《སྲོང་བཙན་སྒམ་པོ་》ཞེས་པའི་ལོ་རྒྱུས་ཀྱི་ལྷ་མོ་པེ་ཅིན་དུ་འཁྲབ་པ།

ཡོང་ཁུངས། : ཀྲུང་གོ་རླུང་འཕྲིན་དྲ་བ།      སྤེལ་དུས། : 2016-09-07 10:31:19      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

  འདི་ག་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་མཚམས་གཅོད་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་9པའི་ཚེས་5ཉིན་གྱི་དགོང་མོ་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་ལ་ཞུགས་པའི་མཚོ་སྔོན་འཐུས་མི་ཚོགས་པའི་ལོ་རྒྱུས་ཀྱི་ལྷ་མོ་ཆེ་གྲས་《སྲོང་བཙན་སྒམ་པོ་》ཞེས་པ་པེ་ཅིན་མེ་ལན་ཧྥང་ཟློས་གར་ཁང་དུ་འཁྲབ་སྟོན་ཐེངས་གཉིས་པ་དེ་བྱས་པ་རེད།

  སྲོང་བཙན་སྒམ་པོ་ནི་བོད་མི་དམངས་ཀྱིས་གོང་དུ་ལྷག་པར་བཀུར་ཅིང་མཁས་མཛངས་ལྡན་པའི་བོད་ཀྱི་རྒྱལ་པོ་ཞིག་ཡིན་པ་དང་། ཁོང་གིས་མཚོ་བོད་མཐོ་སྒང་གཅིག་གྱུར་བྱས་པ་མ་ཟད་བོད་དང་ཐང་རྒྱལ་རབས་དབར་གཉེན་སྦྲེལ་གྱི་འབྲེལ་བ་བཙུགས་ནས་ཐང་བོད་བར་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སྤེལ་རེས་བཅས་བྱ་རྒྱུར་འབྲེལ་ཟམ་སྐྲུན་ཡོད་པ་རེད།

  ལོ་རྒྱུས་ཀྱི་ལྷ་མོ་ཆེ་གྲས་《སྲོང་བཙན་སྒམ་པོ་》ཞེས་པ་དེས་སྤྱི་ལོ་630ནས་650ལོའི་བར་གྱི་བོད་མི་རིགས་ཀྱི་རླབས་ཆེའི་མེས་པོ་སྲོང་བཙན་སྒམ་པོས་མཚོ་བོད་མཐོ་སྒང་གཅིག་གྱུར་དང་བོད་ཡིག་གསར་བཟོ་མཛད་པ། ཁྲིམས་ལུགས་གཏན་འབེབས་བྱས་པ། རིག་གནས་འཕེལ་རྒྱས་བཏང་བ། གྲོང་སྡེ་འཛུགས་སྐྲུན་བྱེད་པ། རྒྱ་བོད་བར་གཉེན་འབྲེལ་བཙུགས་པ་སོགས་ལོ་རྒྱུས་རྣམས་བརྗོད་པ་བརྒྱུད། སྲོང་བཙན་སྒམ་པོས་གངས་ལྗོངས་ཁྱིམ་གཞིས་དར་རྒྱས་གོང་འཕེལ་ཕྱོགས་སུ་བསྐྱོད་པ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་ཆེད་བླ་ན་མེད་པའི་ལེགས་སྐྱེས་ཕུལ་བར་བསྟོད་གླུ་ལེན་ཡོད་པ་རེད།

  དེའི་ཐད་འཁྲབ་ཁྲིད་པ་གཞོན་པ་གནམ་ལྷ་ཐར་ལགས་ཀྱིས། ལོ་རྒྱུས་ཀྱི་ལྷ་མོའི་འཁྲབ་ཚན་ཞིག་ཡིན་པའི་ངོས་ནས། གར་སྟེགས་ཐོག་བོད་བཙན་པའི་དུས་རབས་ཀྱི་རིག་གནས་སོགས་ཡང་དག་པའི་སྒོ་ནས་མངོན་མཚོན་བྱ་ཆེད། ང་ཚོས་དངོས་མང་བཤམས་སྟོན་ཁང་མང་པོར་བསྐྱོད་དེ་ལོ་རྒྱུས་ཀྱི་རིག་དངོས་དང་ཚད་ལྡན་ཡིག་ཆར་ཞིབ་འཇུག་བྱས་པ་དང་། ཕོ་བྲང་པོ་ཏ་ལའི་ལྡེབས་རིས་ལ་ལྟ་སྐོར་བྱས་ཏེ། བོད་བཙན་པོའི་དུས་རབས་ཀྱི་རིག་གནས་ཁྱད་ཆོས་བསྐྱར་མཚོན་གང་ཐུབ་བྱས་པ་མ་ཟད་བརྩམས་ཆོས་ནང་མངོན་པར་བྱས་ཡོད། དེ་ཡང་སྲོང་བཙན་སྒམ་པོའི་བཞུགས་ཁྲི་དང་དམག་གི་རལ་གྲི། དེ་བཞིན་དམག་དར་སོགས་འཁྲབ་ཆས་ཚང་མར་ཞིབ་འཇུག་ནན་པོ་བྱས་ཡོད་ཅེས་གསུངས་པ་རེད།

  འཁྲབ་སྟོན་མཇུག་སྒྲིལ་སྐབས་སུ་ལྟད་མོ་བ་ཨ་ཅག་ཀྲང་ལགས་ཀྱིས་ལྟད་མོ་བ་གཞན་དང་འདྲ་བར་སྡོད་གནས་ནས་ཡར་ལངས་ཏེ་ཐལ་མོ་རྡེབ་བཞིན་དུ་དགའ་སྤྲོ་འཕེལ་བའི་སྒོ་ནས། བོད་ཀྱི་ལྷ་མོ་དེ་བརྒྱུད། ངས་མཚོ་བོད་མཐོ་སྒང་གཅིག་གྱུར་བྱས་པའི་ལོ་རྒྱུས་ལ་ཤེས་རྟོགས་སྔར་བས་གཏིང་ཟབ་བྱུང་། མ་གཞི་ནང་དོན་ཁག་ཅིག་ཁོང་དུ་དེ་ཙམ་ཆུད་མེད་ནའང་། ལྷ་མོའི་འཁྲབ་ཚན་འདིས་དུས་རབས་ཀྱི་དཔའ་བོ་སྲོང་བཙན་སྒམ་པོ་དང་དེ་བཞིན་མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་ལེན་ཡོད་པ་ང་ཚོ་ཚང་མས་མྱོང་ཚོར་ཐུབ་བྱུང་ཞེས་གསུངས་ཡོད་པ་རེད།

  གཞན་ཡང་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་རྒྱུས་ལྷ་མོའི་འཁྲབ་ཚན་ཆེ་གྲས་《སྲོང་བཙན་སྒམ་པོ་》ཞེས་པའི་འཁྲབ་སྟོན་པ་48ཁྲོད་ཀྱི་སྲོང་བཙན་སྒམ་པོ་འཁྲབ་མཁན་ཟོན་ཐར་བྱམས་སོགས་ཚུད་པའི་འཁྲབ་མི་45ནི་བོད་ཀྱི་ལྷ་མོ་འཁྲབ་སྟོན་བྱེད་ཐེངས་ཐོག་མ་ཡིན་པའི་ན་གཞོན་ཤ་སྟག་ཡིན་པ་རེད།