ཁ་པར་སྤྱོད་མཁན་གྱི་ཐོབ་ཐང་ངོ་མ་བཀོད་མེད་ཚེ་ཁ་པར་གྱི་བརྡ་འཕྲིན་གཏོང་མཚམས་གཅོད་རྒྱུ་སྐོར་བཟོ་ལས་དང་ཆ་འཕྲིན་ཅན་འགྱུར་པུའུ་ནས་བསྒྲགས་འདུག །

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-05-25 17:38:06      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        ཟླ5བའི་ཚེས24ཉིན་མི་དམངས་དྲ་བས་པེ་ཅིང་ནས་སྤེལ་བའི་འཕྲིན་ལྟར་ན། བཟོ་ལས་དང་ཆ་འཕྲིན་ཅན་འགྱུར་པུའུ་ཡིས་ཉེ་ལམ་བརྡ་ཁྱབ་བསྒྲགས་དོན། རིམ་པ་ཁག་གི་བརྡ་འཕྲིན་དོ་དམ་སྡེ་ཚན་དང་ལས་གཉེར་ཁེ་ལས་ཀྱིས་འཇིགས་སྐུལ་རིང་ལུགས་པ་རྒོལ་བའི་ཁྲིམས་ལུགས་སོགས་སྒྲིག་ཁྲིམས་ཀྱི་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁ་པར་སྤྱོད་མཁན་ཐོབ་ཐང་གི་ཆ་འཕྲིན་ངོ་མ་འཁྲུལ་མེད་ཡང་དག་འགོད་དགོས་པའི་བླང་བྱ་བཏོན་འདུག །

         བརྡ་ཁྱབ་ཀྱི་ནང་དོན་རགས་བསྡུས་ཤིག་བཀོད་ན།  2013ལོར་ཁ་པར་སྤྱོད་མཁན་ལ་དངོས་མིང་ཐོ་འགོད་བྱེད་དུ་བཅུག་པ་ནས་བཟུང་། དྲ་བར་འཇུག་མཁན་རྣམས་ཀྱིས་དངོས་མིང་ཐོ་འགོད་བྱས་ཡོད། འོན་ཀྱང་དྲ་རྒྱའི་ཚོང་གཉེར་གྱི་ཁྲོད་དུ་དྲ་བར་ཞུགས་མཁན་གྱི་ཐོ་འགོད་གཟབ་ནན་མིན་པ་དང་། སྤོ་འགུལ་བརྡ་འཕྲིན་ཚོང་སྒྱུར་ཁེ་ལས་ཀྱི་སྒྲིག་འགལ་གཟེངས་སུ་དོད་པ། དངོས་མིང་ཐོ་འགོད་མ་བྱས་པའི་དྲ་མིས་ཐོ་འགོད་ཁ་གསབ་ཧ་ཅང་དལ་དྲག་པ་ལ་སོགས་པའི་གནད་དོན་བྱུང་།

        2016ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་ལ་རྨང་གཞིའི་གློག་འཕྲིན་ཁེ་ལས་ཁག་གིས་ཁེ་ལས་ནང་ཁུལ་གྱི་ཁ་པར་སྤྱོད་མཁན་གྱི་ཐོབ་ཐང་ངོ་མ་འགོད་ཚད་95%ཡན་ལ་བསླེབ་དགོས་པ་དང་། 2017ལོའི་ཟླ6པའི་ཚེས30ཉིན་གྱི་སྔོན་ལ་ཁ་པར་སྤྱོད་མཁན་ཚང་མས་ཐོབ་ཐང་ངོ་མས་ཐོ་འགོད་བྱེད་དགོས། གལ་ཏེ་ཐོབ་ཐང་ངོ་མས་ཐོ་འགོད་མི་བྱེད་ལ། ཁ་གསབ་ཀྱང་མི་བྱེད་པའི་རིགས་ལ་བརྡ་འཕྲིན་གྱི་ཞབས་ཞུ་འདོན་མཚམས་འཇོག་རྒྱུ།

        ཁ་པར་སྤྱོད་མཁན་གྱི་ཐོ་འགོད་ཁ་གསབ་ཀྱི་འགྲོ་རིམ་སྟབས་བདེ་ཡོང་ཆེད། ལས་གཉེར་ཚོམས་ཆེན་ཀྱིས་ཆེད་དུ་དྲ་ལམ་ནས་ཐོ་འགོད་ཁ་གསབ་ལས་སྟེགས་བཙུགས་ལ། ཁ་གསབ་ཀྱི་འགྲོ་ལུགས་སྒྲུབ་པའི་གོ་རིམ་ནང་། གཞི་རྩའི་གློག་འཕྲིན་ཁེ་ལས་ཀྱིས་ཁ་པར་སྤྱོད་མཁན་གྱི་ཐོབ་ཐང་དཔང་ཡིག་དང་གནས་ཚུལ་ཡང་དག་མིན་ལ་ཞིབ་བཤེར་བྱེད་རྒྱུ། འགྲོ་རིམ་དེ་དག་ཁྲོད་དུ་བརྡ་འཕྲིན་ཁེ་ལས་ཀྱིས་ཁ་པར་སྤྱོད་མཁན་སྒེར་གྱི་འགན་འཁྲི་ལ་གང་བྱུང་དུ་སྒྲོ་འདོགས་བྱེད་མི་རུང་ལ། འགྲོ་གྲོན་ཐད་བཅོས་སྒྱུར་གྱི་རེ་བ་དེ་ལས་ཀྱང་བཏོན་མི་ཆོག གལ་ཏེ་ཐོ་འགོད་ཁ་གསབ་ལ་མོས་འཐད་མེད་པའི་སྐུ་མགྲོན་ལ་གནས་སྐབས་སུ་བརྡ་འཕྲིན་འདོན་སྤྲོད་མི་བྱེད་ལ། གྲོན་དངུལ་ཡང་བསྡུ་མི་རུང་། བརྡ་འཕྲིན་ཞབས་ཞུ་མཐའ་གཅིག་ཏུ་གཏོང་མཚམས་བཞག་པ་ཡིན་ན། ཁ་པར་གྱི་གྲོན་དངུལ་ལྷག་མ་ངེས་པར་དུ་ཁ་པར་སྤྱོད་མཁན་སྒེར་ལ་སྤྲོད་དགོས།

        ལོ་ཙཱ་བ། ཁོན་ཐར་འཚོ།