རྒྱལ་ཡོངས་གཞུང་ཞབས་པའི་རྒྱུགས་ལེན་ཐོ་འགོད་སྤྱི་ཚེས15ཉིན་ནས་འགོ་བརྩམས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-10-16 12:44:54      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        2017ལོའི་རྒྱལ་ཡོངས་གཞུང་ཞབས་པ་བསྡུ་བའི་རྒྱུགས་ལེན་སྤྱི་བསྒྲགས་དེ་ཁ་སང་ཡོངས་བསྒྲགས་བྱས། ཀྲུང་དབྱང་གི་ལས་ཁུངས་དང་དེའི་ཆར་གཏོགས་ལས་ཁུངས། གཞུང་ཞབས་པའི་བཅའ་ཁྲིམས་ཟུར་ལྟའི་དོ་དམ་ལས་ཁུངས་བཅས་ལས་ཁུངས120ཡིས་གཞུང་ཞབས་པ་ཁྲི2.7ལྷག་བསྡུ་རྒྱུའི་འཆར་གཞི་བཟོས་ལ། ན་ནིང་དང་གཅིག་འདྲ་རེད། 2016ལོའི་ཟླ10བའི་ཚེས་15ཉིན་ནས་24ཉིན་བར་ལ་རྒྱུགས་ལ་ཞུགས་མཁན་གྱིས་མིང་ཐོ་འགོད་དགོས་ལ། མིང་ཐོ་འགོད་མཁན་དག་ནི་ཐོག་མར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པ་དང་། ལོ18ཡན་དང་ལོ35མན་(༡༩༨༠ལོའི་ཟླ༡༠བའི་ཚེས༡༥ཉིན་ནས་༡༩༩༨ལོའི་ཟླ༡༠བའི་ཚེས༡༥ཉིན་བར་སྐྱེས་པའི་མི)ཡིན་པ། 2017ལོར་མཐར་ཕྱིན་པའི་རབ་འབྱམས་པ་དང་འབུམ་རིམས་པའི་ལོ་ཚད་དེ་40མན་(༡༩༧༥ལོའི་ཟླ༡༠བའི་ཚེས་༡༥ཉིན་གྱི་ཕྱིས་སུ་སྐྱེས་བའི་མི)ཡིན་པ། ཆེད་སྦྱོང་སློབ་ཆེན་ཡན་གྱི་ཡོན་ཚད་ཡོད་ཅིང་།ཀྲུང་དབྱང་གཞུང་ཞབས་པའི་གཙོ་གཉེར་སྡེ་ཚན་གྱིས་གཏན་ལ་ཕབ་པའི་ལས་གནས་བསྐོ་འཆར་གྱི་ཐོབ་ཐང་ལྟ་བུའི་དགོས་ངེས་ཀྱི་ཆ་རྐྱེན་གཞན་དག་ཚང་བ་བཅས་ཡིན་དགོས་ལ། ཆ་རྐྱེན་འདི་དག་ཚང་ན་ད་གཟོད་ཐེངས་འདིའི་གཞུང་ཞབས་པའི་ཡིག་རྒྱུགས་ལ་མིང་ཐོ་འགོད་ཆོག

        རྒྱུགས་ལེན་གྱི་ནང་དོན་དང་དུས་ཚོད་སྐོར།

        སྤྱི་གཞུང་གི་བསླབ་གཞིའི་ཡིག་རྒྱུགས་སྟེ། སྲིད་འཛིན་ལས་རིགས་ཀྱི་ནུས་པ་ལྡན་མིན་གྱི་ཚོད་ལྟའི་ཡིག་རྒྱུགས་དེ་ཟླ11པའི་ཚེས27ཉིན་གྱི་ཆུ་ཚོད9:00-11:00བར་ལ་ལེན་རྒྱུ་དང་།

        དཔྱད་གླེང་གི་ཡིག་རྒྱུགས་དེ་ཟླ11པའི་ཚེས27ཉིན་གྱི་ཆུ་ཚོད་14:00-17:00བར་ལ་ལེན་རྒྱུ།

        གྲངས་ཉུང་མི་རིགས་ཀྱི་སྐད་སོགས་ཕྱི་སྐད་ཀྱི་ལས་གནས་8ཀྱི་ཡོན་ཚད་ཡིག་རྒྱུགས་དེ་2016ལོའི་ཟླ11པའི་ཚེས26ཉིན་གྱི་ཆུ་ཚོད14:00-16:00བར་ལེན་རྒྱུ།

        དངུལ་ཁང་ལྟ་སྐུལ་ཨུ་ལྷན་དང་དེའི་ཞོར་གཏོགས་ལས་ཁུངས། དངུལ་འཛིན་ལྟ་སྐུལ་ཨུ་ལྷན་དང་དེའི་ཁོངས་གཏོགས་ལས་ཁུངས་ཀྱི་དམིགས་བསལ་ཆེད་ལས་ཀྱི་ལས་གནས་དང་། སྤྱི་བདེ་ལས་ཁུངས་མི་དམངས་ཉེན་རྟོག་པའི་ལས་གནས་ཆེད་ཚན་གྱི་ཡིག་རྒྱུགས་དེ་2016ལོའི་ཟླ11པའི་ཚེས26ཉིན་གྱི་ཆུ་ཚོད14:00-16:00བར་ལེན་རྒྱུ་རེད།

        ལས་རིགས་ཁག་གིས་2017ལོའི་གཞུང་ཞབས་པའི་ཡིག་རྒྱུགས་ནི་གཟབ་ནན་ཆེ་བའི་རྒྱུགས་ལེན་ཞིག་ཡིན་སྐད། དེ་གང་ཡིན་ཞེ་ན། ད་ལོའི་ཟླ9བར་གཞུང་ཞབས་པའི་རྒྱུགས་བསྡུ་ཕྱོགས་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་ཉེས་ཆད་སྤྱོད་ཐབས་སྐོར་གཏན་ལ་ཕབ་པ་ཡོངས་བསྒྲགས་བྱས་ལ། ཡོངས་བསྒྲགས་ནང་ཟླ10བའི་ཚེས1ཉིན་ནས་བཟུང་། རྒྱུགས་ཞུགས་སློབ་མས་རྒྱུགས་ཞུགས་ཀྱི་གོ་རིམ་ནང་དུ་ཁྲིམས་འགལ་ལུགས་འགལ་གྱི་ཚུལ་མིན་བྱ་སྤྱོད་ཚབས་ཆེན་བཟོས་ཚེ། ཐེངས་འདིའི་གཞུང་ཞབས་པའི་རྒྱུགས་ལེན་ནང་ཞུགས་པའི་ཐོབ་ཐང་རྩིས་མེད་དུ་གཏང་རྒྱུ་མ་ཟད། གཞུང་ཞབས་པའི་རྒྱུགས་བསྡུའི་ཡིད་རྟོན་ཡིག་ཚགས་སུ་བཀོད་དེ་རྒྱུགས་ཞུགས་ཐོབ་ཐང་དེ་དུས་གཏན་དུ་མེད་པར་གཏང་རྒྱུ་སྐོར་བཀོད་འདུག དེའི་ནང་གང་དག་ཚུད་ཞེ་ན། ལྐོག་འབྲེལ་གྱིས་རྒྱུགས་གཞིའི་གསང་བ་ཤེས་པའམ་རྒྱུགས་གཞིའི་གསང་བ་གཡོ་ལེན་གྱི་རྩ་འཛུགས་ལ་ཞུགས་མཁན། གཞན་གྱི་ཚབ་བྱས་ནས་ཡིག་རྒྱུགས་ནང་ཞུགས་མཁན། དེ་མིན་མཇུག་འབྲས་ཤིན་ཏུ་ཚབས་ཆེ་ལ། སྒྲིག་ཁྲིམས་ལ་འགལ་བའི་བྱ་སྤྱོད་དག་རེད།

        ལོ་ཙཱ་བ། ཁོན་ཐར་འཚོ།