱེད་ཐབས་བཅས་སོ།།

        དོན་ཚན་བཅོ་ལྔ་པ། ཉར་དངོས་རྣམས་གནའ་རབས་སྐྱེ་དངོས་འགྱུར་རྡོར་མི་གཏོགས་པའི་རྒྱལ་དབང་མ་ཡིན་པའི་དངོས་མང་བཤམས་སྟོན་ཁང་འཛུགས་སྐབས། འབྲེལ་ཡོད་ཐོ་འགོད་དོ་དམ་ལས་ཁུངས་སུ་སོང་ནས་ཁྲིམས་ལྟར་ཁྲིམས་མིའི་ཐོ་འགོད་འགྲོ་རིམ་བསྒྲུབ་དགོས།གོང་གི་དོན་ཚན་ནང་གཏན་འཁེལ་བྱས་ཡོད་པའི་རྒྱལ་དབང་མ་ཡིན་པའི་དངོས་མང་བཤམས་སྟོན་ཁང་བསྒྱུར་བ་དང་མཇུག་སྒྲིལ་སྐབས། འབྲེལ་ཡོད་ཀྱི་ཐོ་འགོད་དོ་དམ་ལས་ཁུངས་སུ་སོང་ནས་བསྒྱུར་བ་ཐོ་འགོད་དང་ཐོ་སུབ་ཐོ་འགོད་བྱ་དགོས་པར་མ་ཟད། དངོས་མང་བཤམས་སྟོན་ཁང་ཡོད་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་རྫས་གཙོ་གཉེར་སྡེ་ཁག་ཏུ་སྙན་སེང་ཐོ་འགོད་བྱ་དགོས།

        དོན་ཚན་བཅུ་དྲུག་པ། ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་རྫས་གཙོ་གཉེར་སྡེ་ཁག་གིས་དུས་ཐོག་ཏུ་རང་སྲིད་འཛིན་ཁྱབ་ཁོངས་ནང་དུ་ཐོ་འགོད་བྱས་ཟིན་པའི་དངོས་མང་བཤམས་སྟོན་ཁང་གི་མིང་དང་ས་གནས། འབྲེལ་གཏུག་བྱེད་ཐབས། ཉར་དངོས་གཙོ་བོ་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱ་དགོས།

        ལེའུ་གསུམ་པ།དངོས་མང་བཤམས་སྟོན་ཁང་གི་དོ་དམ།

        དོན་ཚན་བཅུ་བདུན་པ། དངོས་མང་བཤམས་སྟོན་ཁང་གིས་ཁྲིམས་མི་བཅོས་སྐྱོང་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ་དང་། འབྲེལ་ཡོད་རྩ་འཛུགས་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

        དོན་ཚན་བཅོ་བརྒྱད་པ། དངོས་མང་བཤམས་སྟོན་ཁང་གི་ཆེད་ལས་ལག་རྩལ་མི་སྣར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ཆེད་ལས་ལག་རྩལ་གྱི་གོ་མིང་གཏན་འབེབས་བྱ་དགོས།

        དོན་ཚན་བཅུ་དགུ་པ།དངོས་མང་བཤམས་སྟོན་ཁང་གིས་ཁྲིམས་ལྟར་དོ་དམ་དང་ཡང་ན་བཀོལ་སྤྱོད་བྱེད་ཀྱིན་པའི་རྒྱུ་ནོར་དེ། རྩ་འཛུགས་དང་ཡང་ན་མི་སྒེར་སུ་ཞིག་གིས་ཀྱང་བདག་བཟུང་བྱེད་མི་ཆོགདངོས་མང་བཤམས་སྟོན་ཁང་གིས་རིག་རྫས་སོགས་ཉར་དངོས་ཀྱི་ཚོང་ལས་བདག་གཉེར་བྱ་འགུལ་སྤེལ་མི་ཆོག དངོས་མང་བཤམས་སྟོན་ཁང་གིས་ཚོང་ལས་བདག་གཉེར་བྱ་འགུལ་གཞན་དག་སྤེལ་སྐབས། དངོས་མང་བཤམས་སྟོན་ཁང་བཙུགས་པའི་དགོངས་དོན་དང་འགལ་མི་ཆོག་ལ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་མི་ཆོག དངོས་མང་བཤམས་སྟོན་ཁང་གིས་ཚོང་ལས་བདག་གཉེར་བྱ་འགུལ་གཞན་དག་སྤེལ་བའི་བྱེ་བྲག་གི་བྱེད་ཐབས་ནི་རྒྱལ་ཁབ་རིག་རྫས་གཙོ་གཉེར་སྡེ་ཁག་གིས་བཟོ་དགོས།

        དོན་ཚན་ཉི་ཤུ་པ། དངོས་མང་བཤམས་སྟོན་ཁང་གིས་ཞལ་འདེབས་དང་ལེན་བྱེད་སྐབས། འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་བརྩི་སྲུང་བྱ་དགོས། དངོས་མང་བཤམས་སྟོན་ཁང་གིས་གཙོ་སྒྲུབ་མཁན་དང་ཞལ་འདེབས་མཁན་གྱི་རུས་དང་མིང་གཡར་ཏེ་དངོས་མང་བཤམས་སྟོན་ཁང་གི་ཁང་ཤག་དང་སྒྲིག་བཀོད་གཞན་དག་ལ་མིང་བཏགས་ཆོག་ལ། རྒྱལ་དབང་མ་ཡིན་པའི་དངོས་མང་བཤམས་སྟོན་ཁང་གིས་ད་རུང་གཙོ་སྒྲུབ་མཁན་དང་ཡང་ན་ཞལ་འདེབས་མཁན་གྱི་རུས་དང་མིང་གཡར་ཏེ་དངོས་མང་བཤམས་སྟོན་ཁང་ལ་མིང་བཏགས་ཆོག དོན་ཚན་ཉེར་གཅིག་པ།དངོས་མང་བཤམས་སྟོན་ཁང་གིས་ཉོ་བའམ་ཞལ་འདེབས་དང་ལེན་བྱེད་པ་དང་། ཁྲིམས་ལྟར་བརྗེ་རེས་བྱེད་པ་སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འཁེལ་བྱས་ཡོད་པའི་བྱེད་ཐབས་ཀྱིས་ཉར་དངོས་སྡུད་ལེན་བྱེད་པ་ལས། ཡོང་ཁུངས་མི་གསལ་བ་དང་ཡོང་ཁུངས་ཁྲིམས་མཐུན་མིན་པའི་ཉར་དངོས་སྡུད་ལེན་བྱ་མི་ཆོག

        དོན་ཚན་ཉེར་གཉིས་པ། དངོས་མང་བཤམས་སྟོན་ཁང་གིས་ཉར་དངོས་ཀྱི་རྩིས་ཁྲ་དང་ཡིག་ཚགས་འཛུགས་དགོས། ཉར་དངོས་རྣམས་རིག་རྫས་ཡིན་ན། རིག་རྫས་ཀྱི་རིམ་པ་དགར་དགོས་ལ། ཁེར་རྐྱང་གིས་རིག་རྫས་ཡིག་ཚགས་བཟོ་བ་དང་། གཟབ་ནན་གྱི་དོ་དམ་ལམ་ལུགས་འཛུགས་དགོས་པར་མ་ཟད། རིག་རྫས་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་སྙན་སེང་བྱེད་དུ་འཇུག་དགོས། གོང་གི་གཏན་འཁེལ་ལྟར་རྩིས་ཁྲ་དང་ཡིག་ཚགས་བཙུགས་ཟིན་པའི་ཉར་དངོས་རྣམས་བརྗེ་སྤོར་བྱེད་པའམ་ཡང་ན་གཞན་ལ་གཡར་མི་ཆོག

        དོན་ཚན་ཉེར་གསུམ་པ།དངོས་མང་བཤམས་སྟོན་ཁང་གི་ཁྲིམས་བཀོད་འཐུས་ཚབ་པས་ཉར་དངོས་ཀྱི་བདེ་འཇགས་ལ་འགན་འཁུར་དགོས། དངོས་མང་བཤམས་སྟོན་ཁང་གི་ཁྲིམས་བཀོད་འཐུས་ཚབ་པ་དང་ཉར་དངོས་དོ་དམ་མི་སྣ་ལས་གནས་དང་ཁ་འབྲལ་སྐབས།ཉར་དངོས་བརྒྱུད་སྤྲོད་བྱེད་པའི་འགྲོ་རིམ་བསྒྲུབ་དགོས།

        དོན་ཚན་ཉེར་བཞི་པ། དངོས་མང་བཤམས་སྟོན་ཁང་གིས་ཉར་དངོས་ཀྱི་དོ་དམ་ལ་ཤུགས་བསྣན་དགོས་པ་དང་།ཉར་དངོས་ཀྱི་བདེ་འཇགས་འགན་སྲུང་བྱེད་པའི་སྒྲིག་ཆས་དང་སྒྲིག་བཀོད་ལ་དུས་བཅད་ལྟར་ཞིབ་བཤེར་དང་སྲུང་སྐྱོང་བྱས་ཏེ། དེའི་རྒྱུན་ལྡན་འཁོར་སྐྱོད་ལ་འགན་སྲུང་བྱ་དགོས། ཉར་དངོས་རྩ་ཆེན་དང་ཆག་སྐྱོན་འབྱུང་སླ་བའི་ཉར་དངོས་ལ་ཆེད་དམིགས་མཛོད་ཁང་འཛུགས་པའམ་ཡང་ན་ཆེད་སྤྱོད་སྒྲིག་ཆས་ཀྱིས་ཉར་ཚགས་བྱ་དགོས་པར་མ་ཟད། ཆེད་དམིགས་མི་སྣས་དོ་དམ་བྱ་དགོས།

        དོན་ཚན་ཉེར་ལྔ་པ།དངོས་མང་བཤམས་སྟོན་ཁང་གི་ཉར་དངོས་རྣམས་རྒྱལ་དབང་རིག་རྫས་སམ་ཡང་ན་རྒྱལ་དབང་མ་ཡིན་པའི་རིག་རྫས་ཁྲོད་ཀྱི་རིག་རྫས་རྩ་ཆེན་ནམ་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་དུ་ཁྱེར་མི་ཆོག་པར་གཏན་འཁེལ་བྱས་ཡོད་པའི་རིག་རྫས་གཞན་པ་ཡིན་ན། ཕྱི་རྒྱལ་དུ་ཁྱེར་མི་ཆོག་ལ་ཕྱི་རྒྱལ་གྱི་མི་ལ་བརྒྱུད་སྤྲོད་དང་གླ་གཏོང་། གཏའ་མར་འཇོག་པ་བཅས་ཀྱང་བྱེད་མི་ཆོགརྒྱལ་དབང་དངོས་མང་བཤམས་སྟོན་ཁང་གི་ཉར་དངོས་རིག་རྫས་སུ་གཏོགས་ན། སྡེ་ཁག་གཞན་པ་དང་ཡང་ན་མི་སྒེར་ལ་སྟེར་བ་དང་གླ་གཏོང་། ཕྱིར་འཚོང་བཅས་བྱ་མི་ཆོག

        དོན་ཚན་ཉེར་དྲུག་པ།དངོས་མང་བཤམས་སྟོན་ཁང་གི་མཇུག་བསྒྲིལ་པ་ལ། འབྲེལ་ཡོད་ཀྱི་ཁེ་གཉེར་མ་ཡིན་པའི་རྩ་འཛུགས་ཀྱིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར་ཉར་དངོས་ཐག་གཅོད་བྱ་དགོས་ལ། ཉར་དངོས་དེ་རྒྱལ་ཁབ་ཀྱིས་ཉོ་འཚོང་བྱ་མི་ཆོག་པར་གཏན་འཁེལ་བྱས་ཡོད་པའི་རིག་རྫས་ཡིན་ན།འབྲེལ་ཡོད་རིག་རྫས་སྲུང་སྐྱོང་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར་ཐག་གཅོད་བྱ་དགོས།

        དོན་ཚན་ཉེར་བདུན་པ།དངོས་མང་བཤམས་སྟོན་ཁང་གི་ཉར་དངོས་རྣམས་རིག་རྫས་སམ་གནའ་རབས་སྐྱེ་དངོས་འགྱུར་རྡོ་རུ་གཏོགས་ན། དེ་ལེན་པ་དང་སྲུང་སྐྱོང་། དོ་དམ།འགྲེམ་སྟོན།ཐག་གཅོད།ཕྱི་རྒྱལ་དུ་ཁྱེར་བ་སོགས་ཀྱི་ཐད་ནས་སོ་སོར་འབྲེལ་ཡོད་རིག་རྫས་སྲུང་སྐྱོང་བཅའ་ཁྲིམས་དང་གནའ་རབས་སྐྱེ་དངོས་འགྱུར་རྡོའི་སྲུང་སྐྱོང་བཅའ་ཁྲིམས་སམ་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་བརྩི་སྲུང་བྱ་དགོས།

         ལེའུ་བཞི་པ། དངོས་མང་བཤམས་སྟོན་ཁང་གི་སྤྱི་ཚོགས་ཞབས་ཞུ། དོན་ཚན་ཉེར་བརྒྱད་པ།དངོས་མང་བཤམས་སྟོན་ཁང་གིས་ཐོ་འགོད་དཔང་ཡིག་བླངས་པའི་ཉིན་དེ་ནས་བཟུང་ཟླ་ངོ6གི་ནང་མང་ཚོགས་ལ་སྒོ་འབྱེད་དགོས།

        དོན་ཚན་ཉེར་དགུ་པ།དངོས་མང་བཤམས་སྟོན་ཁང་གིས་མང་ཚོགས་ལ་སྒོ་འབྱེད་པའི་དུས་ཚོད་བྱེ་བྲག་ཏུ་སྤྱི་བསྒྲགས་བྱ་དགོས་ལ། ཁྲིམས་བཀོད་དུས་ཆེན་དང་སློབ་གྲྭའི་དབྱར་དགུན་གནང་གི་སྐབས་སུ་སྒོ་འབྱེད་དགོས།

        དོན་ཚན་སུམ་ཅུ་པ།དངོས་མང་བཤམས་སྟོན་ཁང་གིས་བཤམས་སྟོན་བྱེད་སྐབས། གཤམ་གྱི་གཏན་འཁེལ་འདི་དག་བརྩི་སྲུང་བྱ་དགོས་པ་སྟེ།

        (གཅིག)བརྗོད་གཞི་དང་ནང་དོན་ཚང་མ་རྩ་ཁྲིམས་སྟེང་གཏན་འཁེལ་བྱས་ཡོད་པའི་གཞི་རྩའི་རྩ་དོན་དང་། རྒྱལ་ཁབ་ཀྱི་བརྟན་འཇགས་དང་མི་རིགས་ཀྱི་མཐུན་སྒྲིལ། རྒྱལ་གཅེས་རིང་ལུགས་དར་སྤེལ་གཏོང་བ།ཚན་རིག་དང་མཐུན་པའི་དགོངས་དོན་ཁྱབ་སྤེལ་བྱེད་པ།ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བ།ཕུལ་བྱུང་རིག་གནས་བརྒྱུད་སྒྲོག་བྱེད་པ།གོམས་སྲོལ་བཟང་པོ་སྐྱེད་སྲིང་བྱེད་པ།སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་བྱེད་པ།སྤྱི་ཚོགས་དཔལ་ཡོན་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་དང་མཐུན་དགོས།

        (གཉིས)དངོས་མང་བཤམས་སྟོན་ཁང་འཛུགས་པའི་དགོངས་དོན་དང་མཐུན་ཞིང་། ཉར་དངོས་ཀྱི་ཁྱད་ཆོས་འབུར་ཐོན་ཡོང་དགོས།

        (གསུམ)ཚད་དང་རན་པའི་ལག་རྩལ་དང་རྒྱུ་ཆ། བཟོ་རྩལ། ལག་རྩལ་སོགས་བྱེད་ཐབས་སྤྱད་དེ།རྣམ་པ་དང་ནང་དོན་འཆམ་མཐུན་དང་གཅིག་གྱུར་ཡོང་བ་བྱ་དགོས།

        (བཞི)བཤམས་དངོས་ནི་མ་བཅོས་དངོས་པོ་ཡིན་དགོས། བསྐྱར་དཔར་དངོས་པོ་དང་འདྲ་བཟོས་དངོས་པོ་ཡིན་ན་གསལ་བཤད་བྱ་དགོས།

        (ལྔ)རྣམ་པ་མང་པོ་སྤྱད་དེ་ཚན་རིག་དང་མཐུན་ཞིང་ཡང་དག་པ། གསོན་ཉམས་ལྡན་པ་བཅས་ཀྱི་ཡི་གེ་སྤྱད་དེ་གསལ་བཤད་དང་འགྲེལ་བཤད་བྱ་དགོས།

        (དྲུག)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འཁེལ་གཞན་དག་དང་མཐུན་དགོས་པ་བཅས་སོ། །བཤམས་དངོས་འགྲེམ་སྟོན་བྱེད་པའི་བརྗོད་གཞི་དང་ནང་དོན་དེ་ནར་མ་སོན་པའི་མི་ལ་མི་འཚམ་ན་དངོས་མང་བཤམས་སྟོན་ཁང་དུ་ནར་མ་སོན་པའི་མི་ཡོང་དུ་འཇུག་མི་ཆོག

        དོན་ཚན་སོ་གཅིག་པ། དངོས་མང་བཤམས་སྟོན་ཁང་གིས་བཤམས་སྟོན་བྱེད་སྐབས། བཤམས་སྟོན་མ་བྱས་པའི་ལས་ཉིན10ཡི་སྔོན་ལ།བཤམས་སྟོན་བརྗོད་གཞི་དང་བཤམས་དངོས་གསལ་བཤད། འགྲེལ་བཤད་ཡི་གེ་སོགས་བཤམས་སྟོན་བྱེད་སའི་ས་གནས་ཀྱི་རིག་རྫས་གཙོ་གཉེར་སྡེ་ཁག་དང་ཡང་ན་འབྲེལ་ཡོད་སྡེ་ཁག་གཞན་པར་ཐོ་འགོད་སྙན་སེང་ཞུ་དགོས།རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་རིག་རྫས་གཙོ་གཉེར་སྡེ་ཁག་དང་དངོས་མང་བཤམས་སྟོན་ཁང་གི་ལས་རིགས་རྩ་འཛུགས་ཀྱིས་དངོས་མང་བཤམས་སྟོན་ཁང་གི་འགྲེམ་སྟོན་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱེད་པར་ཤུགས་བསྣན་དགོས།

        དོན་ཚན་སོ་གཉིས་པ།དངོས་མང་བཤམས་སྟོན་ཁང་གིས་འོས་འཚམ་གྱི་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ཏེ།ན་ཚོད་མི་འདྲ་བའི་ནར་མ་སོན་པའི་མིའི་ལོ་ཚོད་ལྟར་འགྲེལ་བཤད་བྱ་དགོས་པ་དང་། དབྱར་དགུན་གནང་གི་སྐབས་སུ།ཆ་རྐྱེན་འཛོམས་པའི་དངོས་མང་བཤམས་སྟོན་ཁང་གིས་སློབ་མའི་ཁྱད་ཆོས་དང་མཐུན་པའི་བཤམས་སྟོན་ལས་གཞི་འཛུགས་དགོས།

        དོན་ཚན་སོ་གསུམ་པ།དངོས་མང་བཤམས་སྟོན་ཁང་གིས་རིན་མི་ལེན་པར་མང་ཚོགས་ལ་སྒོ་འབྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་ཀྱིན་ཡོད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རིན་མི་ལེན་པར་མང་ཚོགས་ལ་སྒོ་འབྱེད་པའི་དངོས་མང་བཤམས་སྟོན་ཁང་ལ་དགོས་ངེས་ཀྱི་འགྲོ་གྲོན་ཐད་ཀྱི་རྒྱབ་སྐྱོར་བྱ་དགོས།དངོས་མང་བཤམས་སྟོན་ཁང་གིས་རིན་མི་ལེན་པར་སྒོ་འབྱེད་ཀྱིན་མེད་ན།དེའི་པ་སེ་དང་གྲོན་དངུལ་ལས་གཞིའི་ཚད་གཞི་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་བསྡུ་དགོས་པར་མ་ཟད།དངུལ་སྡུད་ས་ཚིགས་ཀྱི་མཐོང་སླ་བའི་གནས་སུ་སྤྱི་བསྒྲགས་བྱ་དགོས།དངོས་མང་བཤམས་སྟོན་ཁང་གིས་རིན་མི་ལེན་པར་སྒོ་འབྱེད་ཀྱིན་མེད་ན། ནར་མ་སོན་པའི་མི་དང་ནར་སོན་པའི་སློབ་མ། དགེ་རྒན། རྒན་པ།དབང་བོ་སྐྱོན་ཅན།དམག་མི་བཅས་ལ་རིན་མི་ལེན་པར་སྒོ་འབྱེད་དགོས་པའམ་ཡང་ན་གཞན་པའི་གཟིགས་སྐྱོང་བྱ་དགོས།དངོས་མང་བཤམས་སྟོན་ཁང་གིས་གཟིགས་སྐྱོང་གི་ལས་གཞི་དང་ཚད་གཞི་རྣམས་མང་ཚོགས་ལ་སྤྱི་བསྒྲགས་བྱ་དགོས།

        དོན་ཚན་སོ་བཞི་པ།དངོས་མང་བཤམས་སྟོན་ཁང་གིས་རང་སྟེང་གི་ཁྱད་ཆོས་དང་ཆ་རྐྱེན་ལ་བསྟུན་ནས། དེང་རབས་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་དང་། རྣམ་པ་སྣ་ཚོགས་ཡིན་ཞིང་གསོན་ཉམས་ལྡན་པའི་སྤྱི་ཚོགས་སློབ་གསོ་དང་ཞབས་ཞུའི་བྱ་འགུལ་སྤེལ་དགོས་ལ།སྡེ་ཁུལ་གྱི་རིག་གནས་འཛུགས་སྐྲུན་དང་ཕྱི་རོལ་གྱི་རིག་གནས་བརྗེ་རེས་སམ་མཉམ་ལས་ནང་ཞུགས་དགོས།རྒྱལ་ཁབ་ཀྱིས་དངོས་མང་བཤམས་སྟོན་ཁང་གིས་ཉར་དངོས་ཀྱི་ནང་དོན་སྔོག་འདོན་བྱེད་པར་སྐུལ་མ་བཏང་ནས། རིག་གནས་གསར་སྐྲུན་དང་གནས་སྐོར་སོགས་ཐོན་ལས་དང་མཉམ་འབྲེལ་སྒོས། བསྐྱར་བྱུང་གི་ཐོན་རྫས་གསར་སྤེལ་བྱས་ནས་དངོས་མང་བཤམས་སྟོན་ཁང་གི་འཕེལ་རྒྱས་ནུས་པ་ཇེ་མཐོར་གཏོང་བར་རྒྱབ་སྐྱོར་བྱ་དགོས།

        དོན་ཚན་སོ་ལྔ་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཁབ་རིག་རྫས་གཙོ་གཉེར་སྡེ་ཁག་དང་མཉམ་དུ། དངོས་མང་བཤམས་སྟོན་ཁང་གི་ཐོན་ཁུངས་བེད་སྤྱད་དེ་སློབ་གསོ་སློབ་ཁྲིད་དང་སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ་བའི་སྲིད་ཇུས་བྱེད་ཐབས་བཟོ་དགོས།ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་སློབ་ཐུན་བཀོད་སྒྲིག་དང་སློབ་གསོའི་འཆར་གཞིར་བསྟུན་ནས། སློབ་མར་དངོས་མང་བཤམས་སྟོན་ཁང་དུ་སོང་ནས་སློབ་སྦྱོང་དང་ལག་ལེན་བྱ་འགུལ་སྤེལ་བར་སྐུལ་མ་གཏོང་དགོས།དངོས་མང་བཤམས་སྟོན་ཁང་གིས་འབྲེལ་ཡོད་སློབ་ཁྲིད་དང་སློབ་གསོ་བྱ་འགུལ་སྣ་ཚོགས་སྤེལ་བར་སློབ་གྲྭས་རྒྱབ་སྐྱོར་དང་རོགས་སྐྱོར་བྱ་དགོས།

        དོན་ཚན་སོ་དྲུག་པ།དངོས་མང་བཤམས་སྟོན་ཁང་གིས་ཉར་དངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་།འབྲེལ་ཡོད་ཆེད་ལས་ཁྱབ་ཁོངས་ཀྱི་གཞུང་ལུགས་དང་བེད་སྤྱོད་ལ་ཞིབ་འཇུག་བྱས་ཏེ།བྱེད་སྒོའི་ཆུ་ཚད་ཇེ་མཐོ་དང་ཆེད་ལས་ལག་རྩལ་གྱི་སྐྱེད་སྲིང་ལ་སྐུལ་འདེད་གཏོང་དགོས།དངོས་མང་བཤམས་སྟོན་ཁང་གིས་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ལས་ཁུངས།ཆེད་ལས་མཁས་པ་བཅས་ཀྱི་ཚན་རིག་ཞིབ་འཇུག་བྱ་བར་རྒྱབ་སྐྱོར་དང་རོགས་རམ་བྱ་དགོས། དོན་ཚན་སོ་བདུན་པ།མང་ཚོགས་ཀྱིས་དངོས་མང་བཤམས་སྟོན་ཁང་གི་བཤམས་དངོས་དང་སྒྲིག་བཀོད། ཁོར་ཡུག་བཅས་ལ་གཅེས་སྤྲས་བྱ་དགོས་པ་ལས། དངོས་མང་བཤམས་སྟོན་ཁང་གི་བཤམས་དངོས་དང་སྒྲིག་བཀོད་ལ་ཆག་སྐྱོན་བཟོ་མི་ཆོག

        དོན་ཚན་སོ་བརྒྱད་པ།དངོས་མང་བཤམས་སྟོན་ཁང་གི་ལས་རིགས་རྩ་འཛུགས་ཀྱིས་དངོས་མང་བཤམས་སྟོན་ཁང་གི་སློབ་གསོ་དང་ཞབས་ཞུ།གཞན་ད་རུང་ཉར་དངོས་སྲུང་སྐྱོང་དང་ཞིབ་འཇུག འགྲེམ་སྟོན་ཆུ་ཚད་བཅས་གཞིར་བཟུང་ནས།དངོས་མང་བཤམས་སྟོན་ཁང་ལ་དཔྱད་དཔག་བྱེད་ཆོག བྱེ་བྲག་གི་བྱེད་ཐབས་རྒྱལ་ཁབ་རིག་རྫས་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་གཞན་དག་དང་མཉམ་དུ་བཟོ་དགོས།

         ལེའུ་ལྔ་པ།བཅའ་ཁྲིམས་ཀྱི་འགན་འཁྲི།

        དོན་ཚན་སོ་དགུ་པ།དངོས་མང་བཤམས་སྟོན་ཁང་གིས་ཡོང་ཁུངས་མི་གསལ་བའམ་ཡོང་ཁུངས་ཁྲིམས་མཐུན་མིན་པའི་ཉར་དངོས་བླངས་པ་དང་། ཡང་ན་བཤམས་སྟོན་གྱི་བརྗོད་གཞི་དང་ནང་དོན་གྱིས་ཤུགས་རྐྱེན་ངན་པ་བཟོས་ན། ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་རྫས་གཙོ་གཉེར་སྡེ་ཁག་དང་ཡང་ན་འབྲེལ་ཡོད་ཐོ་འགོད་དོ་དམ་སྡེ་ཁག་གིས་འགན་འཁྲིའི་ལས་བགོས་ལྟར། བཅོས་བསྒྱུར་བྱ་རྒྱུའི་བཀའ་འབེབ་དགོས་པ་དང་། ཁྲིམས་འགལ་ཐོབ་ཆ་ཡོད་ན་ཁྲིམས་འགལ་ཐོབ་བྱ་གཞུང་བཞེས་བྱ་དགོས་པར་མ་ཟད། ཁྲིམས་འགལ་ཐོབ་བྱའི་ལྡབ2ཡན་དང་ལྡབ5མན་གྱི་དངུལ་ཆད་གཅོད་དགོས། ཁྲིམས་འགལ་ཐོབ་བྱ་མེད་ན།སྒོར5000ཡན་དང་ཁྲི2མན་གྱི་དངུལ་ཆད་གཅོད་དགོས། གནས་ཚུལ་ཚབས་ཆེན་ཡིན་ན།ཐོ་འགོད་དོ་དམ་ལས་ཁུངས་ནས་ཐོ་འགོད་ཕྱིར་འཐེན་བྱ་དགོས།

        དོན་ཚན་བཞི་བཅུ་པ།དངོས་མང་བཤམས་སྟོན་ཁང་གིས་རིག་རྫས་ཉར་དངོས་ཀྱི་ཚོང་ལས་བདག་གཉེར་བྱ་འགུལ་སྤེལ་གྱིན་ཡོད་ན། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་རིག་རྫས་སྲུང་སྐྱོང་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར་ཆད་པ་གཅོད་དགོས།དངོས་མང་བཤམས་སྟོན་ཁང་གིས་རིག་རྫས་མ་ཡིན་པའི་ཉར་དངོས་ཀྱི་ཚོང་ལས་བདག་གཉེར་བྱ་འགུལ་སྤེལ་བའམ་ཡང་ན་ཚོང་ལས་བདག་གཉེར་བྱ་འགུལ་གཞན་པ་སྤེལ་ཏེ་དངོས་མང་བཤམས་སྟོན་ཁང་བཙུགས་པའི་དགོངས་དོན་དང་འགལ་བའི་སྒོ་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་ཡོད་ན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་རྫས་གཙོ་གཉེར་སྡེ་ཁག་དང་ཡང་ན་འབྲེལ་ཡོད་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་འགན་འཁྲིའི་ལས་བགོས་ལྟར། བཅོས་བསྒྱུར་བྱེད་པའི་བཀའ་འབེབ་དགོས་པ་དང་།ཁྲིམས་འགལ་གྱི་ཐོབ་བྱ་ཡོད་ན། ཁྲིམས་འགལ་ཐོབ་བྱ་གཞུང་བཞེས་བྱ་དགོས་པར་མ་ཟད། ཁྲིམས་འགལ་ཐོབ་ཆའི་ལྡབ2ཡན་དང་ལྡབ5མན་གྱི་དངུལ་ཆད་གཅོད་པ་དང་། ཁྲིམས་འགལ་ཐོབ་བྱ་མེད་ན། སྒོར5000ཡན་དང་ཁྲི2མན་གྱི་ཆད་པ་གཅོད་དགོས། གནས་ཚུལ་ཚབས་ཆེན་ཡིན་ན། ཐོ་འགོད་དོ་དམ་ལས་ཁུངས་ནས་ཐོ་འགོད་ཕྱིར་འཐེན་བྱ་དགོས།

        དོན་ཚན་ཞེ་གཅིག་པ།དངོས་མང་བཤམས་སྟོན་ཁང་གིས་ཐོ་འགོད་དཔང་ཡིག་བླངས་པའི་ཉིན་དེ་ནས་བཟུང་བའི་ཟླ6གི་ནང་ད་རུང་མང་ཚོགས་ལ་སྒོ་མ་ཕྱེས་པའམ་ཡང་ན་སྲོལ་ཡིག་འདིའི་གཏན་འཁེལ་ལྟར་རིན་མི་ལེན་པར་སྒོ་མ་ཕྱེས་པའམ་གཟིགས་སྐྱོང་གཞན་པ་གང་ཡང་མ་བཏོན་ན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་རྫས་གཙོ་གཉེར་སྡེ་ཁག་གིས་བཀའ་ཕབ་སྟེ་བཅོས་བསྒྱུར་བྱེད་དུ་འཇུག་དགོས་ལ། བཅོས་བསྒྱུར་མི་བྱེད་ན། ཐོ་འགོད་དོ་དམ་ལས་ཁུངས་ནས་ཐོ་འགོད་ཕྱིར་འཐེན་བྱ་དགོས།

        དོན་ཚན་ཞེ་གཉིས་པ།དངོས་མང་བཤམས་སྟོན་ཁང་དེ་འབྲེལ་ཡོད་ཀྱི་རིན་གོང་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་དང་འགལ་ཡོད་ན། དངོས་མང་བཤམས་སྟོན་ཁང་ཡོད་སའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་གཉེར་སྡེ་ཁག་གིས་ཁྲིམས་ལྟར་ཆད་པ་གཅོད་དགོས།

        དོན་ཚན་ཞེ་གསུམ་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་རྫས་གཙོ་གཉེར་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག དེ་མིན་ད་རུང་དེའི་ལས་བྱེད་པ་བཅས་ཀྱིས་ལས་འགན་སྣང་མེད་དུ་འཇོག་པ་དང་འགན་དབང་གང་འདོད་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་དང་། ལས་གནས་སྟེང་གི་སྟབས་བདེ་བེད་སྤྱད་དེ་ཁེ་ཕན་བརྩོན་པའམ་གཞན་གྱི་རྒྱུ་ནོར་བླངས་ན། རིམ་པ་དེའི་མི་དམངས་སྲིད་གཞུང་དང་ཡང་ན་རིམ་པ་གོང་མའི་ལས་ཁུངས་ཀྱིས་བཀའ་ཕབ་སྟེ་བཅོས་བསྒྱུར་བྱེད་དུ་འཇུག་དགོས་པ་དང་བརྡ་ཁྱབ་སྤེལ་ཏེ་སྐྱོན་བརྗོད་བྱ་དགོས་ལ། ཐད་ཀར་འགན་ཁུར་པའི་གཙོ་གཉེར་མཁན་དང་ཐད་ཀའི་འགན་འཁྲི་པ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།

        དོན་ཚན་ཞེ་བཞི་པ། སྲོལ་ཡིག་འདིའི་གཏན་འཁེལ་དང་འགལ་ཞིང་ཉེས་པ་བསགས་ཡོད་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།

         ལེའུ་དྲུག་པ། ཞར་བྱུང་།

        དོན་ཚན་ཞེ་ལྔ་པ། སྲོལ་ཡིག་འདིའི་ནང་དུ་རྗོད་ཀྱིན་པའི་དངོས་མང་བཤམས་སྟོན་ཁང་གི་ནང་དུ་ཚན་རིག་ལག་རྩལ་ཁྱབ་གདལ་དུ་གཏོང་བར་དམིགས་པའི་ཚན་རྩལ་ར་བ་མི་འདུས།

        དོན་ཚན་ཞེ་དྲུག་པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལ་གཏོགས་པའི་དངོས་མང་བཤམས་སྟོན་ཁང་ལ་དམག་དཔུང་གི་འབྲེལ་ཡོད་གཏན་འབེབས་ལྟར་དོ་དམ་བྱ་དགོས།དོན་ཚན་ཞེ་བདུན་པ། སྲོལ་ཡིག་འདི2015ལོའི་ཟླ3པའི་ཚེས20ཉིན་ནས་ལག་བསྟར་བྱ་རྒྱུ།།

        