ཟློས་ གར་ འཁྲབ་ ཚན་ ཞིག་ གིས་ བོད་ རིགས་ གྲོང་ ཚོ་ ཞིག་ ལ་ འཕོ་ འགྱུར་ ཆེན་ པོ་ བྱུང་ བ།

ཡོང་ཁུངས། : ཤིན་ཧྭ་དྲ་བ།      སྤེལ་དུས། : 2016-06-22 15:24:24      རྩོམ་སྒྲིག་པ། : རྟ་མགྲིན་དཔལ།

  ལོ་ངོ་1300ཡི་གོང་ཐང་རྒྱལ་རབས་གོང་མའི་སྲས་མོ་འུན་ཤིང་ཀོང་ཇོ་ནང་སའི་སྔོན་ཐོན་ཤེས་དཔལ་བསྣམས་ཏེ་བོད་ཀྱི་བཙན་པོའི་ཁབ་ཏུ་བཞེས་པ་དང་གངས་ལྗོངས་ས་མཐོའི་སྤྱི་ཚོགས་དང་དཔལ་འབྱོར་སོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད་པ་རེད། ལོ་ངོ་1300ཡི་རྗེས་སུ་ཐང་རྒྱལ་རབས་ཀྱི་ན་ཆུང་མ་དེ་བརྗོད་བྱ་གཙོ་བོར་བྱས་པའི་དངོས་ལྗོངས་ཟློས་གར་འུན་ཤིང་ཀོང་ཇོ་ཞེས་པ་ལྷ་སར་འཁྲབ་སྟོན་བྱེད་འགོ་ཚུགས་ཤིང་། འདི་ལོའི་ཟླ་4པར་དངོས་ལྗོངས་ཟློས་གར་དེ་འཁྲབ་ནས་ལོ་3ཏག་ཏག་ཕྱིན་ཡོད་པ་རེད། མི་རྣམས་ཀྱི་བསམ་ཡུལ་ལས་འདས་པ་ཞིག་ལ་དངོས་ལྗོངས་ཟློས་གར་དེར་སྤྱི་ཚོགས་དང་དཔལ་འབྱོར་སོགས་ཀྱི་ཕན་འབྲས་སྣ་ཚོགས་ཐོན་ཡོད་པ་མ་ཟད། ད་དུང་འཁྲབ་སྟོན་བྱ་ཡུལ་ཚེ་མཆོག་གླིང་གྲོང་ཚོར་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་རེད།

           དབྱར་ཐོག་མའི་དུས་སུ་གསར་འགོད་པ་ཕོ་བྲང་པོ་ཏ་ལ་དང་ཆུ་བོ་གཅིག་གིས་ཆོད་པའི་ཚེ་མཆོག་གླིང་གྲོང་ཚོའི་ཞིང་ཁྱིམ་དང་འབྲོག་དུད་དུ་སྐྱོད་པ་དང་། ཟློས་གར་ཚོགས་ཆུང་དུ་བཅར་འདྲི་བྱེད་པ། ནང་སྦྱོང་ལ་བལྟ་བ་བཅས་ཀྱི་ཐོག་ནས་དངོས་ལྗོངས་ཟློས་གར་དེས་གྲོང་ཚོ་དེར་འཕོ་འགྱུར་ཇི་ལྟར་བྱུང་མིན་གྱི་གནས་ཚུལ་ལ་བཅར་འདྲི་ཞུས་པ་ཡིན།

  “གྲོང་ཚོ་དེར་དུད་ཚང་310དང་མི་1000ལྷག་ཙམ་ཡོད། དེའི་ནང་ནས་མི་250དངོས་ལྗོངས་ཟློས་གར‘འུན་ཤིང་ཀོང་ཇོའི’མང་ཚོགས་འཁྲབ་སྟོན་པ་ཡིན”ཞེས་དང་། ད་ཆ་འཁྲབ་སྟོན་ནང་ཞུགས་པ་བརྒྱུད་གྲོང་མི་རྣམས་ལ་ཡོང་འབབ་མང་པོ་རག་ཡོད། ཟླ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3000ཡན་ཟིན་གྱི་འདུག ལོ་ལྟར་ཟླ་4པ་ནས་དངོས་སུ་འཁྲབ་སྟོན་ཟླ་བ་བདུན་བྱེད་ཀྱི་ཡོད། ཟླ་3པར་ནང་སྦྱོང་ཟླ་བ་གཅིག་བྱས་པར་ཡང་གླ་ཆ་སྒོར་2400ཡོད་ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་སྐལ་བཟང་གིས་གསར་འགོད་པར་བརྗོད་ཀྱི་འདུག གྲོང་མི་ཉི་མ་བསྟན་འཛིན་གྱིས་ད་ཆ་རང་གི་སྒོ་འགྲམ་དུ་ཉིན་ལྟར་དགོང་མོ་ཆུ་ཚོད་གཉིས་འཁྲབ་སྟོན་བྱས་པར་ཡོང་འབབ་མང་པོ་འདུག བྱ་བ་བཟང་པོ་དེ་འདྲ་གང་དུ་ཡོད་དམ་ཞེས་བརྗོད་ཀྱི་འདུག

  གསར་འགོད་པར་དོ་སྣང་ཆེ་ཤོས་ནི་སྔོན་ཆད་ས་ཞིང་འདེབས་པ་དང་ནོར་ལུག་འཚོ་མཁན་གྱི་བོད་རིགས་ཞིང་འབྲོག་པ་དེ་དག་མང་ཚོགས་འཁྲབ་སྟོན་པར་ཇི་ལྟར་གྱུར་པ་དེ་ཡིན། ཟློས་གར་འཁྲབ་སྟོན་ཀུང་སིའི་ཏུང་ཧྲི་ཀྲང་ཆིའུ་ཝུའེ་ཡིས་ནམ་མཁའི་སྐར་ཚོམ་གར་སྟེགས་སུ་བྱེད་པ་དང་རི་ཀླུང་རྒྱབ་ལྗོངས་སུ་བྱེད་པའི་དངོས་ལྗོངས་ཟློས་གར་དེར་འཁྲབ་སྟོན་པ་1000ལྷག་ཙམ་ཟིན་པའི་ནང་ཆེད་ལས་འཁྲབ་སྟོན་པ་བཅུ་གྲངས་ཁ་ཤས་ལས་མེད། གཞན་དག་ཚང་མ་མང་ཚོགས་འཁྲབ་སྟོན་པ་རེད། མང་ཚོགས་འཁྲབ་སྟོན་པ་དེ་དག་མང་ཆེ་བ་ཉེ་འཁོར་གྲོང་ཚོ་ཚེ་མཆོག་གླིང་སོགས་ནས་ཡོང་བ་ཤ་སྟག་རེད་ཅེས་གསར་འགོད་པར་བརྗོད་པ་དང་། ཁོང་གིས་བོད་རིགས་མང་ཚོགས་རྣམས་གླུ་གར་མཁས་པོ་ཡོད་མོད། འོན་ཀྱང་འཁྲབ་སྟོན་པ་ཞིག་བྱེད་པར་རེ་བ་མཐོ་པོ་ཡོད། འཁྲབ་སྟོན་པ་དེ་དག་ཚང་མས་འགྲོ་སྐྱོད་དང་། བྲོ་གར། རྣམ་འགྱུར་སྟོན་སྟངས། འཁྲབ་སྟོན་དུས་ཚོད་བཅས་དང་དེ་བཞིན་གོ་རིམ་སོགས་ལ་སྦྱོང་བརྡར་ནན་པོ་བྱས་མྱོང་བས་ཚང་མས་དཀའ་ལས་མི་ཉུང་བ་བརྒྱབ་ཡོད་ཅེས་བརྗོད་ཀྱི་འདུག མང་ཚོགས་བུད་མེད་འཁྲབ་སྟོན་པ་ཚེ་སྐྱིད་ཀྱིས་ངས་ཟློས་གར་དེའི་ནང་གཡོག་མོ་དང་ཨར་ཀ་གཅོག་པ་སོགས་ཀྱི་མི་སྣ་འཁྲབ་འགན་ཁུར་ཡོད། འཁྲབ་བྱའི་མི་སྣ་ཚང་མའི་འགུལ་སྐྱོད་དང་རྣམ་འགྱུར་སྟོན་སྟངས་ནང་སྦྱོང་ཐེངས་མང་བྱེད་དགོས་ཀྱི་འདུག དེ་ལྟར་མ་བྱས་ཚེ་འཁྲབ་སྟོན་པ་མང་པོ་དེ་དག་གིས་གར་སྟེགས་ཐོག་གནད་འཁེལ་དང་། གསོན་ཉམས་ལྡན་པ། གཅིག་མཐུན་བཅས་ཀྱི་ངང་ཟློས་གར་དེ་འཁྲབ་མི་ཐུབ་ཅེས་གསར་འགོད་པར་བརྗོད་ཀྱི་འདུག

  གྲོང་ཚོའི་མི་རྣམས་འཁྲབ་སྟོན་པར་གྱུར་པ་མ་ཟད། ད་དུང་ནོར་ལུག་རྣམས་ཀྱང་འཁྲབ་སྟོན་པར་གྱུར་ཅིང་། གྲོང་མི་ལྷ་མོའི་ཁྱིམ་གྱིས་ལུག་40ལྷག་ཙམ་གསོས་ཡོད་པ་དང་། དེ་སྔོན་ལོ་ལྟར་ལོ་མཇུག་ཏུ་བལ་བྲེག་ནས་ཀམ་པ་ལི་འཐག་པའམ་ཡང་ན་སྒོར་བཅུ་གྲངས་ཁ་ཤས་བྱས་ནས་འཚོང་རྒྱུ་ལས་མ་འདས། ད་ཆ་དགོང་ལྟར་ཆུ་ཚོད་7པའི་གོང་དུ་ཁོ་མོས་གཟན་རྩྭ་སྟེར་བའི་ལུག་རྣམས་གར་སྟེགས་མདུན་དུ་འཁྲིད་ཡོང་བ་དང་དུས་ཚོད་ཟིན་མ་ཐག་འཁྲབ་སྟོན་པའི་བཀོད་འདོམས་འོག་ལུག་དེ་དག་རི་འདབས་སུ་དོན་ཡོང་བས་ལོ་ངོ་ཆིག་སྟོང་གོང་གི་ཐུ་བྷོད་དུས་སྐབས་ཀྱི་རྩྭ་ཆུ་བཟང་ཞིང་ནོར་ལུག་ཤ་ཤེད་རྒྱས་པའི་རྣམ་པ་ཞིག་གསོན་ཉམས་ལྡན་པའི་ངང་ལྟད་མོ་བའི་མིག་ལམ་དུ་མངོན་འོང་ཞིང་། ཁོ་མོས་ལུག་40དེ་དག་ལ་ཟླ་རེར་ཡོང་འབབ་སྒོར་5000རག་གི་འདུག དེ་ནི་སྔོན་ཆད་བསམ་བློའི་ནང་འཁོར་དཀའ་བ་ཞིག་རེད་ཅེས་བརྗོད་ཀྱི་འདུག དེ་དང་དུས་མཚུངས་གྲོང་མི་ཚེ་རྡོར་གྱིས་སྤོབས་སེམས་དང་བཅས་ངའི་ཁྱིམ་གྱི་ནོར་40དེ་དག་ལ་ཡོང་འབབ་དེ་བས་མང་བ་ཡོད། ཟླ་རེར་སྒོར་ཁྲི་གཅིག་ལྷག་ཙམ་ཟིན་གྱི་འདུག་ཅེས་བརྗོད་ཀྱི་འདུག

  རིག་གནས་ཤེས་བྱ་གོང་དུ་བཀུར་རྒྱུ་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཞིང་། ཚེ་མཆོག་གླིང་གྲོང་ཚོར་སྡོད་མཁན་བོད་རིགས་བུ་མོ་པད་མ་ད་ཆ་དངོས་ལྗོངས་ཟློས་གར་འུན་ཤིང་ཀོང་ཇོ་འཁྲབ་ཡུལ་དུ་སྣེ་ལེན་པ་ཞིག་བྱས་ནས་ལྟད་མོ་བའི་ཞིབ་ཕྲའི་སྡོད་གནས་སྟོན་གྱི་ཡོད། རྒྱལ་ཡོངས་ཙམ་མ་ཟད། ཐ་ན་འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་བའི་ཡུལ་སྐོར་བར་སྣེ་ལེན་ཞུ་སྐབས། ཐོག་མའི་དུས་སུ་སློབ་འབྲིང་ལས་འགྲིམ་མྱོང་མེད་པའི་བུ་མོ་དེར་སྐད་བརྡ་མ་འཕྲོད་པའི་དཀའ་ལས་ཆེ་ཙམ་འཕྲད་ཀྱི་ཡོད། ད་ཆ་ཁོ་མོས་རྒྱ་སྐད་ཆུ་རྒྱུག་རྒྱུག་ཤོད་ཤེས་པ་མ་ཟད། ད་དུང་དབྱིན་སྐད་རགས་ཙམ་ཤོད་ཤེས་ཀྱི་ཡོད། ད་ལོ་ལོ་54ལ་སླེབས་པའི་པ་སངས་ལྷ་མོ་དངོས་ལྗོངས་ཟློས་གར་འུན་ཤིང་ཀོང་ཇོར་ཧ་ཅང་དགའ་པོ་ཡོད་པས་ཉིན་ལྟར་ཁྱིམ་ནང་ལོ་5ལ་སོན་པའི་རང་གི་ཚ་མོ་བདེ་སྐྱིད་ལ་ཟློས་གར་དེའི་ནང་གི་གླུ་གཞས་སློབ་ཀྱི་ཡོད་ཅིང་། ཁོང་གིས“ད་ཆ་དུས་རབས་ལ་འཕོ་འགྱུར་ཕྱིན་ནས་འདས་སོང་གི་ལོ་རྒྱུས་གར་སྟེགས་ཐོག་འཁྲབ་ཐུབ་ཀྱི་འདུག་པས་སླད་ཕྱིན་ད་དུང་དེ་ལས་ཆེ་བའི་འགྱུར་ལྡོག་གང་ཡོང་སུ་ཡིས་ཤེས། ངས་རྟག་ཏུ་ཚ་མོར་ཁྱེད་ཚོས་སླད་ཕྱིན་ཤེས་བྱ་རིག་གནས་ལ་འབད་བརྩོན་བྱས་ན་མ་གཏོགས་རྗེས་སུ་ལས་ཀ་གང་ཞིག་ལས་ཀྱང་ཡག་པོ་འགྲུབ་མི་ཐུབ་ཅེས་ཤོད་ཀྱི་ཡོད”ཅེས་མྱོང་ཚོར་ཟབ་མོའི་ངང་བརྗོད་ཀྱི་འདུག

  ལོ་གསུམ་ནང་རྒྱལ་ཕྱི་རྒྱལ་ནང་གི་ལྟད་མོ་བ་ཁག་ཐེངས་མང་པོ་དེ་གར་ཟློས་གར་བལྟ་བར་ཡོང་བས་རྙིང་ཞེན་བག་འཁུམས་ཀྱི་བསམ་བློའི་ཤུགས་རྐྱེན་ཐེབས་པའི་བོད་རིགས་ཞིང་འབྲོག་པ་ཚོས་མེས་རྒྱལ་གྱི་ས་རྒྱ་ཆེ་ལུགས་དང་འཛམ་གླིང་གི་མཛེས་སྡུག་ཤེས་རྟོགས་བྱུང་ཞིང་། རྣམ་ཀུན་ཚོང་ཁང་ནས་ཅ་དངོས་ཉོ་སྐབས་ཀྱང་མི་གཞན་གྱི་མགོ་སྐོར་འོག་ཚུད་དོགས་བྱེད་མཁན་ཚོས་ཀྱང་ད་ཆ་དྲ་ཐོག་བརྒྱུད་རྒྱལ་ཡོངས་ཀྱི་ས་གནས་ཁག་ཙམ་མ་ཟད། ཐ་ན་ཕྱི་རྒྱལ་ནས་གློག་ཆས་དང་། གྱོན་གོས། བྱུག་རྫས་སོགས་ཉོ་གི་ཡོད། གཞེས་ནིང་ལོ་ནས་བཟུང་ཁྱིམ་བདག་ཚོས་དབྱར་གསེང་དང་དགུན་གསེང་རིང་ཕྲུ་གུ་དབྱར་སྒར་དང་དགུན་སྒར་སོགས་ཀྱི་བྱེད་སྒོར་བསྐྱལ་ཚད་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད། ཕྱོགས་མི་གྲོང་ཚོ་དེ་གར་ཁང་པ་གླ་བ་དང་། ཚོང་ཁང་འཛུགས་པ་། ཟ་ཁང་གཉེར་བ་སོགས་ལ་དགའ་བསུ་ཞུ་གི་ཡོད་པ་རེད།

  མི་རིགས་མཉམ་འདྲེས་ཐད་འུན་ཤིང་ཀོང་ཇོ་འཁྲབ་མཁན་རྣམ་མཚོར་མྱོང་ཚོར་ཟབ་མོ་ཡོད་ཅིང་། མཚོ་སྔོན་དུ་སྐྱེས་པའི་རྣམ་མཚོའི་ཕ་བོད་རིགས་དང་མ་རྒྱ་རིགས་ཡིན་པས་ཆུང་དུས་ནས་བོད་རྒྱ་རིག་གནས་སྤེལ་རེས་ཀྱི་ཁྱིམ་ཚང་ནང་འཚར་ལོངས་བྱུང་བ་ཞིག་རེད། འུན་ཤིང་ཀོང་ཇོའི་གཏམ་རྒྱུད་ལ་ཁོ་མོར་མྱོང་ཚོར་ཟབ་མོ་ཡོད་དེ“ཆུང་དུས་ནས་ངའི་རྨོ་ལགས་ཀྱིས་ང་ལ་སྲོང་བཙན་སྒམ་པོ་དང་འུན་ཤིང་ཀོང་ཇོའི་གཏམ་རྒྱུད་གསུང་མྱོང་ཡོད་པས་ངས་འུན་ཤིང་ཀོང་ཇོའི་སྙིང་སྟོབས་རང་གི་བསམ་བློའི་ནང་ཟུག་པ་བྱེད་པའི་ཐད་ཕྱིའི་ཉམས་འགྱུར་གང་ལེགས་མངོན་པར་བྱེད་པ་མ་ཟད། ད་དུང་བསམ་པའི་ཉམས་འགྱུར་ཡང་མངོན་པར་བྱས་ནས་རྒྱ་བོད་མཉམ་མཐུན་གྱི་མི་སེམས་འགུལ་བའི་ལོ་རྒྱུས་སྙན་ངག་གསོན་ཉམས་དོད་པོའི་ངང་འཁྲབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད་ཀྱི་འདུག

  ཟློས་གར་འཁྲབ་མཚམས་བཞག་ནས་སྦྲང་ཆར་སིམ་སིམ་བབས་མོད། འོན་ཀྱང་ལྟད་མོ་བ་རྣམས་ཀྱིས་ད་དུང་དེ་ཁུལ་ནས་ཁ་བྲལ་འདོད་མི་བྱེད་ཅིང་། བྱང་ཤར་ས་ཁུལ་དང་པེ་ཅིང་སོགས་ས་ཆ་ཁག་ནས་ཡོང་བའི་ན་གཞོན་ཚོས་ཟློས་གར་དེས་ང་ཚོར་སེམས་འགུལ་ཚད་མེད་ཐེབས་བྱུང་། རང་ཡུལ་ནས་བྲལ་སྐབས་ལོ་16ལས་མ་སོན་པའི་བུ་མོ་ཞིག་གིས་ཤེས་རིག་བརྒྱུད་བསྒྲགས་དང་རྒྱ་བོད་མཐུན་འགྲིག་ཡོང་བའི་བླ་ན་མེད་པའི་ལས་འགན་ལེགས་སྒྲུབ་བྱས་འདུག་པས་དེ་ནི་དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་རེད། དོན་དངོས་ཐོག་ཁོ་མོའི་སེམས་ནང་བརྗོད་དཀའ་བའི་ཡུལ་པོའི་སྣང་བ་དང་སྡུག་བསྔལ་ག་ཚོད་བྱུང་མེད་དམ་ཞེས་གསར་འགོད་པར་བརྗོད་ཀྱི་འདུག