གཟའ་འདིར་ཟི་ལིང་གིས་སྤྱི་སྤྱོད་སྐྱེལ་འདྲེན་ཞབས་ཞུ་ཐད་ལ་རྟོག་ཞིབ་བྱེད་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-11-22 14:16:48      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        སྤྱི་སྤྱོད་ཕྱོགས་བསྡུས་ཞབས་ཞུའི་ཆད་སྐྱོན་དང་སྡོད་དམངས་ལ་སྤྱི་སྤྱོད་སྐྱེལ་འདྲེན་ཞབས་ཞུ་ཅི་ཞིག་མཁོ་བ་སྔར་ལས་ལྷག་པ་ཞིག་ཤེས་ཆེད། ཟི་ལིང་སྤྱི་སྤྱོད་སྐྱེལ་འདྲེན་སྡེ་ཤོག་ཀུང་སིས་ཞབས་ཞུ་མི་འདང་བའི་སྐྱོན་གང་འདུག་རང་འགུལ་གྱིས་འཚོལ་རྒྱུ་ཐག་བཅད་དེ། ཟླ་འདིའི་ཚེས༢༡ཉིན་ནས་བཟུང་གཟའ་འཁོར་གཅིག་རིང་ལ་སྤྱི་སྤྱོད་སྐྱེད་འདྲེན་གྱི་ཕྱོགས་བསྡུས་ཞབས་ཞུ་ཐད་དམངས་ཀྱི་སེམས་འདུན་ག་འདྲ་ཡོད་པར་རྟོག་ཞིབ་བྱ་རྒྱུ་རེད།

        ཤེས་གསལ་ལྟར་ན། དམངས་བློར་རྟོག་ཞིབ་ཀྱི་ནང་དུ་སྤྱི་སྤྱོད་སྐྱེལ་འདྲེན་སྒྲིག་ཆས་དང་། ལམ་གྱི་འབྲེལ་བ། འཁོར་རྒྱུག ཞབས་ཞུ་སྤུས་ཚད། སྤྱི་སྤྱོད་སྐྱེལ་འདྲེན་གྱི་པ་སེ་རིན་གོང་སོགས་འདུས་ཤིང་། གྲོང་ཁྱེར་གྱི་སྡོད་དམངས་དང་སྤྱི་ཚོགས་ཀྱི་ཚོགས་སྐོར་མི་འདྲ་བར་དྲི་བའི་ཚུལ་དུ་རྟོག་ཞིབ་བྱ་རྒྱུ་དང་། ཡུལ་དངོས་ནས་དྲི་བ་འདོན་རྒྱུ་དང་དྲ་ཐོག་ནས་དྲི་བ་འདོན་པའི་རྟོག་ཞིབ་བྱེད་སྟངས་གཉིས་སྤྱད་རྒྱུ་སྟེ། ཡུལ་དངོས་དྲི་བ་འདོན་པའི་རྟོག་ཞིབ་དེ་གྲོང་ཁྱེར་མངའ་ཁུལ་གྱི་སོ་སོའི་གནས་ཚུལ་དང་། མི་འབོར་གྱི་ཆགས་ཚུལ། སྤྱི་སྤྱོད་སྐྱེལ་འདྲེན་གྱི་ལམ་ཐིག་གི་གྲུབ་སྟངས་གཞིར་བཞག སྤྱི་སྤྱོད་སྐྱེལ་འདྲེན་གྱི་ལམ་ཐིག་ཅུང་རྙོག་དྲ་ཆེ་ལ། འགྲོ་འོང་ཅུང་ཆེ་བའི་འདུ་འཛི་རྒོད་སའི་ས་ཚིགས་དང་། སྤྱི་སྤྱོད་རླངས་འཁོར་གྱི་ནང་དུ་དམངས་ལ་རྟོག་ཞིབ་དྲིས་ལན་ཡི་གེ་བཀྲམས་ནས་རྟོག་ཞིབ་བྱ་རྒྱུ་མ་ཟད། སློབ་གྲྭ་དང་། ཐང་ཆེན། སྡོད་ཁུལ། ལས་ཁུངས་སོགས་སུའང་དྲི་ལན་ཡི་གེ་བཀྲམས་ནས་རྟོག་ཞིབ་བྱ་རྒྱུ། དྲ་རྒྱའི་ཐོག་སྐད་འཕྲིན་ལ་རྟོག་ཞིབ་བྱ་རྒྱུ་རེད།ཟི་ལིང་སྤྱི་སྤྱོད་སྐྱེལ་འདྲེན་སྡེ་ཤོག་ཀུང་སིས་ཡུལ་དངོས་ཀྱི་དྲི་ལན་ཡི་གེ་དང་དྲ་རྒྱའི་སྐད་འཕྲིན་གྱི་རྟོག་ཞིབ་གཉིས་ལ་བརྟེན་ནས་སྡོད་དམངས་ཀྱིས་བཏོན་པའི་དཔྱད་འཇོག་དང་བསམ་འཆར། བསམ་ཚུལ་བཅས་བསྡུ་ལེན་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་སྡོད་དམངས་ཀྱིས་སྤྱི་སྤྱོད་སྐྱེལ་འདྲེན་གྱི་ཞབས་ཞུའི་དགོས་མཁོ་དང་བླང་བྱར་དབྱེ་ཞིབ་བྱ་རྒྱུ་རེད།

        ལོ་ཙཱ་བ། ཁོན་ཐར་འཚོ།