ཙོང་ཆུ་རྒྱལ་ཁབ་ན་འདམ་སྤྱི་གླིང་དོ་དམ་སྐོར་ལ་ཐབས་འདོན་རོགས།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-11-22 11:43:21      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཁང་ནས་ཤེས་གསལ་ལྟར་ན། གྲོང་ཁྱེར་ཟི་ལིང་གིས་ཙོང་ཆུ་རྒྱལ་ཁབ་ན་འདམ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་བསྣན་ཕྱིར་དུ།གྲོང་ཁྱེར་ཟི་ལིང་གི་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཁང་གིས་མཚོ་སྔོན་ཟི་ལིང་གི་ཙོང་ཆུ་རྒྱལ་ཁབ་ན་འདམ་སྤྱི་གླིང་དོ་དམ་བྱེད་ཐབས་(འཆར་ཟིན)བྲིས་ཡོད་ལ། ད་ནི་སྤྱི་ཚོགས་ཡོངས་ལ་འདིའི་སྐོར་ནས་བསམ་འཆར་བསྡུ་རྒྱུ་ཡིན་པས། འབྲེལ་ཡོད་ཚོགས་པ་དང་མང་ཚོགས་གང་རུང་གིས་འདི་ལ་བསམ་འཆར་འདོན་རྒྱུ་གལ་ཆེ། ༢༠༡༦ལོའི་ཟླ༡༡པའི་ཚེས༢༧ཉིན་བར་བསམ་འཆར་གང་ཡོད་བཏོན་ཆོག

        ན་འདམ་ནི་གྲོང་ཁྱེར་གྱི་གློ་བ་ལྟ་བུ་ཡིན། ཉེ་བའི་ལོ་ཚུན་ལ། ཟི་ལིང་གྲོང་ཁྱེར་གྱིས་ཙོང་ཆུ་དང་བྱང་ཐང་གཙང་བོའི་ངོགས་སུ་ན་འདམ་སྤྱི་གླིང་དང་ཆུ་ཐོག་སྤྱི་གླིང་སྐོར་ཞིག་བསྐྲུན་ཡོད་པ་དེ་ཟི་ལིང་གི་ཙོང་ཆུ་རྒྱལ་ཁབ་རིམ་པའི་ན་འདམ་སྤྱི་གླིང་(ཚོད་ལྟ)གི་གྲུབ་ཆ་གལ་ཆེན་ཡིན། སྤྱི་གླིང་དེ་དག་ནི་ལུའུ་ཆིང་སྤྱི་གླིང་དང་། ནུབ་ཐང་ན་འདམ། ཧུང་ལི་སྤྱི་གླིང་། ཧའེ་ཧུའུ་ན་འདམ། ཧའོ་ཧྲའོ་ལུང་བའི་ན་འདམ་སོགས་ཡིན། ལུའུ་ཆིང་སྤྱི་གླིང་ནི་ཟི་ལིང་གྲོང་ཁྱེར་གྱིས་བསྐྲུན་པའི་ཆུ་ཐོག་སྤྱི་གླིང་ཡིན་ཞིང་། ད་སྔ་མཁར་ནུབ་ཁུལ་གྱིས་དོ་དམ་གྱི་འགན་འཁུར་ཡོད།

        སྤྱི་གླིང་གིས་ཐེངས་དུ་མར་སྒྱུར་བཀོད་བྱས་པས་ལྗོངས་ཁུལ་གྱི་ཁྱད་ཆོས་ཡལ་མེད། ཧའེ་ཧུའུ་ན་འདམ་དང་ཧའོ་ཧྲའོ་ན་འདམ་གཉིས་བསྐྲུན་དུས་རང་བྱུང་གི་སྣོད་བཅུད་ཆགས་སྟངས་གཙོ་བོར་བཟུང་ཡོད་པས་དཔྱིད་དུས་དང་དབྱར་དུས་སུ་ཧའེ་ཧུའུ་འདུས་སྡོད་ཁུལ་གྱི་མང་ཚོགས་རྣམས་ཁམས་གསེང་བྱེད་ས་ཆེས་དགའ་བོ་དེ་རེད།

        ཟི་ལིང་ཙོང་ཆུ་རྒྱལ་ཁབ་ན་འདམ་སྤྱི་གླིང་ནི་ཟི་ལིང་གྲོང་ཁྱེར་གྱི་ཙོང་ཆུ་འབབ་རྒྱུད་ལས་ཟི་ལིང་གི་མཚམས་དེ་ཡིན་ལ། བྱང་ཐང་གཙང་བོ་ནི་འདི་གར་འབབ་པའི་ཙོང་ཆུའི་ཆུ་ལག་ཡིན། ཙོང་ཆུ་དེ་གྲོང་ཁྱེར་ནང་ཁུལ་ནས་ལེ་དབར་39.1ཙམ་དུ་འབབ་པ་དང་། བྱང་ཐང་གཙང་བོ་ནི་ལེ་དབར་10.8ཙམ་དུ་འབབ་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནགས་ལས་དོ་དམ་སྡེ་ཚན་གྱིས་ཆོག་མཆན་ཐོབ་ནས་བཙུགས་པ་ཞིག་ཡིན། གཙོ་བོ་ན་འདམ་སྐྱེ་ཁམས་ཇི་སྲིད་དུ་མི་ཉམས་པར་སྲུང་སྐྱོབ་དང་། ན་འདམ་གྱི་སྣོད་བཅུད་ཐོན་ཁུངས་དང་རྩོལ་བྱུང་རིག་གནས། ལོ་རྒྱུས་ཀྱི་སྣང་ཚུལ་དེ་ལུགས་མཐུན་གྱིས་བེད་སྤྱོད་གཏོང་བ་དམིགས་སུ་བཟུང་ཡོད་པས། འདམ་ར་སྲུང་སྐྱོབ་དང་། སླར་གསོ། དྲིལ་སྒྲོག སློབ་གསོ། ཚན་ཞིབ། ལྟ་ཞིབ་ཚད་འཇལ། སྣོད་བཅུད་ཡུལ་སྐོར་སོགས་ཀྱི་བྱེད་སྒོ་ཡང་སྤེལ་ཆོག་པའི་གྲོང་ཁྱེར་གྱི་འདམ་ར་དང་། གཙང་བོའི་འདམ་ར། རིག་གནས་ཀྱི་འདམ་ར་བཅས་གཅིག་ཏུ་དྲིལ་བའི་རྒྱལ་ཁབ་རིམ་པའི་ན་འདམ་སྤྱི་གླིང་ཞིག་ཡིན།ན་ནིང་ཟི་ལིང་གིས་ཙོང་ཆུ་རྒྱལ་ཁབ་ན་འདམ་སྤྱི་གླིང་ཚོད་ལྟའི་ཚུལ་དུ་བསྐྲུན་པའི་ལས་ཡོངས་སུ་མགོ་ཚུགས། སྤྱི་གླིང་དེ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེད་དུ། རང་ཞིང་གི་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་ཟི་ལིང་གྲོང་ཁྱེར་ཁྲིམས་ལུགས་གཞུང་སྒྲུབ་ཁང་གིས་དོན་དངོས་དང་སྦྱར་ནས་གོང་གི་འཆར་ཟིན་དེ་བྲིས།

        འཆར་ཟིན་ནང་ན་འདམ་སྤྱི་གླིང་གི་ཇུས་འགོད་དང་། འཛུགས་སྐྲུན། སྲུང་སྐྱོབ། དོ་དམ་ཐད་ལ་ཁྲིམས་ལུགས་ཀྱི་འགན་འཁྲི་རེ་གཏན་འབེབས་བྱས་ཡོད་ཅིང་། གཏན་འབེབས་ནང་དུ། ན་འདམ་སྤྱི་གླིང་འཛུགས་སྐྱོང་བྱེད་ན་ངེས་པར་དུ་སྲུང་སྐྱོང་གཙུགས་སུ་འཛིན་པ་དང་། ཚན་རིག་དང་མཐུན་པའི་སླར་གསོ། ལུགས་མཐུན་གྱིས་བཀོལ་སྤྱོད། རྒྱུན་མཐུད་གོང་སྤེལ་བཅས་ཀྱི་རྩ་དོན་བརྩི་སྲུང་དང་། གྲོང་ཁྱེར་དང་ཁུལ་མི་དམངས་སྲིད་གཞུང་གིས་ན་འདམ་སྤྱི་གླིང་གི་དོ་དམ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་འཆར་གཞིའི་ནང་བཞག་ནས་སྲུང་སྐྱོབ་ལེགས་པོས་ན་འདམ་སྤྱི་གླིང་དོ་དམ་དང་འཁོར་སྐྱོད་འགྲོ་གྲོན་དེ་ལོ་ཧྲིལ་བོའི་ནོར་སྲིད་ཀྱི་སྔོན་རྩིས་སུ་འཇོག་རྒྱུ་སྐོར་དང་། གཞན་ན་འདམ་སྤྱི་གླིང་དེ་སྲུང་སྐྱོབ་ཁུལ་དང་། སླར་གསོ་བསྐྱར་བསྐྲུན་ཁུལ། དྲིལ་སྒྲོག་འགྲེམ་སྟོན་ཁུལ། ལུགས་མཐུན་བེད་སྤྱོད་ཁུལ། དོ་དམ་ཞབས་ཞུ་ཁུལ་བཅས་སུ་དབྱེ་ཡོད་ཅིང་།དེ་ལས་ སྲུང་སྐྱོབ་ཁུལ་མ་གཏོགས་གཞན་དག་རིན་མེད་ཀྱིས་སྐུ་མགྲོན་བསུ་རྒྱུ། ཞིག་གསོ་སྒྱུར་བཀོད་ལ་སོགས་རྐྱེན་གྱིས་ཆུ་ཚོད༢༤རིང་སྒོ་གཏན་དགོས་དུས་དོ་དམ་ནས་སྤྱི་ཚོགས་ཡོངས་ལ་གསལ་བརྡ་རྒྱག་ངེས། ན་འདམ་སྤྱི་གླིང་དུ་འབྱོར་མཁན་སྐུ་མགྲོན་གྱིས་ངེས་པར་དུ་དོ་དམ་ལས་ཁུངས་ཀྱི་དོ་དམ་རེ་བ་དང་ལེན་དང་། ན་འདམ་སྤྱི་གླིང་གི་གཏན་འབེབས་ཁག་ལ་རང་རྟོགས་ཀྱིས་བརྩི་སྲུང་བྱེད་དགོས་ཞེས་བྲིས་ཡོད།

        གལ་སྲིད་ཁྱེད་ནས་བྱེད་ཐབས་ཀྱི་འཆར་ཟིན་འདི་ལ་བསམ་ཚུལ་ལམ་བསམ་འཆར་ཡོད་ན་གཤམ་གྱི་འབྲེལ་ལམ་འདི་དག་བརྒྱུད་ངེད་ཅག་ལ་འདོན་རོགས་ཞུ།

        ༡ ཡིག་ཟམ xnfzbfgc@163.com

        ༢ འཕྲིན་ཡིག་གི་ལམ་ནས་ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཁང་ལ་བསམ་འཆར་བཏོན་ཆོག ས་གནས་ཟི་ལིང་གྲོང་ཁྱེར་ནན་ཀོན་ལམ་ཨང43པ་སྟེ། སྦྲགས་སྲིད་ཨང་གྲངས་810000ཡིན།༣ ཁ་པར་དང་ཡང་ན་བརྙན་སྐྱེལ་གྱི་ལམ་ནས་བསམ་འཆར་འདོན་རོགས། ཁ་པར་ཨང་གྲངས་0971-8224741ཡིན་ལ། ཁ་པར་ལེན་མཁན་ཝུའུ་ཡ་ཁྲུན་ཡིན།

        ལོ་ཙཱ་བ། ཁོན་ཐར་འཚོ།