ཟླ་མཆོད་སྐབས་ཟླ་གོར་བག་ལེབ་ཉོ་དུས་མཉམ་འཇོག་བྱེད་དགོས་ས་ལྔ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-09-06 14:08:43      རྩོམ་སྒྲིག་པ། : ཀླུ་མོ།

       

      མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལོ་རེར་ཐེངས་རེར་རོལ་བཞིན་པའི་ཟླ་མཆོད་དུས་ཆེན་སླེབས་ལ་ཉེ་བའི་དུས་འདི་ནི་ཟླ་གོར་ཕྱིར་འཚོང་བྱེད་པ་ཆེས་བྲིན་པའི་དུས་སྐབས་ཡང་ཡིན་པས། འཛད་སྤྱོད་པ་རྣམས་ཀྱིས་སེམས་བདེར་ཕབ་ནས་ཟླ་གོར་མངགས་ཉོ་བྱེད་པར་རོགས་རམ་བྱེད་ཆེད། ཟླ9པའི་ཚེས5ཉིན། ཞིང་ཆེན་འཛད་སྤྱོད་མཁན་མཐུན་ཚོགས་ཀྱིས་རིམ་པ་གསར་བའི་འཛད་སྤྱོད་པར་གསལ་འདེབས་ཀྱི་ཁྱབ་བསྒྲགས་གསར་བསྒྲགས་བྱས་ཤིང་། འཛད་སྤྱོད་པས་ཟླ་གོར་མངགས་ཉོ་བྱེད་སྐབས་གཤམ་གྱི་ཕྱོགས་ལྔ་ལ་ངེས་པར་དུ་མཉམ་འཇོག་བྱེད་དགོས་པའི་གསལ་འདེབས་བྱས་ཡོད།

      ཐོག་མར་ཚོང་ཁང་འདེམས་པར་མཉམ་འཇོག་དགོས། འཛད་སྤྱོད་པས་གང་ནུས་ཀྱིས་ཚད་ལྡན་གྱི་སྒོ་རྩིས་ཁང་ནས་མངགས་ཉོ་བྱེད་པ་དང་དེ་མིན་མིང་གྲགས་ཅན་དང་མཚན་སྙན་ཡོད་པའི་བཟོ་གྲྭ་ནས་ཐོན་སྐྱེད་བྱས་པའི་ཐོན་རྫས་ལས་ཡོང་ཁུངས་གསལ་བོ་མ་ངེས་པའི་ཟླ་གོར་སོགས་ཉོ་མི་རུང་། མངགས་ཉོ་བྱེད་སྐབས་ངེས་པར་དུ་མཉམ་འཇོག་དགོས་པ་ཞིག་ལ་ཟླ་གོར་ཕྱི་ཐུམ་སྟེང་གི་བཟོ་གྲྭའི་མིང་དང་ཐོན་སྐྱེད་དུས་ཚོད། རྒྱུ་སྤུས་འགན་ལེན་དུས་ཚོད། རྒྱུ་ཆའི་གྲུབ་ཚད་རིགས་དབྱེ་སོགས་ཀྱི་ཚད་གཞི་ངེས་འཛིན་གསལ་བོ་བྱེད་དགོས། ད་དུང་ཕྱི་ཐུམ་གྱི་ཁ་སྦྱོར་ས་ལ་ཆད་སྐྱོན་ཡོད་མེད་དང་ནང་དུ་དབུགས་ཡོད་མེད་ལ་ཡང་གསལ་བོར་བལྟ་དགོས། དེའི་འཕྲོར་སྦྱར་བྱང་ལ་གསལ་བོར་ལྟ་དགོས། འཛད་སྤྱོད་མཁན་གྱིས་ཟླ་གོར་ཉོས་རྗེས་ཕྱི་ཐུམ་སྦྱར་བྱང་གི་ཚད་གཞི་ལྟར་ཉར་ཚགས་བྱེད་དགོས་ཤིང་། དྲོད་གྲང་དང་བརླན་གཤེར་གྱི་ཚད་སོགས་འོས་འཚམ་ཡིན་པའི་ཁོར་ཡུག་ཏུ་ཉར་ཚགས་བྱེད་དགོས། ཉར་ཚགས་བྱེད་སྐབས་རྒྱུ་སྤུས་ཚད་གཞིའི་དུས་ཡུན་ལས་གཏན་ནས་བརྒལ་མི་རུང་། གསུམ་པ། བདེ་ཐང་གི་བཟའ་བཅའ་ལ་མཉམ་འཇོག་དགོས། ཟླ་གོར་མང་ཤོས་ལ་ཀ་རའི་ཆ་ཤས་མོད་པ་མ་ཟད། སྣུམ་ཤས་ཀྱི་འདུས་ཚད་ཅུང་མཐོ་བས་མང་པོ་བཟའ་མི་རུང་བ་མ་ཟད། བཟའ་བཅའ་ཚད་གཞི་དོ་མཉམ་ཡོང་དགོས། ནང་སྒོས་སུ་རྒན་པ་དང་བྱིས་པ། ཕོ་རྒྱུར་གཉན་ཚད་ཅན་གྱི་རང་ལུས་ཀྱི་གནས་བབ་ལྟར་འོས་འཚམ་རེ་མ་གཏོགས་བཟའ་མི་རུང་། བཞི་བ། དེ་མིན་དཔྱོད་ཤེས་རང་བཞིན་གྱི་འཛད་སྤྱོད་ལ་ཡང་དོ་སྣང་བྱེད་དགོས་ཤིང་། ཁྲོམ་རའི་སྟེང་གི་ཕྱི་ཐུམ་རྒྱས་སྤྲོས་ཅན་གྱི་ཟླ་གོར་དེའི་རིགས་ལ་འཕྲད་དུས་འཛད་སྤྱོད་པས་མངགས་ཉོ་མ་བྱས་པའི་ཡར་སྔོན་ལ་དོ་སྣང་དང་མཉམ་འཇོག་བྱ་དགོས་ཤིང་། དངོས་པོའི་རིན་ཐང་དོ་མཉམ་མིན་དང་བྲོ་བ་ཡང་འོས་འཚམ་ཡིན་མིན་གཞིར་བཟུང་ནས་འདེམས་རྒྱུ་ལས་སྒོར་མོ་ཡོད་ཚད་ཕྱི་ཤུན་མཛེས་པ་ཙམ་གྱི་སྟེང་ལ་བཀོལ་ནས་ཆུད་ཟོས་སུ་གཏོང་བར་འཛེམ་དགོས། མཇུག་མཐར་རང་བདག་རང་སྲུང་ལ་མཉམ་བཞག་ནས་ཟླ་གོར་ཉོས་རྗེས་ངེས་པར་དུ་འཛིན་བྱང་ལེན་དགོས་ཤིང་། དཔང་ཡིག་བླངས་ནས་འཛད་སྤྱོད་པའི་དབར་ལ་འགལ་བ་བྱུང་དུས་རང་བདག་རང་སྲུང་གི་དཔང་ཡིག་ཡོད་པ་བྱ་དགོས།

      ལོ་ཙཱ་བ། ལྷ་དཔལ་སྐྱབས།