ལས་བཟོ་བའི་སྨན་བཅོས་འགན་སྲུང་ཇེ་མཐོར་གཏང་འཆར་ཡོད་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-07-15 14:26:46      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        སྤྱི་ཚེས་13ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་གོང་སྤེལ་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་ཡོངས་བསྒྲགས་བྱས་ཤིང་། རྩ་གནད་ནང་དུ་གཞི་རྩའི་འཚོ་བའི་འགན་བཅོལ་ཐོབ་ཐང་སྙོམ་སྒྲིག་དང་། འགྲོ་སོང་རྩིས་ཞུའི་བསྡུར་ཚད་སྙོམ་སྒྲིག་གི་ནང་རྐྱེན་འཐུས་ཚང་། གཞུང་ཞབས་པའི་གཞི་རྩའི་གློ་ཕོགས་དུས་གཏན་སྙོམ་སྒྲིག་སོགས་ཀྱི་འཕྲིན་བཟང་འགའ་འདུག

        དེ་ཡང་སྨན་བཅོས་འགན་སྲུང་འགྲོ་སོང་རྩིས་ཞུའི་བསྡུར་ཚད་སྙོམ་སྒྲིག་གི་ལམ་ལུགས་འཐུས་ཚང་དུ་གཏང་རྒྱུ། རྩ་གནད་ནང་དུ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་རིམ་བཞིན་རྒྱ་བསྐྱེད་པའི་དུས་མཚུངས་སུ། སྨན་བཅོས་དོ་དམ་ལ་ཤུགས་སྣོན་དང་། སྨན་བཅོས་འགྲོ་གྲོན་ལ་ཚོད་འཛིན། ནད་པའི་གཞི་རྩའི་སྨན་བཅོས་འགན་སྲུང་གི་དགོས་མཁོར་འགན་སྲུང་། ཐེབས་རྩའི་ལྷག་དངུལ་འོས་འཚམ་ཡིན་པ་བཅས་ཀྱི་རྨང་གཞིའི་ཐོག སྨན་བཅོས་འགན་སྲུང་གི་འགྲོ་གྲོན་རྩིས་ཞུ་ཡི་བསྡུར་ཚད་སྙོམ་སྒྲིག་གི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གཞི་རྩའི་སྨན་བཅོས་འགན་བཅོལ་ཐོབ་ཐང་གི་ཚད་གཞི་ལུགས་མཐུན་འོས་འཚམ་ཞིག་སྙོམ་སྒྲིག་བྱ་དགོས་ཚུལ་བཀོད་འདུག་པས། ཕྱིས་འབྱུང་ལས་བཟོ་བ་དང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་ལེན་ཇེ་མཐོར་གཏང་རྒྱུ་ཡིན་པ་ཤེས་ཐུབ། ནང་སྒོས་སུ་རྩ་གནད་ནང་དུ་ལས་བཟོ་བ་དང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་གྱི་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་པའི་གཏོང་སྒོ་དེ་བརྒྱ་ཆའི་75ཡས་མས་སུ་གཏན་འཇགས་བྱ་རྒྱུ་གསལ་འབེབས་བྱས་འདུག

         གཞུང་ཞབས་པའི་གཞི་རྩའི་གླ་ཕོགས་དུས་གཏན་ནང་སྙོམ་སྒྲིག་བྱ་རྒྱུ།

        རྩ་གནད་ནང་། ལས་ཁུངས་དང་དོན་ལས་སྡེ་ཚན་གྱི་ལས་བྱེད་པའི་གཞི་རྩའི་གླ་ཕོགས་ཚད་གཞི་རྒྱུན་ལྡན་སྙོམ་སྒྲིག་གི་ནང་རྐྱེན་ལམ་ལུགས་བཙུགས་ཏེ། གཞི་རྩའི་གླ་ཕོགས་ཀྱི་ཚད་གཞི་དུས་གཏན་ནང་སྙོམ་སྒྲིག་བྱས་ནས་གླ་ཕོགས་ཡོང་འབབ་ནང་གཞི་རྩའི་གླ་ཕོགས་ཀྱི་ཟིན་ཚད་རིམ་བཞིན་ཇེ་མཐོར་གཏང་དགོས་པ་དང་། གླ་ཕོགས་གཤིབ་བསྡུར་རྟོག་ཞིབ་ཀྱི་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱས་ཏེ། གཞུང་ཞབས་པ་དང་ཁེ་ལས་ལས་བཟོ་བ་ངེས་ཅན་ཞིག་གི་གླ་ཕོགས་སྙོམ་སྒྲིག་དང་གཤིབ་བསྡུར་ཆ་འཕྲིན་མ་ལག་གི་གཞི་གྲངས་མཛོད་བཙུགས་ཐོག གཞུང་ཞབས་པའི་གླ་ཕོགས་དང་ཁེ་ལས་དོ་དམ་པའི་གླ་ཕོགས་ཀྱི་འབྲེལ་ཡོད་གཞི་གྲངས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་གཞུང་ཞབས་པའི་གླ་ཕོགས་ཆུ་ཚད་ཚན་རིག་དང་མཐུན་ཞིང་། རྒྱུན་ལྡན་འཕར་སྣོན་གྱི་ལམ་ལུགས་ཆགས་སུ་འཇུག་དགོས་པ། དེ་བཞིན་དུ་ས་གནས་དབར་གྱི་གླ་ཕོགས་ཀྱི་བར་ཁྱད་ལ་སྙོམ་སྒྲིག་བྱས་ནས་ས་ཁུལ་གྱི་ཕོགས་སྣོན་ལམ་ལུགས་འཐུས་ཚང་དུ་གཏང་དགོས་པ་སྟེ། ཚད་ལྡན་གྱི་ཕོགས་སྣོན་གསབ་སྣོན་བྱས་ཐོག་ས་གནས་ཀྱི་ཕོགས་སྣོན་ལམ་ལུགས་ཟུར་དུ་བསྣན་རྒྱུ་དང་། ལྷག་པར་མཐའ་འཁོབ་ས་ཁུལ་གྱི་ཕོགས་སྣོན་འཕར་སྣོན་གྱི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ས་གནས་བར་གྱི་གླ་ཕོགས་བར་ཁྱད་སྙོམ་སྒྲིག་ཐོག་ལུགས་མཐུན་གྱི་ཁྱབ་ཁོངས་ནང་ཚོད་འཛིན་བྱ་དགོས་པ་བཏོན་འདུག

        ཚོང་ལས་རྒན་གསོ་འགན་ལེན་གྱིས་སྤྱི་ཚོགས་འགན་སྲུང་ལ་རམ་འདེགས་བྱེད་དུ་འཇུག་རྒྱུ།

        ལོ་ངོ10རིང་ལ་བཏོན་པའི་མི་སྒེར་གྱི་ཁྲལ་བསྡུ་རིམ་སྲིང་གི་རྒན་གསོ་འགན་ལེན་ལ་ད་ལན་དུས་ཚོད་གསལ་འབེབས་བྱས་སོང་། ཐེངས་འདིའི་རྩ་གནད་ནང་དུ། ལས་རིགས་ལོ་དངུལ་ལམ་ལུགས་ལག་བསྟར་བྱས་ཏེ། ཁེ་ལས་ཀྱི་ལོ་དངུལ་ཁེབས་རྒྱ་ཇེ་ཡངས་དང་། སྨན་བ་ཅོས་འགན་སྲུང་དང་། ཚོང་ལས་བདེ་ཐང་འགན་ལེན། ཚོང་ལས་རྒན་གསོ་འགན་ལེན་བཅས་ཀྱི་ཁ་གསབ་ལ་ཡར་སྐུལ་བྱས་ནས་ཚོང་ལས་འགན་ལེན་དང་སྤྱི་ཚོགས་འགན་ལེན། ཁ་གསབ་འགན་ལེན་གསུམ་ཕན་ཚུན་སྦྲེལ་ཐོག ཚོང་ལས་འགན་ལེན་གྱི་ལས་ཁུངས་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ནང་ཞུགས་པར་ཡར་སྐུལ་བྱས་ནས་རྨས་སྐྱོན་འགན་བཅོལ་དང་ཚོང་ལས་འགན་བཅོལ་མཉམ་ལས་ལ་འཚོལ་ཞིབ་བགྱིས་ནས་རིམ་པ་མང་པོའི་འགན་སྲུང་མ་ལག་ཆགས་སུ་འཇུག་དགོས་པའི་བླང་བྱ་བཏོན་འདུག

        ལོ་ཙཱ་བ། ཁོན་ཐར་འཚོ།