ཆོས་ལུགས་བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས།

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-02-27 11:31:21      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

        གནས་བབ་གསར་བའི་འོག་གི་ཆོས་ལུགས་བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས།

        ཆོས་ལུགས་ཀྱི་གནད་དོན་ནི་ང་ཚོའི་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་བྱེད་སྐབས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་དོན་ཆེན་ཞིག་ཡིན་ལ། ཆོས་ལུགས་བྱ་བ་དེ་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་བྱ་བའི་ཁྲོད་དུ་དམིགས་བསལ་གྱི་གལ་ཆེན་རང་བཞིན་ལྡན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་འཕེལ་རྒྱས་སུ་གཏོང་བར་འབྲེལ་བ་ཡོད་པ་དང་ཏང་དང་མི་དམངས་མང་ཚོགས་བར་དུ་ཤ་ཁྲག་ལྟ་བུའི་འབྲེལ་བ་ཡོད་པ། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་ལ་འབྲེལ་བ་ཡོད་པ། རྒྱལ་ཁབ་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་ལ་འབྲེལ་བ་བཅས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་སྟེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཆེ་ཕྱོགས་ལ་དམིགས་ནས་ཚན་རིག་ལྟར་རང་རྒྱལ་གྱི་ཆོས་ལུགས་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་གཞུང་ལུགས་གསལ་བོར་བཏོན་པ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་སའི་བྱ་བ་བཟང་བོར་སྒྲུབ་པར་བཀོད་སྒྲིག་བྱས་པ་དེས་ང་ཚོའི་ཏང་གིས་ཆོས་ལུགས་གནད་དོན་དང་ཆོས་ལུགས་བྱ་བར་འཛིན་པའི་འདུ་ཤེས་ཇེ་མཐོར་སོང་བ་མཚོན་པ་དང་། ང་ཚོས་གནས་བབ་གསར་བའི་འོག་ཏུ་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་པར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཀྱང་ཡིན།

        ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཆེ་ཕྱོགས་གཉིས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ་ཚན་རིག་ལྟར་གནས་བབ་ལ་དབྱེ་ཞིབ་བྱེད་པ་དང་འབུར་དུ་ཐོན་པའི་གནད་དོན་ཐད་ཀར་དུ་ཐག་གཅོད་བྱས་ནས་ཆོས་ལུགས་བྱ་བར་ཐབས་ཇུས་རང་བཞིན་གྱི་བཀོད་སྒྲིག་རབ་དང་རིམ་པ་བྱས་པ་དང་། ཆོས་ལུགས་བྱ་བར་ཡར་སྐུལ་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་བླངས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་ལེན་བྱས་ནས་ཏང་དང་ཆོས་ལུགས་ལས་རིགས་ཁག་གི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་བྱ་བ་རྒྱུན་ཆད་མེད་པར་སྲ་བརྟན་བཏང་པ་དང་། ཆོས་ལུགས་བྱ་བ་ཁྲིམས་ལུགས་ཅན་དུ་འགྱུར་བར་མངོན་གསལ་སྒོས་ཤུགས་བསྣན་པ། ཆོས་ལུགས་ཁྱབ་ཁོངས་ནང་གི་འབུར་ཐོན་གནད་དོན་རྒྱུད་མཐུད་ངང་བཅོས་སྐྱོང་བྱས། ང་ཚོའི་ཏང་གིས་ཆོས་ལུགས་གནད་དོན་ཐད་བཀོལ་བའི་གཞུང་ལུགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ནི་ཡང་དག་ཡིན་པ་དང་རང་རྒྱལ་གྱི་ཆོས་ལུགས་བྱ་བའི་གནས་བབ་སྤྱིའི་ཆ་ནས་བཟང་བ་ལག་ལེན་ལས་བདེན་དཔང་བྱས་ཡོད། དེ་དང་མཉམ་དུ་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་རང་རྒྱལ་གྱི་ཆོས་ལུགས་ཁྱབ་ཁོངས་ལ་ཡང་འགྱུར་ལྡོག་ཟབ་མོ་འབྱུང་བཞིན་ཡོད། ང་ཚོར་གནད་དོན་གྱི་གླེང་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་གནད་སའི་གནད་དོན་འབུར་དུ་ཐོན་པར་བྱས་ནས་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་ལྷོད་མེད་དང་ལག་ལེན་བྱེད་དགོས་པའི་རེ་བ་ནན་མོ་བཏོན་ཡོད།བསམ་བློ་ནི་འགུལ་སྐྱོད་ཀྱི་སྔོན་བརྡ་ཡིན། གནས་བབ་གསར་བའི་འོག་གི་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་ན་ཐོག་མར་འདུ་ཤེས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། འདུ་ཤེས་འཛིན་སྟངས་ཡང་དག་ཡིན་ན་ད་གཟོད་འགུལ་སྐྱོད་གྱི་ཁ་ཕྱོགས་གསལ་བོ་ཡིན། ཆོས་ལུགས་ནི་རྙོག་འཛིང་གི་སྤྱི་ཚོགས་ཀྱི་སྣང་ཚུལ་ཡིན་པ་དང་ ། དེ་ལ་ཡུན་རིང་རང་བཞིན་དང་རྒྱལ་སྤྱིའི་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལྡན་པ་གསལ་བོར་ཤེས་དགོས། ངེས་པར་དུ་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། དེ་ནི་ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་དད་མོས་རང་དབང་ཡིན་པའི་སྲིད་ཇུས་ལག་ལེན་བྱེད་པ་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། རང་སྟོབས་རང་སྤེལ་དང་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་མཐུན་ཐབས་བྱེད་དགོས། ཆོས་ལུགས་བྱ་བ་དེ་དོན་ངོ་མའི་མང་ཚོགས་བྱ་བ་ཡིན། ང་ཚོས་ཆོས་ལུགས་གནད་དོན་ལ་ཡང་དག་པའི་ལྟ་ཚུལ་འཛིན་དགོས་པ་སྟེ་གཙོ་བོ་ཆོས་ལུགས་གནད་དོན་གསལ་བོར་ཤེས་དགོས་པ་དེ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་སློབ་གསོ་བཏང་ནས་འབད་བརྩོན་གྱིས་ཆོས་ལུགས་སློབ་གསོའི་ནང་དོན་དེ་ཀྲུང་ཧྭའི་རིག་གནས་དང་ཕན་ཚུན་འདྲེས་བར་བྱེད་དགོས། ཆབ་སྲིད་ཀྱི་སྟེང་ནས་མཐུན་སྒྲིལ་མཉམ་ལས་དང་དད་མོས་ཀྱི་སྟེང་ནས་ཕན་ཚུན་བརྩི་བཀུར་བྱས་སྟེ་ཆོས་ལུགས་བྱ་བར་ཁ་ཕྱོགས་ཡོད་པ་དང་སྟོབས་ཤུགས་ཡོད་པ། ཕན་ནུས་ཡོད་པར་བྱས་ནས་ང་ཚོས་དད་ལྡན་མང་ཚོགས་མེས་རྒྱལ་ལ་དགའ་བ་དང་མི་དམངས་ལ་དགའ་བར་སྣེ་ཁྲིད་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་དང་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲུལ་ཆེན་མོར་སྲུང་སྐྱོབ་བྱས་ཏེ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་སྤྱིའི་ཁེ་ཕན་ལ་ཞབས་འདེགས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་ཀྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས།

        ཆོས་ལུགས་གནད་དོན་དེ་ཆབ་སྲིད་དང་དཔལ་འབྱོར། རིག་གནས། མི་རིགས་སོགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་དམ་པོ་ཡོད་ལ། ལོ་རྒྱུས་ཀྱི་འགལ་བ་དང་དོན་དངོས་ཀྱི་གནད་དོན་དང་ཕན་ཚུན་འབྲེལ་བ། རྒྱལ་ནང་གི་ནང་རྐྱེན་དང་རྒྱལ་སྤྱིའི་ནང་རྐྱེན་གྱིས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པ་ཡིན། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་ཐུབ་མིན་ནི་ཆོས་ལུགས་བྱ་བའི་ཕན་འབྲས་ལ་དཔྱད་འཇོག་བྱེད་པའི་རྩ་བའི་མཚོན་རྟགས་ཡིན།ཆོས་ལུགས་ལ་མར་ཁེ་སི་རང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས། ངོས་འཛིན་བཅས་ཀྱི་ལྟ་སྟངས་འཛིན་པ་དང་ཆོས་ལུགས་དང་ཆོས་ལུགས་བྱ་བའི་སྒྲིག་སྲོལ་ལ་གོང་བཀུར་བྱས་ན་ད་གཟོད་གྲུབ་འབྲས་ལེགས་པོ་ལེན་ཐུབ། འདིའི་ཁྲོད་ཀྱི་གནད་འགག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆོས་ལུགས་གཞུང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས་རང་རྒྱལ་གྱི་ཆོས་ལུགས་ཀྱིས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱས་ནས་ཧུར་ཐག་སྒོས་སྐྱོན་བྲལ་བའི་ཆོས་ལུགས་འབྲེལ་བ་བཙུགས་ཏེ་ཆོས་ལུགས་སྡེ་ཁག་གིས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཤེས་ལྡན་མི་སྣ་སྐྱེད་བསྲིང་བྱེད་པར་ཡར་སྐུལ་བྱས་ཏེ་བློ་ཐག་རྦད་ཆོད་ཀྱིས་ཆོས་ལུགས་བེད་སྤྱད་དེ་བྱ་བ་ངན་པ་སྒྲུབ་པར་སྔོན་འགོག་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་སའི་བྱ་བ་ལེགས་པོར་སྒྲུབ་དགོས།ཁྲིམས་ལུགས་ལ་བཀུར་ན་རྒྱལ་ཁབ་སྟོབས་ལྡན་དུ་འགྲོ་བ་དང་ཁྲིམས་ལུགས་སྣང་མེད་དུ་བཞག་ན་རྒྱལ་ཁབ་ཉམས་ཞན་དུའགྲོ་བ་ཡིན། དཔེ་དེ་བཞིན་དུ་གནས་བབ་གསར་བའི་འོག་གི་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་ན་ངེས་པར་དུ་སྲིད་གཞུང་གིས་ཆོས་ལུགས་ལས་དོན་གྱི་སྤྱོད་སྟངས་བཅའ་ཁྲིམས་ལྟར་དོ་དམ་དང་ཚད་ལྡན་དུ་གཏོང་བ་དང་བཅའ་ཁྲིམས་ལྟར་ཆོས་ལུགས་ཀྱི་འབྲེལ་བ་སྣ་ཚོགས་མཐུན་སྦྱོར་བྱས་ནས་ཆོས་ལུགས་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་དགོས། དེ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་དགོས་ངེས་ཀྱི་རེ་བ་ཡིན་ལ། ཡང་དག་པའི་སྒོ་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་བ་སྣ་ཚོགས་དང་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་བྱེད་ཐབས་ཡང་ཡིན། རྒྱུན་ཆད་མེད་པར་དོ་དམ་བྱེད་ཐབས་བཅོས་སྒྱུར་བྱས་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས། དེ་དང་མཉམ་དུ་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་རྒྱལ་ཁྲིམས་དང་ཆོས་ལུགས་སྒྲིག་སྲོལ་བར་གྱི་འབྲེལ་བར་ཡང་དག་པའི་གོ་བ་ལོན་པར་སྣེ་ཁྲིད་བྱས་ནས་ཁོ་ཚོར་བཅའ་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་བཀུར་བྱེད་པ་ནི་ཁོ་ཚོ་རང་ཉིད་ལ་སྲུང་སྐྱོབ་བྱས་པ་ཡིན་པས་གནས་ལུགས་ཤེས་སུ་བཅུག་ཏེ་ཁོ་ཚོས་ཁྲིམས་སྲོལ་ལྟར་ཆོས་ལུགས་བྱ་འགུལ་སྤེལ་བའི་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས།

        ཆོས་ལུགས་བྱ་བའི་འགོ་ཁྲིད་བཅོས་སྒྱུར་བྱེད་པར་ཤུགས་སྣོན་བྱེད་པ་ནི་གནས་བབ་གསར་བའི་འོག་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་པའི་གཞི་རྩའི་རྩ་འཛིན་ཡིན། རིམ་པ་སོ་སོའི་ཏང་ཨུ་ཡིས་ཆོས་ལུགས་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། སྟོབས་དང་ལྡན་པའི་མགོ་ཁྲིད་སྒྲིག་གཞི་དང་བྱ་བའི་སྒྲིག་གཞི་འཐུས་ཚང་ཞིག་བཙུགས་ནས་ཆོས་ལུགས་བྱ་བའི་ཐབས་ཇུས་དང་བཀོལ་སྒྲིག་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་སོ་སོས་མཉམ་དུ་དམ་འཛིན་དང་གཞོགས་འདེགས་དམ་པོ་བྱས་ནས་མཉམ་དུ་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་དགོས། ང་ཚོས་ངེས་པར་དུ་ཕྱོགས་ཡོངས་ནས་གནས་བབ་གསར་བའི་འོག་གི་ཆོས་ལུགས་བྱ་བའི་ཆུ་ཚད་ཇེ་མཐོར་བཏང་སྟེ། རྒྱུན་ཆད་མེད་པར་ཆོས་ལུགས་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱས་ཏེ་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད་དགོས།

        རྩོམ་འཇུག་པ། ཡེ་ཤེས་སྒྲོལ་མ།