རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་ཚོགས་མགོ་བརྩམས་པ།

        རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་ཚེས་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་ནས། འགན་འཁྲི་ཕྲག་ཏུ་ཁུར་རྒྱུ་ནི་གལ་ཆེ་ལ། དངོས་སྒྲུབ་ཀྱིས་འོད་སྟོང་འབར་བའི་གྲུབ་འབྲས་སྐྲུན་ཐུབ་པས། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། བློ་གཅིག་སེམས་གཅིག་དང་གསར་སྤེལ་ཡར་བརྩོན་གྱིས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱས་ནས། བརྒྱ་ལོ་གཉིས་ཀྱི་རླབས་ཆེན་དམིགས་འབེན་མངོན་འགྱུར་བྱེད་པ་དང་། འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བསྟན།

        ཉིན་དེར་མི་དམངས་ཚོགས་ཁང་ཆེན་མོར་རྔམ་བརྗིད་དང་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད་ལ། ཁྲི་ཤོང་ཚོགས་ཆེན་དུ་གློག་འོད་རྣམ་པར་བཀྲ། ཀྲུའུ་ཞིའི་སྟེགས་བུའི་རྒྱབ་རས་ཀྱི་དཀྱིལ་དུ་རྒྱལ་རྟགས་མཐོན་པོར་བཀལ་ཡོད་པ་དང་། དར་དམར་བཅུ་དེའི་ལོགས་གཉིས་སུ་བསྒྲིགས་ཡོད། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སྟོང་གསུམ་ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཕྲག་ཏུ་ཁུར་ནས་ཚོགས་ཆེན་ལ་ཞུགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་བླ་ན་མེད་པའི་འགན་དབང་ལག་བསྟར་ནན་མོ་བྱས།

        ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཀྲང་ཏི་ཅང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཅན་གོ་དང་ཝང་ཧྲིན་ཅོན། ཁྲིན་ཁྲང་ཀྲི། ཡན་ཅོན་ཆི། ཝང་ཁྲིན། ཧྲིན་ཡེའོ་ཡེའོ། ཅི་པེན་ཞོན། ཀྲང་ཕེན། བྱམས་པ་ཕུན་ཚོགས། ཨེ་ལེ་ཀིན་དབྱི་མེན་པ་ཧེ། ཝན་ཨི་ཞང་། ཀྲང་པའོ་ཝུན། ཁྲིན་ཀྲུའུ་བཅས་ཀྲུའུ་ཞིའི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བསྡད་ཡོད།

        ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

        རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ཉེར་བཞི་ཡོད་པ་དང་། ཉིན་དེའི་གྲོས་ཚོགས་ལ་མི་སྟོང་གཉིས་དང་བརྒྱད་བརྒྱ་རེ་གཉིས་འབྱོར་བ་དང་མི་རེ་གཉིས་ཆད། ཚོགས་འདུར་ཞུགས་པའི་མི་གྲངས་བཅའ་ཁྲིམས་ཀྱི་གཏན་ཁེལ་མི་གྲངས་དང་མཐུན།

        སྔ་དྲོའི་དུས་ཚོད་དགུའི་སྟེང་། ཀྲང་ཏི་ཅང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་ཚོགས་མགོ་བརྩམས་པ་བསྒྲགས་པ་ན། ཚོགས་རའི་མི་ཡོངས་རྫོགས་ཡར་ལངས་ཏེ་རྒྱལ་གླུ་བླངས།

        གྲོས་ཚོགས་ཀྱི་གྲོས་རིམ་ལྟར་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་བསྡོམས་པས་ཁག་གསུམ་དུ་བགོས་ཡོད་དེ། དང་པོ། ཉིས་སྟོང་བཅུ་དྲུག་ལོའི་བྱ་བའི་སྤྱི་བསྡོམས། གཉིས་པ། ཉིས་སྟོང་བཅུ་བདུན་ལོའི་བྱ་བའི་སྤྱིའི་བཀོད་སྒྲིག། གསུམ་པ། ཉིས་སྟོང་བཅུ་བདུན་ལོའི་བྱ་བ་གཙོ་བོའི་ལས་འགན་བཅས་རེད།

        ལིས་ཁི་ཆང་གིས་གསུངས་རྒྱུར། འདས་པའི་ལོ་གཅིག་གི་རིང་ལ། རང་རྒྱལ་གྱི་འཕེལ་རྒྱས་ཐད་རྒྱལ་ཁབ་ཕྱི་ནང་གི་འགལ་བ་མང་དུ་བྱུང་བ་དང་། ཉེན་ཁ་བསྟུད་མར་བྱུང་བའི་འགྲན་རྩོད་ཚབས་ཆེན་ལ་འཕྲད། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་དཀའ་ངལ་གདོང་གིས་བསུས་པ་དང་སྤོབས་པ་ཆེན་པོས་མདུན་སྐྱོད་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་སྲོག་ཤིང་གི་གོ་གནས་དངོས་སུ་གཏན་ཁེལ་གསལ་པོ་བྱས་པ་དེས་ཏང་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་དར་རྒྱས་གོང་འཕེལ་དང་ཡུན་སྐྱོང་བདེ་འགོད་ལ་ཁག་ཐེག་བྱེད་པར་ཧ་ཅང་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་གསར་དུ་འཕེལ་རིམ་གལ་ཆེན་བླངས་པ་དང་། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་གོམ་སྟབས་གལ་ཆེན་སྤོས་ལ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལག་བསྟར་ཟབ་མོ་བྱས་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ཟབ་སྤེལ་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མགོ་བཟང་པོ་བརྩམས་ཟེར།

        ལིས་ཁི་ཆང་གིས་ཆེ་ཕྱོགས་སྙོམས་སྒྲིག་ཐད་མུ་མཐུད་གསར་སྐྲུན་དང་ཤུགས་སྣོན་བྱས་ཏེ། དཔལ་འབྱོར་འོས་འཚམ་གྱི་བར་མཚམས་སུ་འཁོར་རྒྱུག་བྱེད་དུ་བཅུག་པ་དང་། འདོར་གསུམ་འཕྲི་གཅིག་གསབ་གཅིག་ཧུར་ཐག་གིས་དམ་འཛིན་བཟང་པོ་བྱས་ཏེ། འདོན་སྤྲོད་ཀྱི་སྒྲིག་གཞི་ལེགས་བཅོས་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ཤུགས་ཆེན་པོས་ཟབ་སྤེལ་བྱས་ཏེ། འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་བ། གསར་སྐྲུན་གྱི་ཁྲིད་སྟོན་བྱེད་ཤུགས་ཇེ་ཆེར་བཏང་ནས། སྒུལ་ནུས་གསར་བ་མྱུར་དུ་ཆགས་པར་བྱས་པ། ཁུལ་ཁོངས་དང་གྲོང་ཁྱེར་གྲོང་གསེབ་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ། འཕར་སྣོན་གྱི་སྣེ་དང་འཕར་སྣོན་གྱི་རྒྱུད་གསར་པ་མྱུར་དུ་ཆགས་པར་བྱས་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ལྗང་མདོག་འཕེལ་རྒྱས་ཐད་འཕེལ་རིམ་གསར་པ་བླངས་པ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་ལ་གཙིགས་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་ཇེ་དྲག་ཏུ་བཏང་བ། སྲིད་གཞུང་གི་འཛུགས་སྐྲུན་དང་བཅོས་སྐྱོང་གསར་སྐྲུན་སྤེལ་ནས། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་སྲུང་འཛིན་བྱས་པ་བཅས་ཀྱི་ཕྱོགས་ནས་འདས་པའི་ལོ་གཅིག་གི་བྱ་བར་སྤྱི་བསྡོམས་བྱས།

        ལིས་ཁི་ཆང་གིས་བསྟན་དོན། ང་ཚོས་ད་དུང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་སྔར་བཞིན་དཀའ་ཁག་དང་གནད་དོན་མི་ཉུང་བ་གནས་པ་གསལ་བོར་མཐོང་བས། ང་ཚོས་ངེས་པར་དུ་འགྲན་རྩོད་གདོང་གིས་བསུ་བ་དང་ཁག་ཁུར་བྱེད་ཕོད་པའི་སྒོ་ནས་སྟོབས་ཤུགས་ཡོད་རྒུས་སྲིད་གཞུང་གི་བྱ་བ་བཟང་པོར་བསྒྲུབ་སྟེ། ལོ་རྒྱུས་ཀྱི་འགན་འཁྲི་ལ་ངོ་གནོང་མི་རུང་བ་དང་མི་དམངས་ཀྱི་མངགས་བཅོལ་སྟོང་ཟད་དུ་གཏོང་མི་རུང་ཟེར།

        ལིས་ཁི་ཆང་གིས་གསུངས་རྒྱུར། ཉིས་སྟོང་བཅུ་བདུན་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་དྲུག་དང་གྲངས་ཆུང་ལྔ་ཡས་མས་འཕར་བར་བྱེད་པ་དང་། དོན་དངོས་ཀྱི་བྱ་བའི་ཁྲོད་དེ་ལས་བཟང་བའི་གྲུབ་འབྲས་བརྩོན་ལེན་བྱེད་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་སྤྱིའི་རིན་གོང་བརྒྱ་ཆའི་གསུམ་ཡས་མས་འཕར་བར་བྱེད་རྒྱུ། མཁར་གྲོང་དུ་གསར་དུ་ལས་ཞུགས་པ་བྱེ་བ་གཅིག་དང་ས་ཡ་གཅིག་གི་ཡངན་ལ་སླེབས་པར་བྱེད་པ་དང་། མཁར་གྲོང་གི་ལས་ཤོར་ཐོ་འགོད་ཀྱི་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔའི་མན་དུ་ཚོད་འཛིན་བྱེད་རྒྱུ། ཕྱིར་གཏོང་ནང་འདྲེན་བརྟན་བརླིང་ངང་བཟང་ཕྱོགས་སུ་འཕེལ་བར་བྱེད་པ་དང་། རྒྱལ་སྤྱིའི་ཡོང་སྒོ་དང་འགྲོ་སོང་ཕལ་ཆེར་དོ་མཉམ་པར་བྱེད་རྒྱུ། སྡོད་དམངས་ཀྱི་ཡོང་སྒོ་དང་དཔལ་འབྱོར་འཕར་སྣོན་གྱི་གོམ་སྟབས་ཕལ་ཆེར་མཉམ་པར་བྱེད་རྒྱུ། ལས་ཁུངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་ཐད་ཀྱི་ནུས་པའི་ཟད་གྲོན་བརྒྱ་ཆའི་གསུམ་དང་གྲངས་ཆུང་བཞིའི་ཡན་མར་འབབ་པར་བྱེད་པ་དང་། བཙོག་རྫས་གཙོ་བོ་ཕྱིར་འདོན་ཚད་མུ་མཐུད་ཇེ་དམའ་རུ་གཏོང་རྒྱུ་བཅས་ཡིན་ཟེར།

        ལིས་ཁི་ཆང་གིས་ཉིས་སྟོང་བཅུ་བདུན་ལོའི་སྲིད་གཞུང་བྱ་བ་བཟང་པོར་སྒྲུབ་པར་གསལ་པོར་ངེས་དགོས་པའི་ཕྱོགས་ལྔ་སྙན་ཞུར་ཕུལ། གཅིག་ནི་བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་སྙིང་པོ་ལག་བསྟར་བྱས་ཏེ། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་དགོས། གཉིས་ནི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྤེལ་རྒྱུ་གཙོ་གནད་དུ་འཛིན་དགོས། གསུམ་ནི་སྤྱིའི་དགོས་མཁོ་འོས་འཚམ་གྱིས་རྒྱ་བསྐྱེད་རྒྱུ་མ་ཟད་དེའི་ཕན་ནུས་རང་བཞིན་མཐོར་འདེགས་བྱེད་དགོས། བཞི་ནི་གསར་སྐྲུན་ལ་བརྟེན་ནས་སྒུལ་ནུས་གསར་རྙིང་བརྗེ་སྤོར་བྱེད་པ་དང་སྒྲིག་གཞི་ལེགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་དགོས། ལྔ་ནི་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་འབུར་ཐོན་གནད་དོན་ཧུར་ཐག་གིས་ཐག་གཅོད་དགོས་པ་བཅས་ཡིན་ཟེར།

        ལིས་ཁི་ཆང་གིས་གསུངས་རྒྱུར། ཉིས་སྟོང་བཅུ་བདུན་ལོར་གཙོ་བོ་ཕྱོགས་དགུའི་བྱ་བ་བཟང་པོར་སྒྲུབ་དགོས་ཏེ། གཅིག་ནི་བཅོས་སྒྱུར་གྱི་བྱེད་ཐབས་བཀོལ་ནས་འདོར་གསུམ་འཕྲི་གཅིག་གསབ་གཅིག་གཏིང་ཟབ་ཏུ་སྤེལ་དགོས། གཉིས་ནི་ཁྱབ་ཁོངས་གལ་ཆེན་དང་གནད་འགག་གོ་རིམ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས། གསུམ་ནི་རྒྱལ་ནང་གི་དགོས་མཁོའི་སྦས་ཤུགས་སྔར་ལས་བཟང་པོར་ཕྱིར་གཏོང་དགོས། བཞི་ནི་གསར་སྐྲུན་ལ་བརྟེན་ནས་དངོས་ཕུང་དཔལ་འབྱོར་གྱི་ཚུལ་སྒྱུར་རིམ་སྤོར་ལ་ཁྲིད་སྟོན་བྱེད་དགོས། ལྔ་ནི་ཞིང་ལས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཞིང་པའི་ཡོང་སྒོ་རྒྱུན་སྲིང་ངང་འཕར་བར་ཡར་སྐུལ་བྱེད་དགོས། དྲུག་ནི་ཧུར་ཐག་དང་རང་འགུལ་སྒོས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དགོས། བདུན་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། བརྒྱད་ནི་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དེ་སྤྱི་ཚོགས་ཀྱི་འཛུགས་སྐྲུན་གལ་ཆེན་དུ་བརྩི་དགོས། དགུ་ནི་སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དགོས་པ་བཅས་ཡིན་ཟེར།

        ལིས་ཁི་ཆང་གིས་ད་དུང་མི་རིགས་དང་ཆོས་ལུགས། ཕྱིར་སྡོད་རང་མིའི་བྱ་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན། ཞང་ཀང་དང་ཨོ་མིན་གྱི་འཕེལ་རྒྱས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ། ད་དུང་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་བཅས་ཀྱི་སྐོར་རྒྱས་བཤད་མཛད།གྲོས་ཚོགས་ཀྱི་གྲོས་རིམ་ལྟར། ཚོགས་ཆེན་ནས་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ་དང་ཉིས་སྟོང་བཅུ་བདུན་ལོའི་འཆརགཞིའི་འཆར་ཟིན། ཉིས་སྟོང་བཅུ་དྲུག་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ཀྱི་སྙན་ཞུ་དང་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་ཡོངས་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས།

        ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་ད་དུང་མཱ་ཁའེ་དང་། ཝང་ཧུའུ་ཉིན། ལིག་ཡན་ཏུང་། ལིག་ཆི་པའོ། ཞུའུ་ཆི་ལེང་། སུན་ཁྲོན་ལན། སུན་ཀྲིན་ཚེ། ལིས་ཡོན་ཁྲའོ། ཝང་དབྱང་། ཀྲང་ཁྲོན་ཞན། ཧྥན་ཁྲང་ལུང་། མིན་ཅ་ཀྲུའུ། ཀྲའོ་ལི་ཅི། ཧུའུ་ཁྲོན་ཧྭ། ལིས་ཀྲན་ཧྲུའུ། གོ་ཅིན་ལུང་། ཧན་ཀྲིན། ཏུའུ་ཆིན་ལིན། ཀྲའོ་ཧུང་ཀྲུའུ། དབྱང་ཅིན། ཁྲང་ཝན་ཆོན། དབྱང་ཅེ་ཁྲི། གོ་ཧྲིན་ཁུན། ཝང་ཡུང་། ཀྲིག་ཆཱང་། ཚའོ་ཅན་མེན། ཧན་ཆི་ཏི། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ལིན་ཝུན་དབྱི། ལོ་ཧྥུའུ་ཧི། ཧི་ཧུ་ཧྭ། ཀྲང་ཆིན་ལིས། ལིས་ཧེ་ཧྥིན། ཁྲིན་ཡོན། ལུའུ་ཀྲན་གུང་། ཀྲིག་ཞའོ་ཁྲོན། ཝང་ཅ་རོས། ཝང་ཀྲིན་ཝེ། མཱ་པེའོ། ཆི་ཞུའུ་ཁྲོན། ཁྲིན་ཞའོ་ཀོང་། མཱ་ཕེ་ཧྭ། ལིག་ཞའོ་ཧྥིན། ཝང་ཆིན་མེན། ད་དུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧྥང་ཏིན་ཧོས་དང་། ཀྲང་དབྱང་། ཀྲའོ་ཁི་ཧྲི། ཀྲང་ཡུག་ཞ། ཝུའུ་ཧྲིན་ལིས། མཱ་ཞའོ་ཐེན། ཝེ་ཧྥིན་ཧི་སོགས་བསྡད་ཡོད།

        ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་གཉིས་གྲོས་ཚོགས་ལ་ཟུར་ཞུགས་བྱས་པ་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

        རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་སྲིད་གྲོས་ཨུ་ཡོན་རྣམས་ཚོགས་ཆེན་ལ་ཟུར་ཞུགས་བྱས།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་། མི་དམངས་ཚོགས་པ་སོ་སོའི་འབྲེལ་ཡོད་འགན་ཁུར་པ་ཚོགས་ཆེན་ལ་ཟུར་ཞུགས་བྱས་པ་དང་ཡང་ན་ཟུར་ཉན་བྱས།

        ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པས་ཚོགས་ཆེན་ལ་ཟུར་ཉན་བྱས།