སྐད་འཕྲིན་ཐོག་ཁང་པ་གླ་བར་འཛེམ་རོགས།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-02-16 15:07:44      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        ཉེ་ལམ་དམར་གཙང་ཁུལ་གྱི་ལས་ཁུངས་ག་གེ་མའི་དངོས་སྦྱོང་སློབ་ཆེན་པ་ཞའོ་ལིན་གྱིས་དྲ་ཐོག་གི་ཁང་པ་གླ་ས་ཞིག་རྙེད་ཅིང་། དེ་གར་ཁང་མིག་གཅིག་ཅན་ཞིག་ཡོད་ཚུལ་དང་། ཁང་པར་ཅ་ལག་ཆ་ཚང་ཡོད་པས་གླ་མཁན་གྱིས་རང་མཁོའི་རྡོག་པོ་ཙམ་ལས་འཁྱེར་ཡོང་མི་དགོས་པ་དང་། སྐྱེས་མར་ཁོ་ནར་གླ་རྒྱུ་ཡིན་པས་གླ་འདོད་བསམ་ན་སྐད་འཕྲིན་ནང་ཕེབས་དང་ཤེས་ཞེས་འཕྲིན་བཞག་ཡོད་པ་མཐོང་མ་ཐག་ཁོ་མོས་སེམས་གཡོས་ཏེ་མུ་མཐུད་ནས་ཁང་བའི་གནས་ཚུལ་ཞིབ་གསལ་ཞིག་ལྟ་འདོད་བསམ་ནས་ཁང་བདག་གི་ཁ་པར་བཙལ་བ་ན། ཁ་པར་ལ་སྒེར་དོན་འགེབས་སྲུང་བྱས་ཡོད་པས་འབྲེལ་བ་བྱེད་དགོས་ཚེ་རང་ཉིད་ཀྱི་ཁ་པར་ཨང་གྲངས་འཇུག་དགོས་ཞེས་བྲིས་འདུག དེ་མ་ཟད་དྲ་ཚིགས་ཐོག་གླ་ཁང་གི་ཆ་འཕྲིན་དང་། པར་རིས་བཀོད་པའི་ཞོར་ལ་གྲོགས་པོར་རྒྱུས་ལོན་བྱེད་འདོད་ན་སྐད་འཕྲིན་ལ་ཕེབས་དང་རྩད་འདྲི་བྱེད་ཆོག སྐྱེས་པས་འབྲེལ་མ་བྱེད་རོགས་ཞེས་ཡིག་འབྲུ་བཀོད་འདུག ཞའོ་ལིན་དེ་མུར་སྐད་འཕྲིན་ནང་སོང་བ་ན་ལམ་སང་ཁང་པ་གླས་ཚར་བའི་ལན་སྤྲད་བྱུང་བ་རེད། དེའི་རྗེས་ཁོ་མོར་ཉིན་རེར་ཚབ་ཚོང་བ་བསྡུ་བའི་ཆ་འཕྲིན་བཅུ་ཁ་འབྱོར་ཡོང་བ་དང་། ཁང་བདག་གི་སྐད་འཕྲིན་ནང་ཚང་མ་བཀྲུ་ཆས་ཐོན་རྫས་རིགས་ཀྱི་ངོ་སྤྲོད་རེད། དེ་ནས་མོས་སྐད་འཕྲིན་དེས་མོར་གཡོ་ཐབས་ཀྱིས་ཐོན་རྫས་ཉོ་རུ་འཇུག་འདོད་ཡོད་པ་གཞི་ནས་ཚོར།

        གསར་འགོད་པས་ཚུལ་དེར་གཞིགས་ནས་གླ་ཁང་དྲ་ཚིགས་སོ་སོར་རྩད་ཞིབ་བྱས་པ་ན། གོང་གསལ་གྱི་གནས་ཚུལ་དང་ཆ་འདྲ་བ་སྤེལ་མཁན་དག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། ཁང་པའི་གནས་ཚུལ་འགོད་དུས་ཅ་ལག་ཆ་ཚང་ཡོད་པའི་ཁང་པའི་པར་རིས་འགོད་ཅིང་། གླ་རིན་ཚོང་རའི་རིན་གོང་ལས་དམའ་བ། འབྲེལ་གཏུག་ཁ་པར་ཧ་ལམ་སྒེར་དོན་འགེབས་སྲུང་གི་ཚུལ་དུ་བཞག་ཡོད་པ། འབྲེལ་བ་བྱེད་ཐུབ་ཀྱང་ས་གནས་གཞན་དུ་ཡོད་པའམ་ལས་བྲེལ་ཆེ་བ་ལ་སོགས་ཀྱིས་སྟབས་མི་བདེ་བས་སྐད་འཕྲིན་ཐོག་འབྲེལ་བ་བྱེད་རོགས་ཀྱི་སྐད་བཞག་ཡོད་པ་དེ་རེད། ཞའོ་ལིན་ལྟ་བུའི་མགོ་སྐོར་ཐེབས་མཁན་ད་དུང་བུད་མེད་མང་པོ་ཞིག་ཡོད་སྲིད། གོང་གི་གནས་ཚུལ་ལ་དམིགས་ནས་ལོ་དུ་མར་ཁང་པའི་བར་འདུག་གི་ལས་ཀ་གཉེར་མཁན་ལུ་ཏན་གྱིས་འདི་སྐད། ཁང་པ་གླ་བའི་ཆ་འཕྲིན་ཁྲོད་གལ་ཏེ་ཁང་པ་བུད་མེད་ཁོ་ནར་གླ་རྒྱུ་དང་། ཁ་པར་འབྲེལ་བ་བྱེད་མི་ཐུབ་པ། སྐད་འཕྲིན་གྱིས་འབྲེལ་བ་བྱེད་དགོས་པའི་རེ་བ་བཏོན་ཡོད་པ་ཡིན་ན་ཧ་ལམ་ཁང་པ་གླ་བའི་ཆ་འཕྲིན་དེ་རྫུན་མ་ཁོ་ན་ཡིན་ངེས་ཟེར།

        ལོ་ཙཱ་བ། ཁོན་ཐར་འཚོ།