མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་དང་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་ནས་བསྡུས།

        ཟླ་དང་པོའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་དང་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། ཚོགས་ཐོག་ནས་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་དང་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཆོས་ལུགས་ཅུའུ་ཀྲང་བཅས་ཀྱི་གྲོས་ཚོགས་དགོངས་དོན་བརྒྱུད་སྒྲོག་བྱས་ཏེ། ཁྱོན་ཡོངས་ནས་ཉིས་སྟོང་བཅུ་དྲུག་ལོའི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བར་སྤྱི་སྡོམ་བྱས་པར་མ་ཟད། ཉིས་སྟོང་བཅུ་བདུན་ལོའི་འོས་འགན་གཙོ་བོར་བཀོད་སྒྲིག་ཚགས་སུ་ཆུད་པ་བཟོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས།

        ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་བྱ་བར་བཏོན་པའི་བླང་བྱ་བརྒྱུད་སྒྲོག་བྱས་ནས་དེར་སློབ་སྦྱོང་མཐར་ཕྱིན་བྱས།

        གྲོས་ཚོགས་ལས་བསྟན་དོན། ཉིས་སྟོང་བཅུ་དྲུག་ལོ་ནི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཁག་གིས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་མཐའ་འཁྱོལ་བྱས་ཏེ། མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་གསར་འཛུགས་བྱ་བར་ཐོད་བརྒལ་གསར་བ་བླངས་པ་དང་། ཆོས་ལུགས་ལས་དོན་དོ་དམ་ཆུ་ཚད་མཐོར་འདེགས་བྱུང་ནས། ལས་རིམ་ཁག་སོ་སོ་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་བའི་ལོ་ཞིག་ཡིན་ཟེར།

        གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཉིས་སྟོང་བཅུ་བདུན་ལོ་ནི་ཀྲུང་དབྱང་གིས་འབྲེལ་ཡོད་འཐབ་ཕྱོགས་གཅིག་གྱུར་གྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ལོ་དང་གསར་གཏོད་ལོ་ཡིན། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བས་ཆབ་སྲིད་སྣེ་སྟོན་འབུར་ཐོན་ཡོང་བར་འབད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་ལ་སྲུང་སྐྱོབ་རྦད་ཆོད་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་ཞབས་ཞུའི་སྤྱི་ཡོངས་ལ་འབད་ནས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་འཆམ་མཐུན་ཡོང་བར་རོགས་འདེགས་བྱེད་དགོས་ཟེར།