བོད་ཡུལ་ནས་འབབ་པའི་ཆུ་བོ་གྲགས་ཅན་འགའ།

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-02-20 16:43:55      རྩོམ་སྒྲིག་པ། : ཡེ་ཤེས །

        སེང་གེ་ཁ་འབབ།

        འདི་ལ་ལེགས་སྦྱར་སྐད་དུ་“སི་ཏ”ཟེར་ལ། བོད་ལྗོངས་མངའ་རིས་ཁུལ་དུ་ཡོད། ཆུ་བོ་འདི་ནི་གངས་ཏེ་སི་དང་མཚོ་མ་ཕམ་གཉིས་ཀྱི་བྱང་ནས་ཀ་ཤི་སྨར་དང་པ་ཀི་སི་ཐན་བརྒྱུད་དེ་ཧིན་རྡུ་རྒྱ་མཚོར་འབབ་ལ། སྤྱིའི་རིང་ཚད་ལ་སྤྱི་ལེ་༢༩༠༠ནས་༣༢༠༠ཙམ་ཡོད། བོད་ཡུལ་གྱི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་༤༡༩ཡོད་ལ། རྒྱ་གར་དུ་སླེབས་པ་ན“རྒྱ་གར་ཆུ་བོ་﹙印度河Indus River﹚”རུ་འབོད།

        རྨ་ཆུའི་ཆུ་མགོ།

        འདི་ནི་ཀྲུང་གོའི་ནང་ཁུལ་དུ་འབབ་པའི་ཆུ་བོ་ཆེན་པོ་ཨང་གཉིས་ཡིན་ཏེ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་བ་ཡན་ཧ་རིའི་ཤར་ལྡེབས་ནས་ཐོན་ཏེ། ཟི་ཁྲོན་དང་ཀན་སུའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་བརྒྱུད་དེ་མཐར་ཧྲན་ཏུང་ཞིང་ཆེན་ཆེན་ནས་པོ་ཧེ་རྒྱ་མཚོར་འབབ་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་༥༤༦༤དང་། བོད་ཁུལ་དུ་རིང་ཚད་སྤྱི་ལེ་༡༣༡༠ཡོད།

        འབྲི་ཆུའི་ཆུ་མགོ།

        འདི་ནི་ཀྲུང་གོའི་ནང་ཁུལ་དུ་འབབ་པའི་ཆུ་ཆེན་ཨང་དང་པོ་དང་། འཛམ་གླིང་ཆུ་ཆེན་ཨང་གསུམ་པ་ཡིན་ཏེ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཁོངས་ཀྱི་སྐུ་ལྷ་དར་མདུང་ནས་བྱུང་སྟེ། བོད་ལྗོངས་ཟི་ཁྲོན་སོགས་རང་སྐྱོང་ལྗོངས་དང་ཞིང་ཆེན། ཐད་གཏོགས་གྲོང་ཁྱེར་བཅུ་བརྒྱུད་དེ། ཧྲང་ཧེ་རུ་ཤར་གྱི་རྒྱ་མཚོར་འབབ། ཆུ་བོ་འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ་༦༣༠༠དང་། བོད་ཡུལ་དུ་སྤྱི་ལེ་༢༨༠༦ཡོད། འབྲི་ཆུའི་མགོ་ཁུངས་ལ་རྒྱ་སྐད་དུ་“ཐོ་ཐོ་ཧི﹙沱沱河﹚”དང་ཡུལ་ཤུལ་དུ་སླེབས་ན་“ཐོང་ཐེན་ཧི﹙通天河﹚”། ཟི་ཁྲོན་དུ་སླེབས་ན“ཅིན་ཧྲ་ཅང﹙金沙江﹚”། ཡིས་པེན་དུ་སླེབས་ན་ད་གཟོད་“ཁྲང་ཅང﹙长江﹚”དུ་འབོད།

        རྫ་ཆུ།

        འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་གི་ནུབ་ཕྱོགས་ནས་བོད་ལྗོངས་ཡུན་ནན། འབར་མ། ལའོ་ཝོ། ཐའེ་ཀོ ཀམ་པོ་ཛ། ཡོ་ནན་བཅས་བརྒྱུད་དེ་རྒྱ་མཚོར་འབབ་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་༤༨༨༠དང་། ཀྲུང་གོ་རུ་རིང་ཚད་ལ་སྤྱི་ལེ་༢༡༣༠ཡོད། ཕྱི་རྒྱལ་དུ་“མེ་གོང་གཙང་པོ﹙湄公河Mekong﹚”ཞེས་འབོད་ལ། འཛམ་གླིང་གི་ཆུ་ཆེན་ཨང་དྲུག་པ་ཡིན།

        ཡར་ཀླུང་གཙང་པོ།

        འདི་ནི་བོད་ལྗོངས་སུ་ཡོད་དེ། ཧི་མ་ལ་ཡའི་བྱང་རྒྱུད་འབྲོང་པ་རྫོང་ཁོངས་བྱེ་མ་གཡུང་དྲུང་ཞེས་པའི་གངས་རི་ལས་འབབ་ཅིང་། རྒྱ་གར་བརྒྱུད་དེ་ཆུ་བོ་གངྒར་འདྲེས། སྤྱིའི་རིང་ཚད་ལ་སྤྱི་ལེ་༣༣༥༠ཡོད་ལ། བོད་ཡུལ་དུ་སྤྱི་ལེ་༢༠༩༡ཡོད། ལོ་རྒྱུས་ཡིག་ཚང་དུ་“ཡར་ཆབ་གཙང་པོ”ཞེས་འཁོད་ལ། ལེགས་རྩེའི་རྒྱུད་དུ་“རྟ་མཆོག་ཁ་འབབ”དང་ལྷོ་ཁུལ་དུ་“མྱང་ཆུ”། ལྷ་རྩེ་ནུབ་རྒྱུད་དུ་ཡང་བསྐྱར“རྟ་མཆོག་ཁ་འབབ”། ཆུ་ཤུལ་ཁུལ་ནས་བཟུང་“ཡར་ཀླུང་གཙང་པོ”རུ་འབོད། རྒྱ་གར་དུ་“པི་ལ་མ་ཕུ་ཐ་ཆུ་བོ﹙布拉马普得拉河Brahmaputra River﹚”ཟེར་ལ། འཛམ་གླིང་གི་ཆུ་ཆེན་ཨང་བཞི་པ་རེད།

        རྒྱལ་མོ་རྔུལ་ཆུ།

        འདི་ནི་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ལྷོ་ཕྱོགས་ནས་འབར་མ་རྒྱལ་ཁབ་བརྒྱུད་དེ་ཧིན་རྡུ་རྒྱ་མཚོར་འབབ་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་༣༢༠༠དང་བོད་ཡུལ་གྱི་རིང་ཚད་ལ་སྤྱི་ལེ་༡༣༩༣ཡོད། བོད་ཡུལ་ལས་བརྒལ་ན་“སལ་ཝེན་གཙང་པོ﹙萨尔温江Salween River﹚”ཟེར་ལ། འཛམ་གླིང་གི་ཆུ་ཆེན་ཨང་བཅུ་དགུ་པ་རེད།

        

      རྩོམ་འཇུག་པ། ཡེ་ཤེས་སྒྲོལ་མ།