ཏུན་ཧོང་བྲག་ཕུག་གི་བྱུང་བ་དང་ཡིག་རྙིང་གི་གནས་བབ།

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-03-11 12:07:16      རྩོམ་སྒྲིག་པ། : ཡེ་ཤེས །

        ཏུན་ཧོང་བྲག་ཕུག་(敦煌石窟)གི་བྱུང་བ་རགས་བསྡུས།

        ཚེ་མཆོག་སྐྱབས།

        དེང་གི་ཏུན་ཧོང་བྲག་ཕུག་འདི་ཆགས་ཡུལ་གྱི་ཐོག་མ་ནི་གནའ་བོའི་སྐབས་འདི་ལ་མཛེས་སྡུག་ལྡན་པའི་བྱེ་ཐང་གི་གླིང་ཞེས་བརྗོད་ཀྱི་ཡོད།སྤྱི་ལོ་སྔོན་གྱི༡༡༩ལོར་ཧན་རྒྱལ་རབས་ཀྱི་གོང་མ་ཧན་ཝུས་ཏིས(汉武帝)རྨ་ཆུའི་ནུབ་བརྒྱུད་དབང་དུ་བསྡུས་རྗེས།ཁུལ་དེར་ཡུལ་མི་འབུམ་ཕྲག་འགའ་ཤས་གནས་སྤོས་ནས་ཐེངས་དང་པོ་རྒྱའི་མངའ་ཁོངས་སུ་ཚུད།ཡ་གླིང་གི་དབུས་དང་ནུབ་རྒྱུད་ལ་སྐྱོད་སའི་དར་གོས་ཚོང་ལམ(丝绸之路Sik Road)་གྱི་སྒོ་ཐོག་མར་འབྱེད། དེ་ནི་རྒྱ་ནག་ཧྲན་ཤི་ནས་ཡིན་པའི་རྒྱལ་པོའི་གསེར་ཡིག་ཀྲང་ཅན་ཞེས་པས།སྤྱི་ལོ་སྔོན་གྱི༡༣༩-༡༢༦BCདང་།༡༡༩-༡༡༥BCབཅས་སྔ་རྗེར་སོ་སོར་དབུས་ཨེ་ཤེས་ཡའི་ནང་དུ་གཞུང་འབྲེལ་ལས་དོན་བྱེད་པར་བསྐྱོད་དེ།སླར་ལམ་བུ་དེ་རང་བརྒྱུད་དེ་ཁྲང་ཨན་དུ་ཚུར་ལོག་ཡོང་བས་ལམ་དེ་གསར་དུ་དོད་པ་ནས་བྱུང་བ་ཡིན།དར་གོས་ཚོང་ལམ་དེ་སྒོ་འབྱེད་པ་ནས་ཚོང་དང་རིག་གནས་བརྗེ་རེས་བྱ་སའི་འདུས་མདོ་གལ་ཆེན་ཞིག་ཏུ་གྱུར་ཏེ་ཚོང་ལས་དར་རྒྱས་ཆེན་པོར་སོང་།

        ཏུན་ཧོང་ས་ཆ་དེ་ནི་འཛམ་གླིང་ས་ཁྲའི་ཤར་ནུབ་ཕྲེད་ཐིག་ཏུའུ་༤༠དང་།ལྷོ་བྱང་གཞུང་ཐིག་ཏུའུ་༩༥འདུས་སའི་མཚམས་ཀྱི་ནང་དུ་གནས་ཡོད།དེང་སང་ཀྲུང་གོའི་མངའ་ཁོངས་ཀྱི་ཀན་སུའུ་ཞིང་ཆེན་གྱི་ནུབ་མཐའི་གྲོང་ཁྱེར་ཤིན་ཅང་དང་མཚོ་སྔོན་གྱི་མཐའ་མཚམས་སུ་ཆགས་ཡོད།ས་དེར་བྲག་ཕུག་ཐོག་མ་བྱུང་ཚུལ་ནི།ད་ལྟ་ཏུན་ཧོང་ཁུལ་དུ་ཡོད་པའི་ཐང་རྒྱལ་རབས་སྐབས་ཀྱི་རྒྱ་ཡིག་གི་རྡོ་རིང་ནང་དོན་དུ།ཆིང་རྒྱལ་རབས་སྔ་མའི་ཅན་ཡོན་ཁྲི་ལོ་གཉིས་པ་(前秦建元二年)སྤྱི་ལོ༣༣༦ལོའི་ཕྱི་དྲོ་ཞིག་ལ།རྣལ་འབྱོར་པ་བློ་བཙུན་བྱ་བ་ཞིག་དེ་གའི་གྲོང་ཚོའི་ཤར་ལྷོའི་མིང་ཧྲ་རི་བོའི་ཕྱོགས་སུ་སྐྱོད་སྐབས།རི་བོ་རྩེའི་མཁའ་མཐོངས་ནས་གསེར་མདོག་འཚེ་བའི་སངས་རྒྱས་སྟོང་སྐུ་བྱོན་ཏེ།ཕུག་འཛིན་པ་ཐོག་མ་ཡིན་པའི་སྐོར་སོགས་འཁོད་ཡོད།ཏུན་ཧོང་ཐང་དཀྱིལ་དུ་རི་བོ་གཉིས་རྒྱང་ཁད་རིང་པོའི་ས་ན་ཕན་ཚུན་ཁ་གཏད་ཀྱིས་ཡོད་པ་ལ།གཅིག་གི་མིང་ལ་སན་ཝེ་རི་བོ་དང་གཅིག་གི་མིང་ལ་མིན་ཧྲ་རི་བོ་ཟེར།ཏུན་ཧོང་གི་བྲག་ཕུག་རྣམས་ནི་མིན་ཧྲ་རི་བོ་ཟེར་བ་དེའི་ལྡེབས་ངོས་ལ་བརྐོས་ཡོད་པ་རེད།རྣལ་འབྱོར་བ་བློ་བཙུན་གྱི་ཕྱིས་སུ་་རྣལ་འབྱོར་པ་ཧྥ་ལེང་བྱ་བ་ཞིག་ཤར་ཕྱོགས་ནས་འདིར་ཕེབས་ཏེ། ཡོ་ཙུན་གྱིས་བརྐོས་པའི་བྲག་ཕུག་དེའི་ལོགས་སུ་སླར་ཡང་བྲག་ཕུག་ཅིག་བརྐོས། ལོ་རྒན་དྲུག་ཅུ་ལྟར་བརྩིས་ན་ལོ་ངོ་བཞི་བརྒྱ་ལྷག་འདས་པའི་རིང་ལ་བྲག་ཕུག་ཆིག་སྟོང་ལྷག་བྱུང་ཞེས་གསལ།

        དུས་རབས་༡༡་པའི་འགོ་ཙམ་ལ་ཏུན་ཧོང་བྲག་ཕུག་གི་སྒོ་ཟུབ་པ་ཡིན་པར་བཤད་ལ། དེའི་ཐད་ལ་རྒྱུ་རྐྱེན་གྲགས་ཆེ་བ་གཉིས་ཡོད་དེ།གཅིག་ནི་ཉེན་བྱོལ་སྨྲ་བ་དང་།གཅིག་ཤོས་དོར་བསྐྱུར་སྨྲ་བ་ཡིན།དང་པོ་དོར་བསྒྱུར་སྨྲ་བ་ལྟར་ན།བྲག་ཕུག་ནས་ཉར་བའི་ཆོས་དཔེ་དང་ཤོག་དྲིལ་ནི།དེའི་ཉེ་འཁོར་གྱི་དགོན་སྡེ་སོ་སོ་ནས་དོར་ཅིང་བསྐྱུར་བའི་དགོས་མེད་ཀྱི་དཔེ་རྙིང་ལྷག་རོ་རྣམས་གནས་གཅིག་ཏུ་ཕུང་བསགས་བྱས་ནས་ཉར་བ་ཡིན་ཞེས་ཟེར།ལྟ་ཚུལ་གཉིས་པ་ནི་ཉེན་བྱོལ་སྨྲ་བ་ལྟར་ན།ཏུན་ཧོང་བྲག་ཕུག་ནི་སྤྱི་ལོ་དུས་རབས་༡༡པའི་ནང་ཆོས་སྡེ་ལ་དམག་འཁྲུག་གི་ཉེན་ཁ་འབྱུང་བར་སྐྲག་ནས་དེར་བྱོལ་བའི་ཆེད་དུ་དགོན་པ་སོ་སོས་རང་གར་ཉར་བྱས་པ་ཡིན་ཞེས་ཟེར།ཉེན་ཁ་དེ་ནི་སྤྱི་ལོ་༡༠༠༦ལོར་ལི་ཡུལ་ཆོས་ཀྱི་རྒྱལ་ཁབ་ནི་དབྱི་སི་ལན་ཆོས་ལུགས་ལ་དད་པའི་ཧེ་ཧན་རྒྱལ་རབས་ཀྱིས་བསྣུབས་ཏེ་ལི་ཡུལ་གྱི་སངས་རྒྱས་ཆོས་ལུགས་ལ་རྩ་གཏོར་གྱི་ཆག་སྒོ་ཆེན་པོ་ཐེབས་པས།ཏུན་ཧོང་དང་གཉེན་འབྲེལ་ཡོད་པའི་ལི་ཡུལ་བ་མང་པོ་ཏུན་ཧོང་དུ་བྲོས་བྱོལ་བྱས་པ་ན།ཧེ་ཧན་རྒྱལ་རབས་ཀྱིས་ཏུན་ཧོང་བཅོམ་པར་སྐྲག་ནས་ཆོས་སྐྱོབ་ཉེན་བྱོལ་གྱི་ཆེད་དུ་བྲག་ཕུག་གི་སྒོ་ཟུབ་པ་རེད་ཅེས་ཟེར་མོད།ཏུན་ཧོང་གི་བྲག་ཕུག་རྣམས་ཀྱི་སྒོ་ཟུབ་པའི་རྒྱུ་རྐྱེན་གྱི་ཐད་ལ་ལྟ་ཚུལ་མི་མཐུན་པ་མང་བས་དེ་དག་ཤེས་འདོད་མཁན་རྣམས་ཀྱིས་དེབ་ཐེར་གཞན་པ་ལས་མཁྱེན་རྒྱུ་གལ་ཆེའོ།།འདིར་ཡོངས་གྲགས་ལྟར་བརྗོད་པ་ཡིན།

        དེ་ལྟར་སྤྱི་ལོ་༡༨༩༩ལོར་རྒྱ་ནག་ཏཱའོ་ཅའོ་ཡི་ཆོས་དགེ་ཝང་ཡོན(༡༨༥༠-༡༩༣༡)ཞེས་པས་ལོ་ངོ་བརྒྱ་ཕྲག་མང་པོར་བྱེ་མས་བཀབ་པའི་བྲག་ཕུག་ཅིག་བྱེ་བཤང་བྱས་ནས།དེ་ཁུལ་ཡུལ་མི་རྣམས་ལ་ཆོས་ཀློག་བཞིན་འཚོ་སྡོད་བྱེད་སྐབས།ལོ་དེའི་བོད་ཟླ་༤ཚེས༢༨ཉིན་བྲག་ཕུག་ཨང་༠༡༧པའི་ནང་དུ།རུས་མིང་ཡང་ཞེས་པས།དཔེ་ཆ་བྲིས་བཤུས་བྱེད་པར་གླས་ནས་ཡོད་སྐབས།ཡང་ཞེས་པ་ཐ་མག་འཐེན་རྒྱུར་དབྱིངས་ཆེ་བས།ཁོ་པས་དེ་གའི་གྲོང་གསེབ་ནས་ཐོན་པའི་རྡོ་ཐ་ལོ་མའི་ནང་དུ་བསྒྲིལ་བའི་ཐ་མག་འཐེན་བཞིན་པར།ལོ་མ་གཞན་ཞིག་རྒྱབ་ཀྱི་གྱང་ལྡེབས་ཀྱི་སེར་གའི་བར་དུ་གཟེར་ནས་བཞག ཐ་མག་དེ་མཇུག་རྫོགས་ཉེར་ཡོད་སྐབས།སླར་ལེན་ཐབས་བྱེད་སྐབས་གྱང་གི་སེར་གའི་ཕར་ཕྱོགས་སུ་ལྷུང་སོང་བས།དེར་སྦང་ཁུང་ཞིག་ཡོད་པ་གཞི་ནས་ཤེས་འཕྲལ།ཁོང་གཉིས་ཀྱིས་མཚན་མོར་གྱང་ལོགས་ཤིག་ནས་འབུད་བརྒྱབ་སྟེ་བལྟས་པར་ད་ལྟའི་སྙན་གྲགས་ཆེ་བའི་ཏུན་ཧོང་གི་གསུང་བའི་བྲག་ཕུག་དེ་རྙེན་སོན་བྱུང་བ་རེད།

        བྲག་ཕུག་དེའི་ཞེང་ཚད་ལ་སྤྱི་ཁྲེ༢.༥Mདང་།དཀྱུས་སུ་སྤྱི་ཁྲེ༢.༧M མཐོ་ཚད་ལ་སྤྱི་ཁྲེ༣Mབཅས་ཡོད་པའི་ནང་དུ་ཡིག་རིགས་དང་དངོས་རིགས་ནི།སྤྱི་ལོ་དུས་རབས་ལྔ་བ་ནས་བཅུ་གཉིས་བར་གྱི་གནའ་རྫས་ཡིན་པ་དང་།ཡིག་རིགས་དེ་དག་ནི་ཕྱོགས་གསུམ་དུ་ཉིས་གཤིབ་དང་སུམ་གཤིབ་བྱས་ནས།མི་ཚད་ལས་བརྒལ་བར་རྩིགས་ཡོད། ཏུན་ཧོང་ཡིག་རྙིང་དེ་དག་གི་ནང་དུ།ནང་དོན་ཕུན་སུམ་ཚོགས་ཤིང་།དེ་ཚོའི་ནང་གནའ་བོའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་སྐོར།ཁྲིམས་ལུགས་དང་ཆོས་ལུགས།མི་རིགས་དང་དམག་དོན། སྐད་ཡིག་དང་རྩོམ་རིག སྨན་དཔྱད་དང་ཡུལ་སྲོལ་སོགས་རིག་གནས་ཀྱི་སྐོར་རྩ་ཆེའི་རིན་ཐང་ཅན་ཤ་སྟག་ཡིན་པ་དང་།ཡིག་རིགས་ཀྱང་ལེགས་སྦྱར་གྱི་ཡི་གེ་དང་།བོད་ཡིག རྒྱ་ཡིག ཡུ་གུར་གྱི་ཡི་གེ མི་ཉག་གི་ཡི་གེ་སོགས།ཁྱོན་སྐད་རིགས་མི་འདྲ་བ་༡༧གྱི་ནང་དུ་འབྲི་ཚུལ་མི་འདྲ་བ༢༠སྐོར་བྱས་ནས་བྲིས་ཡོད་པ་རེད།དེ་དག་གི་ནང་དོན་བརྒྱ་ཆ༨༠%ཙམ་ནི།རྒྱལ་བའི་བཀའ་བསྟན་འགྱུར་གྱི་སྐོར་ཡིན་འདུག

        ཏུན་ཧོང་བྲག་ཕུག་ལས་བྱུང་བའི་ཡིག་རྙིང་ཁག་རྒྱལ་ཁབ་ཕྱི་ནང་གིས་རྐུ་ཁྱེར་སོགས་བྱས་པ་དང་།ད་བར་དབྱིན་ཇི་དང་ཧྥ་རན་སི།ཉི་ཧོང་།རྒྱ་ནག་སོགས་རྒྱལ་ཁབ་ཕྱི་ནང་གི་དཔེ་མཛོད་ཁང་སོགས་སུ་བདག་གཉེར་བྱས་ཡོད།

        ཏུན་ཧོང་ཡིག་རྙིང་ཁག་རྒྱལ་ཁབ་ཕྱི་ནང་ལ་ཁྱེར་བའི་གནས་ཚུལ།

        ཚེ་མཆོག་སྐྱབས།

        སྤྱི་ལོ༡༩༠༧ལོར།ཐོག་མར་ཧང་གྷེ་རིའི་མི་རིགས་ཡིན་པ་དབྱིན་ཇིའི་མི་སེར།ཨོ་རོལ་སི་ཐན་ཞེས་པའི་ཆེད་ལས་གཉན་དཔྱད་རུ་ཁག་དེ།ཏུན་ཧོང་ཁུལ་དུ་འབྱོར་ནས་ལོ་དེའི་སྤྱི་ཟླ༣པའི་ཚེས༣-༢༦བར་སྣུམ་བཞུའི་འོད་མདངས་འོག ཉིན་རེར་པོད་བརྒྱ་རེ་ཞལ་ཁ་ཕྱེ་བའི་མྱུར་ཚད་ཀྱིས་ལས་ཀ་བྱས་ནས།ཁྱོན་ཡིག་ཆ་སྒམ་༢༤དང་།གོས་ཐང་སོགས་རིགས་དངོས་སྒམ༥འཁྱེར་བའི་ནང་བོད་ཡིག་གི་ཡིག་ཆ་ཁྱོན་ཤོག་དྲིལ༣༠༠༠ལྷག་བྱུང་སྟེ།ཐང་ག་དང་རི་མོ་སོགས་དངོས་རྫས་ཁྱོན་རྔ་མོང་རྒྱབ་ཁབ༤༠སྐོར་བྱུང་བའི་ནང་།ཡིག་རིགས་ཁག་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དང་།པར་རིས་ཁག་དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་གྱི་འགྲེམས་སྟོན་ཁང་དུ་དབོར་འདྲེན་བྱས་བཞག་ཡོད་པ་རེད།

        དེ་རྗེས་སྤྱི་ལོ༡༩༡༤ལོར་སི་ཐན་ཐེངས་གཉིས་པ་ཏུན་ཧོང་དུ་ཡོང་སྐབས།ཡིག་དངོས་ཕལ་ཆེ་བ་སྐབས་དེའི་རྒྱ་ནག་སྲིད་གཞུང་གིས།པེ་ཅིན་དུ་དབོར་ཟིན་ན་ཡང་།དེར་ཆོས་དགེ་ཝང་ཏཱའོ་ཧྲི་ནས་ཁོང་ལ་སྣེ་ལེན་ཟབ་རྒྱས་ཐོག ཁོང་གི་རྩ་ནས་སླར་ཡིག་རིགས་ཤོག་དྲི༦༠༠སྐོར་ཐོབ་པ་རྣམས་ཁྱོན་སྒམ༤བྱུང་བ་དག དེང་དབྱིན་གཞུང་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་འདུག

        སྤྱི་ལོ༡༩༠༨ལོའི་ཟླ་༤པར་ཧྥ་རན་སིའི་མི་རིགས་ཡིན་པ།ཕོལ་ཕེ་ལེའུཊེ(༡༨༧༩-༡༩༤༥)ཟེར་བ་ཏུན་ཧོང་དུ་འབྱོར་ཏེ།བདུན་ཕྲག་གསུམ་གྱི་རིང་ལ་སྣུམ་བཞུའི་འོག་ཏུ།ཏུན་ཧོང་གསང་བའི་དཔེ་མཛོད་ནང་དུ་ཞིབ་བཤེར་གྱིས།གཙོ་བོ་སྒྱུ་རྩལ་ལོ་རྒྱུས་སྐོར་གྱི་ཡིག་རིགས་དང་།མཛེས་རིས་ཁག་འདེམས་སྒྲིག་བྱས་ཏེ།ཁྱོན་རྒྱབ་ཁུར་སླེ་བོ༡༠ལྷག་བྱུང་བ་ལས།ཡིག་རྙིང་ཤོག་དྲིལ༦༠༠༠སྐོར་ཡོད་པའི་ནང་དུ་བོད་ཡིག་གི་ཡིག་རྙིང་དྲིལ་༤༠༠༠སྐོར་ཡོད་པ་དག ད་ཆ་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་འཇོག་བྱས་ཤིང་།ཁོང་རང་ལ་བདག་པའི་སྒྱུ་རྩལ་གྱི་རི་མོ་དག་སྒུ་མེ་འགྲེམས་སྟོན་ཁང་ལ་བཞག་ཡོད།

        སྤྱི་ལོ༡༩༡༡ལོའི་ཟླ་༡༠པའི་ཚེས་༥ལ་ཉི་ཧོང་པ་ཀོ་འཛུ་ཨེ་ཨོ་ཏ་ནི་ཏུན་ཧོང་ལ་འབྱོར་སྐབས།ཡིག་ཆ་ཕལ་ཆེ་བ་སྐབས་དེའི་རྒྱ་ནག་སྲིད་གཞུང་གིས་པེ་ཅིན་དུ་དབོར་ཟིན་ན་ཡང་།དེར་ཆོས་ཝང་ཏཱའོ་ཧྲི་སོགས་སྒེར་པ་ཁག་ནས།སྦས་སྐུང་བྱས་པའི་ཡིག་ཆ་ཤོག་དྲིལ༤༠༠སྐོར་ཡོད་པའི་ནང་སོག་ཡིག་དང་།རྒྱ་ཡིག བོད་ཡིག་གི་ཡིག་ཆ་ཁག་ཅིག་ཡོད་པ་དག དེང་ཀྱོ་ཏོའི(Kyoto)སློབ་གྲྭ་ཆེན་མོ་རྱུ་ཀོ་ཁུ་ནང་བཞག་ཡོད་པ་དང་།དེ་མིན་སྐུ་འདྲ་སྤུས་དག་གཉིས་སོགས་ཐོབ་པ་དག དེང་ཁོ་རང་གི་ནང་སོགས་སུ་ཉར་ཚགས་བྱས་ཡོད་པ་ལགས།

        སྤྱི་ལོ༡༩༢༡ལོའི་ཟླ༥པར་རུ་སུའི་གཉན་དཔྱད་རུ་ཁག་གི་སེར་དགེ་ཨོལ་ཏན་སྦག་ཏུན་ཧོང་ཁུལ་དུ་འབྱོར་ཏེ།ཏུན་ཧོང་དུ་ལྟེ་གནས་བྱས་ནས།འཚོལ་ཞིབ་ལོ་ཕྱེ་རིང་བྱས་ཤིང་།ལྡེབས་བྲིས་མང་པོ་དཔར་བཤུས་བྱས་ཏེ་ཁྱོན་ལྡེབ་དྲིལ༡༡༠༤༠སྐོར་ཡོད་པ་ལས།བོད་ཡིག་གི་ཤོག་དྲིལ་༢༠༠སྐོར་ཡོད་པའི་ནང་ཟུར་དུ་དཀར་ཆག་དེབ་ཆུང་ཞིག་ཡོད་ཅིང་།ཕལ་ཆེ་བ་ཚེ་མདོ་ཚེ་གཟུངས་བྲིས་བཤུས་བྱས་པ་མང་།གོང་གསལ་ཡིག་རྙིང་དེ་དག ད་ཆ་རུ་སུའི་སན་པི་ཏྲརསི་སྦག་གི་ཨུ་རུ་སུའི་ཚན་རིག་གཙུག་ལག་སློབ་གཉེར་ཁང་ནང་གི་ཤར་ཕྱོགས་ཡིག་རྙིང་སྡེ་ཚན་ནང་དུ་བཞག་ཡོད་འདུག

        དེང་བར་རྒྱ་ནག་རང་དུ་ཏུན་ཧོང་ཡིག་རྙིང་བསྡུ་རུབ་བྱས་པའི་ནང་།བོད་ཡིག་གི་ཡིག་ཆའི་པར་ཁྱོན་སྡོམས་ཤོག་དྲིལ༢༡༧༧༠

        ཙམ་ཡོད་པ།ད་ཆ་སྤེའི་ཕིང་དཔེ་མཛོད་ཁང(北平)།ཏུན་ཧོང་རིག་དངོས་ཞིབ་འཇུག་ཁང་(敦煌文物研究所)སོགས་སུ་བཞག་ཡོད་འདུག

        ད་བར་ཡིག་རྙིང་དེ་དག་འཚོལ་བདེ་བ་དང་འབྱུང་ཁུངས་དབྱེ་ཚུལ་གྱི་ཐད་ནས།p1038,0001ལྟ་བུ་ནི་ཕོལ་ཕེ་ལེའུཊེའི་ཡིག་ཆ་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཡོད་པའི་ཨང་རྟགས་ཡིན།

        S 0750,0003ལྟ་བུ་ནི་ཨོ་རོལ་སི་ཐནAurel Steinགྱི་ཡིག་ཆ་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཡོད་པའི་ཨ་རྟགས་ཡིན།

        དེང་སྐབས་ཨང་རྟགས་གསར་པ།དབྱིན་གཞུང་དཔེ་མཛོད་ཁང་གི་ནང་གསེས་འབྱུང་ཁུངས་དབྱེ་ཚུལ་ལ།རྒྱ་གར་ལས་ཁུངས་ཀྱི་དཔེ་མཛོད་ཅེས་པར།(IOL TibJ)དང་།དབྱིན་གཞུང་འགྲེམ་སྟོན་ཁང་ཞེས་པར།(Or)འདི་ལྟར་བཀོད་ཡོད་པ་སོགས་དེང་སང་ཏུན་ཧོང་ཡིག་རྙིང་ཞིབ་འཇུག་གི་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་དཔེ་མཛོད་ཁང་སོ་སོར་ཨང་རྟགས་བཀོད་ནས་འཚོལ་བདེ་བ་དང་འབྱུང་ཁུངས་སོགས་དབྱེ་བ་ཡིན།

        རྩོམ་འཇུག་པ། ཡེ་ཤེས་སྒྲོལ་མ།