འཛམ་གླིང་གི་རྩོམ་པ་པོ་གྲགས་ཅན་བཅུ།

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-03-13 17:40:11      རྩོམ་སྒྲིག་པ། : ཡེ་ཤེས །

        ཧི་མ།

        ཧི་མ་ནི་གནའ་བོའི་ཀེ་རུ་སེའི་སྙན་ངག་པ་ཡིན་ལ། སྤྱི་ལོ་སྔོན་གྱི༨༧༣ལོར་སྐུ་འཁྲུངས། ཚབ་མཚོན་སྙན་ངག་ནི། ཧེ་མའི་ལོ་རྒྱུས་སྙན་རྩོམ་སྟེ། སྤྱི་ལོ་སྔོན་གྱི་དུས་རབས་བཅུ་གཉིས་ནས་དུས་རབས་བཅུ་གཅིག་བར་བྱུང་བའི་ཐི་ལོ་ཡེའི་གཡུལ་འགྱེད་དང་མཚོ་ཐོག་ཏུ་ཉེན་ཁར་བརྒྱུད་པའི་གཏམ་རྒྱུད་བརྗོད་བྱར་བྱས་ནས་བྲིས་པའི་དོན་བརྗོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་ཡེ་ལིས་ཡ་ཐུ་དང་། ཨོ་ཏི་ཟེ་གཉིས་རེད། ཁོང་གིས་དམངས་ཁྲོད་དུ་ཁྱབ་པའི་གཞས་ཆུང་མང་པོ་ཕྱོགས་བསྒྲིགས་དང་ལེགས་བཅོས་བྱས་ནས་གྲུབ་པ་ཞིག་རེད། ཁོང་གི་བརྩམས་ཆོས་འདི་གཉིས་ཀྱིས་ལོ་ངོ་མང་པོའི་རིང་ནུབ་ཕྱོགས་ཀྱི་ཆོས་ལུགས་དང་། རིག་གནས། ཀུན་སྤྱོད་དག་ལ་ཤན་ཤུགས་བླ་མེད་ཐེབས། བརྩམས་ཆོས་འདི་གཉིས་ཧེ་མའི་བརྩམས་ཆོས་ཡིན་མིན་ལ་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བར་བྱུང་བའི་ཞུས་ལོ་ཏོ་ཏི་དང་དེའི་རྗེས་ཀྱི་ཞིག་ཞུས་ཏིས་ཏི། དེ་བཞིན་སྤྱི་ལོ་སྔོན་གྱི་དུས་རབས་བཞི་བར་སྐྱེས་པའི་པཱོ་ལ་ཐུའུ་དང་ཡཱ་ལིས་ཧྲི་ཏི་ཏི་སོགས་ཀྱིས་ཐེ་ཚོམ་ཅི་ཡང་མེད་པར་ཁོང་གིས་བརྩམས་པ་ཐག་གིས་བཅད།

        ཏན་ཏིན།

        ཨ་ལིས་ཀེ་ལིས་ཏན་ཏིན་ནི། ༡༢༦༥་་་་་་༡༣༢༡ དུས་རབས་བཅུ་གསུམ་གྱི་དུས་མཇུག་ཏུ་དབྱི་ཐ་ལིའི་ཧྥོ་ལོ་ལོན་སར་སྐུ་འཁྲུངས་པའི་སྐྱེས་པའི་སྙན་ངག་པ་ཞིག་ཡིན། ཨེན་ཀེ་སིས་དུས་རབས་དཀྱིལ་མའི་བཀས་བཀོད་རྒྱུད་འཛིན་གྱི་མཇུག་སྒྲིལ་དང་དེང་རབས་མ་རྩ་རིང་ལུགས་ཀྱི་མགོ་རྩོམ་པ་ལ། མི་སྣ་ཆེན་པོ་ཞིག་ཚབ་མཚོན་དུ་བགྲངས་ཆོག མི་སྣ་འདི་ནི་དབྱི་ཐ་ལིའི་ཏན་ཏིན་ཡིན། ཁོང་ནི་དུས་རབས་དཀྱིལ་གྱི་ཆེས་མཐའ་མཇུག་གི་སྙན་ངག་པ་དང་། དེ་དང་མཉམ་དུ་དུས་རབས་གསར་བའི་ཆེས་ཐོག་མའི་སྙན་ངག་པ་ཡིན་ཞེས་བསྟོད་བསྔགས་བྱེད་པ་དེ་ཡིན་ལ། ཁོང་ནི་དབྱི་ཐ་ལིའི་སྙན་ངག་པ་དང་། དབྱི་ཐ་ལིའི་སྐད་ཀྱི་རྨང་འདིང་མཁན། ཡོ་རོབ་གླིང་གི་རིག་གནས་བསྐྱར་དར་གྱི་གསར་གཏོད་པའི་གྲས་ཀྱི་གཅིག་ཡིན། ཁོང་གིས་ལྷའི་རོལ་མོ་ཞེས་པའི་སྙན་ངག་རིང་མོ་བྲིས་ཏེ་མིང་གྲགས་ཕྱོགས་བཅུར་ཁྱབ། བརྩམས་ཆོས་འདིར་རྩོམ་པ་པོས་དམྱལ་བ་དང་། ལྷ་ཡུལ་གྱི་ལྷ་འདྲེ་དག་ལ་གླེང་མོལ་བྱེད་པ་བརྒྱུད་ནས། གནའ་རབས་དང་དུས་རབས་དཀྱིལ་མའི་རིག་གནས་ཁྱབ་ཁོངས་ཀྱི་ངོམས་རི་བའི་འབྲས་བུ་དང་གནད་དོན་གལ་ཆེན་སྐོར་ཞིག་གླེང་བས། ཤེས་བྱ་ཀུན་བཏུས་ཀྱི་རང་བཞིན་ལྡན་ལ། མི་ཆོས་རིང་ལུགས་ཀྱི་ཟེར་འོད་ཅིག་ཀྱང་ལམ་མེར་འཕྲོས། བརྩམས་ཆོས་འདིར་ཚིག་ཕྲེང་ཁྲི་གཅིག་དང་སྟོང་བཞི་ལྷག་ཡོད་ལ། འདིར་དུས་རབས་དཀྱིལ་མའི་ཤེས་རྨོངས་རིང་ལུགས་ལ་ངོ་རྒོལ་བྱས་ཤིང་། གནས་ལུགས་ཚད་མ་མཐའ་གཅིག་ཏུ་བརྩོན་ལེན་བྱ་བའི་བསམ་བློ་བསྟན་པས། རྗེས་མའི་ཡོ་རོབ་གླིང་གི་སྙན་ངག་གསར་རྩོམ་དང་རིག་གནས་ལ་ཡུན་རིང་བའི་ཤན་ཤུགས་ཐེབས།

        པེ་ལོན།

        ༡༧༨༨་་་་༡༨༢༤ དབྱིན་ཇིའི་སྙན་ངག་པ་ཡིན། ལོན་ཏོན་གྱི་ཉམས་དམས་སུ་སོང་བའི་སྐུ་དྲག་ཅིག་གི་ཁྱིམ་དུ་སྐྱེས། ཁོང་ཉིད་ལྷན་སྐྱེས་ཀྱི་གྱོལ་བོ་ཞིག་ཡིན་ལ་འདི་ལ་སྣང་དོགས་ཀྱང་ཧ་ཅང་ཆེ། ལོ་བཅུའི་སྐབས་པེ་ལོན་ཁྱིམ་རྒྱུད་ཀྱི་སྐུ་དྲག་གི་ཐོབ་དང་ཁྱིམ་གཞི་མཐའ་དག་ཁོའི་སྟེང་དུ་ལྷུང་བས། པེ་ལོན་སྐུ་ཕྲེང་དྲུག་པའི་སྐུ་དྲག་ཏུ་གྱུར། ཐོག་མར་རང་ཉིད་གྱོལ་བོ་ཡིན་པར་ངོ་ཚ་ནས་ཕྱིར་འགྲོ་མི་ཕོད་རྗེས་སུ་འཕྱ་སྨོད་ལ་མི་གཡོལ་བར་སྤོབས་པ་ཆེན་པོས་དེར་ཁ་གཏད་བཅག་ནས་ཆུ་རྐྱལ་དང་། རི་དྭགས་རྔོན་པ། ཁུ་ཚུར་གཞུ་རྩལ་སོགས་བྱ་འགུལ་སྣ་མང་ཞུགས་པས་མི་རྣམས་ཀྱིས་ཁོང་ལ་ཡིད་རྟོན་དང་གུས་བཀུར་ཐོབ་ལ། རང་ཉིད་ལའང་རྒྱུས་ལོན་ཆེན་པོ་བྱུང་། ༡༨༠༣ལོའི་ཟླ་གསུམ་པར། སྐུ་དྲག་རྒྱུད་འཛིན་བྱེད་ཆེད་སྐུ་དྲག་གླིང་དུ་ཞུགས་ཤིང་། ཁོང་གྲོས་ཚོགས་སུ་ཞུགས་དུས་ལྟ་བ་མང་པོ་མ་བཏོན་ཡང་། ཁོང་གིས་བརྗོད་པ་དག་གིས་རང་དབང་རིང་ལུགས་ཀྱི་ལྟ་བ་མངོན་པར་བསྟན་ལ། ཁོང་གིས་མི་དམངས་གསར་བརྗེའི་དམངས་གཙོའི་བསམ་བློར་རྒྱབ་སྐྱོར་བྱས་ཏེ། མི་ཚེ་གང་བོར་དམངས་གཙོ་དང་། རང་དབང་། མི་རིགས་བཅིངས་འགྲོལ་གྱི་ཕུགས་བསམ་གྱི་ཆེད་དུ་འཐབ་རྩོད་བྱས་ལ། ཁོང་གི་བརྩམས་ཆོས་དག་ལ་ལོ་རྒྱུས་སྐུལ་འདེད་ཀྱི་དོན་སྙིང་དང་སྒྱུ་རྩལ་གྱི་རིན་ཐང་ཤིན་ཏུ་ལྡན། ཁོང་གི་ཚབ་མཚོན་བརྩམས་ཆོས་ནི་མུ་སྟེགས་པ་དང་། ཧྭ་ལོར་ཏི་ཡུལ་སྐོར་ཟིན་ཐོ་གཉིས་ཡིན།

        ཀོར་ཅི།

        མཱ་ཁུ་ཞི་མུའུ་ཀོར་ཅི་ནི་སུའུ་ལེན་གྱི་མིང་དུ་གྲགས་པའི་རྩོམ་པ་པོ་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་རྨང་འདིང་མཁན་དང་། འབྱོར་མེད་གྲལ་རིམ་གསར་བརྗེའི་རྩོམ་ཡིག་གི་སློབ་དཔོན་ཡིན་པས། ལེ་ཉིན་གྱིས་ཁོང་ལ་འབྱོར་མེད་གྲལ་རིམ་སྒྱུ་རྩལ་གྱི་ཆེས་ཕུལ་བྱུང་གི་ཚབ་བྱེད་མི་སྣ་ཞེས་བསྟོད་བསྔགས་བྱས། ཚབ་མཚོན་བརྩམས་ཆོས་ནི་བྱིས་དུས་དང་། མི་ཡུལ་དུ། ངའི་སློབ་ཆེན་སོགས་ཡོད།

        ༡༨༩༢ལོའི་ཟླ་དགུ་པར། ཀོར་ཅིས་བརྩམས་ཆོས་ཐོག་མ་མཱ་ཁེར་ཁྲུའུ་ཏི་ལ་ཞེས་པ་སྤེལ་ཏེ་རྩོམ་རིག་གི་གར་སྟེགས་སུ་བུད། ༡༩༠༦ལོར་ཀོར་ཅིས་ཆེས་མིང་གྲགས་ཅན་གྱི་སྒྲུང་རིང་མ་ཡུམ་ཞེས་པ་འགྲེམས་སྤེལ་བྱས་ལ། ལེ་ཉིན་གྱིས་འདི་ནི་དུས་ཐོག་གི་ཆར་བ་ལྟ་བུའི་དེབ་ཅིག་རེད་ཅེས་གསུངས་མྱོང་། ཁོང་གི་ཁོ་ལི་མུའུ་ས་ཅིན་མུའུ་ཡི་མི་ཚེ་ཞེས་པའི་སྒྲུང་རིང་ལ་ཉམས་པ་མེད་པའི་ལོ་རྒྱུས་གསུང་རྩོམ་ཞེས་མཚན་སྙན་ཐོབ། ཆུང་དུས་ཧ་ཅང་དབུལ་ཕོངས་ཡིན་སྟབས་ལོ་གཉིས་མ་གཏོགས་སློབ་གྲྭར་འགྲོ་མ་ཐུབ་མོད་སློབ་གྲྭར་ཡོད་དུས་དཔེ་ཀློག་ལ་ཤིན་ཏུ་དགའ་བས་རྒྱུགས་འབྲས་ཀྱང་ཕུལ་དུ་བྱུང་ལ་ཆེས་ཕུལ་བྱུང་སློབ་མའི་གཟེངས་རྟགས་ཐོབ་མྱོང་། ཁྱིམ་ཁ་གསོ་ཆེད་ཕྱོགས་བཞིར་འཁྱམས་ཤིང་བྱ་བ་ཅི་རིགས་བསྒྲུབ། འོན་ཀྱང་དཔེ་ཀློག་མ་བརྗེད་པར། སྦྱིན་བདག་གི་ལྟ་རྟོག་ལ་གཞོལ་ཆེད་ནམ་གུང་དུ་དཔེ་ཆར་བལྟས། ཁོང་གིས་ལྕགས་སྒམ་གྱིས་བཀར་མེ་བཟོས་ཤིང་། སྦྱིན་བདག་གི་སྣུམ་འཕྲོ་ཟགས་ནས་ཉར་གསོག་ཁང་དང་སྤྱིལ་བུ་སོགས་སུ་དཔེ་ཆར་བལྟས་ལ། བཀར་མེ་ལག་ཏུ་མ་ཡོང་ཚེ། ཟླ་འོད་འོག་ཏུ་དཔེ་ཆར་བལྟས། དཀའ་སྡུག་འཚོ་བའི་ཁྲོད་ནར་སོན་དང་དཔེ་ཀློག་བྱས་ཏེ་ཧ་ཅང་མཁས་པར་གྱུར་པས། ཁོང་གི་རྩོམ་རིག་གསར་རྩོམ་ལ་ཤིན་ཏུ་བརྟན་པའི་རྨང་བཏིང་། ༡༨༩༥ལོར་ཡེ་ཙི་ཅེར་གྱི་ཆུང་མ་དང་གླག་གླུ་ཞེས་པ་གཉིས་བརྩམས་པས་མིང་དུ་གྲགས། ༡༨༩༨ལོར། ཁོང་གི་བརྩམས་ཆོས་ཕྱོགས་བསྒྲིགས་འབོལ་རྩོམ་དང་སྒྲུང་ཐུང་ཕྱོགས་བསྒྲིགས་ཞེས་པ་སྤེལ་ཏེ་རྒྱལ་ཁབ་ཕྱི་ནང་ནས་གདེང་འཇོག་ཆེན་པོ་བྱས། ཐོག་མའི་གསར་རྩོམ་གྱི་སྐབས་སུ་འཆར་ཡན་རིང་ལུགས་ཀྱི་ཁྱད་ཆོས་ལྡན་ལ། དངོས་ཡོད་རིང་ལུགས་ཀྱི་ཁྱད་ཆོས་ལྡན། འཆར་ཡན་རིང་ལུགས་ཀྱི་བརྩམས་ཆོས་སུ་གཞོན་ནུ་མ་དང་འཆི་བདག་དང་། ཡེ་ཙི་ཅེར་གྱི་ཆུང་མ། གླག་གླུ། རྒྱ་མཚོའི་ཁུག་རྟ་སོགས་ཡོད་ལ། བརྩམས་ཆོས་འདི་དག་གིས་མི་དམངས་མང་ཚོགས་ཀྱིས་གསར་བརྗེ་དང་རང་དབང་ལ་ཞེན་པའི་འདུན་པ་བསྟན་ལ། རྩོམ་པ་པོའི་མ་འོངས་པའི་འོད་སྣང་ཞིག་ལ་སྙེགས་པའི་ཕུགས་བསམ་མངོན་པར་བསྟན། ལྷག་པར་༡༩༠༡ལོར་གསར་རྩོམ་བྱས་པའི་རྒྱ་མཚོའི་ཁུག་རྟས་གསར་བརྗེའི་དྲག་རླུང་གི་མཚོན་བྱར་གྱུར་པས། མི་རྣམས་ལ་སྐུལ་སློང་ཆེས་ཆེར་ཐེབས། སྔ་དུས་ཀྱི་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་ལ་ཆེར་ཁ་ཧྲི་དང་། ཨོར་ལོ་ཧྥུའུ་བཟའ་ཟླ། ཁུ་ན་ཝ་ལོ་ཧྥུའུ། ཡུལ་གྱར་གྱི་མི་རྣམས། རྩྭ་ཐང་སྟེང་དུ། སུན་སྣང་གིས་སྙིང་པོ་མེད་པའི་རྐྱེན་གྱིས། ཉེར་དྲུག་དང་གཅིག་སོགས་རེད། འདི་དག་གིས་འབྱོར་ལྡན་གྲལ་རིམ་སྤྱི་ཚོགས་ཀྱི་སྐྱི་གཡའ་བ་དང་མིག་སེར་གྱི་བྱ་སྤྱོད་རྗེན་པར་བསྟན་ལ། མི་དམངས་མང་ཚོགས་ལའང་ཆབ་སྲིད་ཀྱི་འདུ་ཤེས་སད་དུ་བཅུག ༡༩༠༦ལོར་ཆེས་གལ་ཆེ་བའི་བརྩམས་ཆོས་གཉིས་ཏེ་མ་ཡུམ་དང་དགྲ་ཟླ་གཉིས་སྤེལ་བས་རང་ཉིད་ཀྱི་གསར་རྩོམ་གྱི་ཡང་རྩེར་གྱུར། དགུང་ལོ་དྲུག་ཅུར་སོན་ཚེ་སུའུ་ལེན་རྒྱལ་ཁབ་ཡོངས་ཀྱིས་ཁོང་ལ་དྲུག་ཅུའི་ལོ་སྟོན་བྱས་ལ། ལས་ཁུངས་མང་ཤོས་ཤིག་ལ་ཁོང་གི་བཏགས་པ་དང་། ལྷག་པར་ཁོང་ཉིད་སྐྱེ་ཡུལ་ལའང་ཀོར་ཅི་ཞེས་མིང་བཏགས། ༡༩༣༦ལོའི་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་གློ་བའི་ཚ་ནད་ཀྱིས་སྐུ་གཤེགས།

        ཧྲ་ཧྲི་པིས་ཡ།

        ༡༥༦༤་་་་་༡༦༡༦ རིག་རྩལ་བསྐྱར་དར་སྐབས་ཀྱི་དབྱིན་ཇིའི་རླབས་ཆེ་བའི་ཟློས་གར་མཁན་པོ་དང་སྙན་ངག་པ་ཞིག་ཡིན། ཚོང་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་ཁོ་རང་ཆུང་དུས་ནས་ཟློས་གར་ལ་དགའ་ཞིང་། མི་ཚེ་གང་པོར་འཁྲབ་གཞུང་མི་ཉུང་བ་ཞིག་བྲིས་ཀྱང་། ད་ལྟ་དངོས་སུ་བཞུགས་པ་འཁྲབ་གཞུང་སོ་བདུན་ཡོད་ལ། སྙན་ངག་བརྒྱ་དང་ང་བཞི་ཡོད། ཁོང་གི་ཚབ་མཚོན་བརྩམས་ཆོས་ནི། སྐྱོ་གར་ཆེན་པོ་བཞི་སྟེ། ཧྭ་མོའུ་ལེ་ཐུ་དང་། ཨོ་ཟེ་ལོ། མེར་ཁུ་པེ། རྒྱལ་པོ་ལིས་ཨར་བཅས་དང་། སྤྲོ་གར་ནི། ཝེ་ཉིས་སིའི་ཚོང་བ། སྤྲོ་སྐྱོ་འདྲེས་མ་ཅན་ནི་ལའོ་མིས་ཨོ་དང་ཅོའུ་ལིས་ཡེ་ཡིན། བརྩམས་ཆོས་འདི་དག་གིས་ཡོ་རོབ་གླིང་གི་འབྱོར་ལྡན་གྲལ་རིམ་གྱི་མི་ཆོས་རིང་ལུགས་མངོན་པར་བསྟན་ལ། ཁོང་ནི་རིག་རྩལ་བསྐྱར་དར་སྐབས་ཀྱི་རྩོམ་རིག་གི་གོ་འཕང་ལ་མངའ་བརྙེས་ཡོད་པས། མར་ཁེ་སིས་ཁོང་དང་གནའ་བོའི་ཀེ་རི་སིའི་ཨེ་སི་ཁུའུ་ལོ་སི་རྣམ་གཉིས་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཟློས་གར་གྱི་ཤེས་རབ་འབར་བ་གཉིས་རེད་ཅེས་བསྟོད་བསྔགས་གནང་།

        ཡུས་ཀོ

        ༡༨༠༢་་་་་༡༨༨༥ དུས་རབས་བཅུ་དགུའི་ཧྥ་རན་སིའི་རླབས་ཆེན་གྱི་བརྩམས་སྒྲུང་པ་དང་། མིང་དུ་གྲགས་པའི་སྙན་ངག་ཅིག་ཡིན། ཁོང་ཉིད་དམག་དཔོན་གྱི་ཁྱིམ་དུ་སྐྱེས་ལ་། མི་ཚེ་གང་བོར་སྙན་ངག་དང་བརྩམས་སྒྲུང་། ཟློས་གར། རྩོམ་རིག་གཞུང་ལུགས་བཅས་ལ་འབད་ཅིང་། ཁོང་གི་ཚབ་མཚོན་བརྩམས་ཆོས་ནི་པ་ལིའི་འཕགས་མའི་གླིང་དང་། ཡ་ང་བའི་འཇིག་རྟེན་ཞེས་པ་གཉིས་ཡོད། ཁོང་ཉིད་ཀྱི་ཨ་མ་ནི་དཔེ་ཀློག་ལ་ཤིན་ཏུ་དགའ་བས་རྒྱུན་པར་བྱིས་པ་རྣམས་དཔེ་མཛོད་ཁང་དུ་ཁྲིད་ནས་དཔེ་ཆ་བལྟ་བ་དང་གཡོར་དུ་འགྲོ་བ་ཡིན་སྟབས། ནར་སོན་གྱི་ལོ་ཟླའི་ནང་ཤན་ཤུགས་མི་ཉུང་བ་ཐེབས། ཁོང་ཉིད་མིང་དུ་གྲགས་རྗེས། སྤྱི་ཚོགས་ཀྱི་ལས་འགུལ་མང་པོར་མི་ཞུགས་ཀ་མེད་བྱུང་། ཐེངས་ཤིག་ཁོང་གིས་རྩོམ་ཡིག་འབྲི་བར་བྲེལ་དུས་བྱ་འགུལ་ཞིག་ལ་ཞུགས་དགོས་པ་བྱུང་། གལ་ཏེ་དེར་སོང་ན་དུས་ཚོད་མང་པོ་བརླག་འགྲོ་བས་ཁོང་གིས་རང་གི་མགོ་ཕྱེད་ཀྱི་སྐྲ་ལོ་དང་གདོང་ཕྱེད་ཀྱི་སྨྲ་ར་བཞར་བས། གདན་འདྲེན་དུ་འོངས་པ་དག་གིས་ཁོང་གི་དགོད་བྲོ་བའི་བཟོ་ལྟ་དེ་མཐོང་ནས་ཕྱིར་མི་འགྲོ་ཀ་མེད་བྱུང་། སྐུ་གཤེགས་དུས་ཧྥ་རན་སིའི་མི་དམངས་ཀྱིས་ཁོང་ལ་རྒྱལ་ཁབ་རིམ་པའི་དུར་འཇུག་མཛད་སྒོ་བསྡུས་ཤིང་། མི་ས་ཡ་གཉིས་ལྷག་གིས་ཁོང་ལ་མྱ་ངན་ཞུས།

        ཐེ་ཀོར།

        ༡༨༦༡་་་་་༡༩༤༡ ཁོང་ནི་རྒྱ་གར་གྱི་སྙན་ངག་པ་དང་། སྒྲུང་གཏམ་པ། ཟློས་གར་མཁན། ཚིག་ལྷུག་སྙན་རྩོམ་པ། སྤྱི་ཚོགས་བྱ་འགུལ་པ་བཅས་ཉེ་རབས་འཛམ་གླིང་ཤར་ཕྱོགས་ཀྱི་མིང་དུ་གྲགས་པའི་རྩོམ་པ་པོ་ཞིག་ཡིན། མི་ཚེ་གང་པོར་སྙན་ཚོམས་ལྔ་བཅུ་ལྷག་བྲིས་ཤིང་། སྒྲུང་གཏམ་འབྲིང་བ་དང་རིང་པོ་བཅུ་གཉིས་བྲིས་ལ། སྒྲུང་གཏམ་ཐུང་ངུ་བརྒྱ་ལྷག་དང་། ཟློས་གར་ཉི་ཤུ་ལྷག་བྲིས་གནང་མཛད། ཚབ་མཚོན་གྱི་བརྩམས་ཆོས་ལ་ཅི་ཐན་ཀ་ལི་དང་། འདབ་ཆགས་ཀྱི་ལེའུ། ཟླ་གསར་གྱི་ལེའུ་བཅས་ཡིན་ལ། གཞན་དུ་རྩོམ་རིག་དང་མཚན་ཉིད་རིག་པ། ཆབ་སྲིད། ཡུལ་སྐོར་ཟིན་བྲིས་སོགས་ཀྱང་སྣ་མང་དུ་ཡོད་པ་དང་། དབྱངས་རྩོམ་པ་དང་རི་མོ་འབྲི་བ་ལའང་མཁས་པས། མི་དམངས་ཀྱི་བློ་གཤོག་ཅེས་པའི་གླུ་གཞས་གསར་རྩོམ་མཛད་ལ། ༡༩༥༠ལོར་རྒྱ་གར་གྱི་རྒྱལ་གླུར་གཏན་ཁེལ་བྱས། ལྷག་པར་ཁོང་གི་དུངས་སེམས་མཚོན་པའི་སྙན་ངག་ཅི་ཐན་ཀ་ལི་ལ་ནོ་པེར་གྱི་རྩོམ་རིག་བྱ་དགའ་ཐོབ་ལ། ཁོང་ནི་བྱ་དགའ་དེ་ཉིད་ཐོག་དང་པོར་ཐོབ་མཁན་གྱི་ཤར་ཕྱོགས་རྩོམ་པ་པོ་རེད། ཁོང་གི་བརྩམས་ཆོས་ལ་སྒྱུ་རྩལ་གྱི་རིན་ཐང་ཆེ་ཆེར་ལྡན་ཕྱིར་འཛམ་གླིང་མི་དམངས་ཀྱིས་དགའ་བསུ་ཐོབ་ལ། རྒྱ་གར་རྩོམ་རིག་ལོ་རྒྱུས་ཐོག་ཧ་ཅང་རླབས་ཆེ་བའི་གོ་གནས་ཟིན་ཡོད།

        ཀོ་ཏི།

        ཀོ་ཏི་ནི་༡༧༤༩་་་་༡༨༣༢འཛམ་གླིང་ཡོངས་ཀྱིས་ཁས་ལེན་པའི་སྙན་ངག་པ་རླབས་ཆེན་ཞིག་སྟེ། འཇར་མན་གནའ་རབས་རྩོམ་རིག་དང་མི་རིགས་རྩོམ་རིག་གི་ཚབ་བྱེད་མི་སྣ་གཙོ་བོ་ཡིན་པ་དང་། དེའི་མཚུངས་སུ་ཁོང་ད་དུང་ཕུལ་དུ་བྱུང་བའི་རིག་རྩལ་གཞུང་ལུགས་པ་དང་རང་བྱུང་མཚན་ཉིད་རིག་པ་བ། ཚན་རིག་པ་དང་སྒྱུ་རྩལ་པ་བཅས་ཀྱང་ཡིན། ཁོང་གིས༡༧༧༣ལོར་ཟློས་གར་འཁྲབ་གཞུང་ཀེ་ཚི་ཧྥུན་པོ་ལིས་ཞིན་ཀུན་ཞེས་པ་གསར་རྩོམ་གནང་བས་མཚན་སྙན་འཇར་མན་གྱི་རིག་པ་བའི་སྡེ་རུ་གྲགས་ཤིང་། ༡༧༧༤ལོར་གཞོན་ནུ་ཝེ་ཐུའི་སྡུག་བསྔལ་ཞེས་པ་བརྩམས་པས་མཚན་སྙན་དེ་ལས་ཀྱང་དགུང་ལ་འཕུར། ཁོང་ཉིད་རི་མོ་འབྲི་བར་མཁས་པར་མ་ཟད། རང་བྱུང་ཚན་རིག་ལའང་ཞིབ་འཇུག་ཡངས། ཁོང་གི་གསར་རྩོམ་ལ་དུངས་སེམས་མཚོན་པའི་སྙན་ངག་དང་། ཚན་སྒྲིག་སྙན་ངག དོན་བརྗོད་སྙན་ངག་རིང་མོ། ལོ་རྒྱུས་སྙན་ངག ལོ་རྒྱུས་ཟློས་གར། སྐྱོ་གར། སྙན་ངག་ཟློས་གར། སྒྲུང་རིང་། སྒྲུང་ཐུང་། སློབ་གསོའི་བརྩམས་སྒྲུང་། འཕྲིན་ཡིག་ཅན་གྱི་བརྩམས་སྒྲུང་དང་། རང་རྣམ་ཅན་གྱི་སྙན་ངག ལྷུག་རྩོམ་སོགས་ལུས་སྣ་ཚོགས་སུ་ལྡན་པས། རྒྱལ་ནང་ཙམ་དུ་མ་ཟད་རྒྱལ་སྤྱིའི་རྩོམ་རིག་པའི་སྡེར་ཡང་མཚན་སྙན་དགུང་ན་མཐོ།

        ལེ་ཧྥུའུ་ཐོར་སི་ཐེ།

        ༡༨༢༨་་་་་་༡༩༡༠ ཁོང་ནི་དུས་རབས་བཅུ་དགུའི་ཨུ་རུ་སིའི་ཆེས་རླབས་ཆེན་གྱི་རྩོམ་པ་པོ་ཡིན། སློབ་གྲྭར་འགྲིམས་དུས་ལུའུ་སོའུ་དང་མིན་རྡི་སི་གྱིག་སོགས་རྨོངས་སེལ་བསམ་བློ་བའི་ཤན་ཤུགས་ཐེབས་ལ། ༡༨༥༡ནས་༡༨༥༤ལོའི་སྐབས་ཀོ་ཅཱ་སོའི་དམག་དཔུང་ནང་དུ་ཞུགས་པ་དང་གསར་རྩོམ་གྱི་མགོ་བརྩམས། ཁི་ལིས་མུས་ཡའི་དམག་འཐབ་ནང་ཞུགས་དུས་མཐོ་རིམ་སྤྱི་ཚོགས་ཀྱི་རུལ་སུངས་མཐོང་བས། དམག་འཁྲུག་དང་ཞི་བདེ་ཞེས་པའི་བརྩམས་ཆོས་གྲགས་ཅན་དེ་བརྩམས་ལ། ༡༨༥༥ལོའི་ཟླ་བཅུ་གཅིག་ནས་བཟུང་རྩོམ་རིག་པའི་སྡེར་ཞུགས་ཤིང་། ༡༨༥༧ལོར་རང་རྣམ་ལུགས་ཀྱི་བརྩམས་སྒྲུང་གཞོན་ནུ་ཞེས་བརྩམས་ཏེ་མཚན་སྙན་གང་སར་ཁྱབ་ལ། ས་བདག་ཅིག་གི་སྔ་དྲོ་ཞེས་པ་སོགས་བྲིས་ཏེ་ཁོང་གིས་སྐུ་དྲག་གི་འཚོ་བ་ལ་སྐྱོན་བརྗོད་བྱེད་པ་དང་། ཀུན་སྤྱོད་ཀྱི་རང་བློ་རང་སྦྱོང་ལྟ་བ་དང་སེམས་ཁམས་དབྱེ་ཞིབ་མཁས་པའི་ཁྱད་ཆོས་མངོན་པར་བསྟན། ལོ་རབས་བདུན་ཅུའི་དུས་མཇུག་ཏུ་ཁོང་གི་འཇིག་རྟེན་ལྟ་བར་འགྱུར་ལྡོག་བྱུང་སྟེ། འགྱོད་བཤགས་ཀྱི་ལེའུ་ཞེས་པ་བྲིས་ཤིང་། ༡༨༧༩་་་་༡༨༨༢ ལོ་རབས་བརྒྱད་ཅུའི་སྐབས་འཁྲབ་གཞུང་མུན་ནག་གི་སྟོབས་ཤུགས་དང་། ༡༨༨༦ སློབ་གསོའི་འབྲས་བུ། ༡༨༩༡ སྒྲུང་འབྲིང་བདུད། ༡༩༡༡ ཡེ་ཧྥན་ཡེ་ལིས་ཆི་ཤི་བ། ༡༨༨༦ ཁུ་ལེ་ཚེ་དཀྲོལ་སྒྲོག་རོལ་དབྱངས། ༡༨༩༡ ཧྭ་ཙེ་མུའུ་ལ་ཐི། ༡༨༨༦་་་༡༩༠༤ སྒྲུང་ཐུང་བྲོ་ཚོགས་རྗེས་སུ། ༡༩༠༣ ལྷག་པར་དུ་༡༨༨༩་་་་་༡༨༩༩ལོའི་བར་བརྩམས་པའི་སྒྲུང་རིང་བསྐྱར་གསོན་ནི་ཁོང་གི་བསམ་བློ་དང་སྒྱུ་རྩལ་འཚོལ་སྙེགས་ཀྱི་དྭངས་མའམ་ཕྱོགས་བསྡོམས་ཡིན་ལ། ཨུ་རུ་སིའི་སྤྱི་ཚོགས་སུན་འབྱིན་བྱས་པ་ཆེས་ཕྱོགས་ཡོངས་དང་གཏིང་ཟབ་ལྡན་པ་ཞིག་ཡིན་སྟབས། འཛམ་གླིང་རྩོམ་རིག་ཏུ་ནུབ་པ་མེད་པའི་བརྩམས་ཆོས་མིང་གྲགས་ཅན་ཞིག་རེད། ལེ་ཉིན་གྱིས་ཁོང་གི་བརྩམས་ཆོས་ནི་ཨུ་རུ་སིའི་གསར་བརྗེའི་མེ་ལོང་ལྟ་བུ་དང་མིའི་རིགས་ཡོངས་ཀྱི་སྒྱུ་རྩལ་འཕེལ་རྒྱས་ཁྲོད་ཀྱི་ཡར་ཐོན་ཆེན་པོ་རུ་གདེང་འཇོག་བྱས་ལ། ཚེ་མཇུག་ཏུ་རང་གི་སྐུ་དྲག་གི་གོ་དབང་རྒྱུ་ནོར་ཚང་མ་བློས་གཏོང་བའི་བསམ་ཚུལ་བཏོན་རུང་། ཁྱིམ་མི་མ་འཐད་པས་ཁོང་ཉིད་སྐྱོ་སྡུག་དང་འགལ་འདུའི་ཁྲོད་ཁྱིམ་དང་ཁ་བྲལ། མཐར་དགུང་གྲངས་གྱ་གཉིས་ཀྱི་སྐབས་ལམ་བར་དུ་སྐུ་གཤེགས།

        བོ་དོང་ཕྱོགས་ལས་རྣམ་རྒྱལ།

        མཚན་ཡོངས་གྲགས་སུ་བོ་དོང་ཕྱོགས་ལས་རྣམ་རྒྱལ༼༡༣༧༦---༡༤༥༢༽མཚན་གྱི་རྣམ་གྲངས་གཡུང་དྲུང་སངས་རྒྱས་སྐྱིད་དང་སངས་རྒྱས་རྒྱལ་མཚན། བོ་དོང་ཆོས་རྒྱལ། འཇིགས་མེད་གྲགས་པ། དབྱངས་ཅན་དགའ་བའི་དཔལ། འཆི་མེད་སྡེ། ཆོས་ཀྱི་རྒྱལ་མཚན། བློ་གྲོས་མི་ཟད་པ། གསང་བས་བྱིན། སངས་རྒྱས་བསྐྱངས། ངང་ཚུལ་ཞི་བ། འབུམ་ཕྲག་བརྒྱ་པ་བཅས་སོ། ཁོང་ནི་རབ་བྱུང་དྲུག་པའི་མེ་འབྲུག་སྤྱི་ལོ༡༣༧༦ལ་གནས་ཆེན་རྩིབས་རིའི་བྱང་ངོས་ལག་པ་གོང་གི་ཉེ་འགྲམ་དུ། ཞྭ་མི་རུས་བརྒྱུད་ཡབ་ཆོས་དབྱིངས་རྒྱལ་མཚན་དང་ཡུམ་བྱང་ཆུབ་སྒྲོན་མ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། མཚན་ལ་གཡུང་དྲུང་སངས་རྒྱས་སྐྱིད་ཅེས་གསོལ། དེ་ནས་དགུང་ལོ་ལྔ་ལ་སོན་སྐབས་ཡི་གེ་འབྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་མཁྱེན། དགུང་ལོ་བདུན་ལ་གྱམ་བསམ་གཏན་གླིང་དུ་སྐུ་ཞང་པཎ་ཆེན་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་ལ་སངས་རྒྱས་རྒྱལ་མཚན་ཞེས་གསོལ། དེ་ནས་ཨེའི་ཆོས་སྡེའི་མཁས་པའི་དབང་པོ་ཆོས་ཀྱི་རྡོ་རྗེའི་ཞབས་ལ་གཏུགས་ནས་ཐོག་མར་ཚད་མ་རིག་པ་ལ་གསན་སྦྱོང་གནང་སྟེ་ཚད་མ་རྣམ་འགྲེལ་དཔང་ལོ་དང་ལོ་ཆེན་གྲགས་པའི་ཊྰིཀ་ཆེན་སོགས་ལ་ལེགས་པར་སྦྱངས། དགུང་ལོ་བཅུ་དྲུག་ལ་དཔལ་ས་སྐྱར་རྣམ་འགྲེལ་གྱི་གྲྭ་སྐོར་ཕེབས་ཏེ་མཁས་པ་རྒྱ་མཚོ་ལྟ་བུའི་དབུས་སུ་ལེགས་བཤད་ཀྱིས་མཆོད་སྤྲིན་ཕུལ། མངོན་པ་མཛོད་རྩ་བ་ཉིན་གཅིག་བློ་ལ་བཟུང་། དགུང་ལོ་ཉེར་གཅིག་ལ་དབྱངས་ཅན་མའི་ཞབས་གཟིགས་སྐབས་དབྱངས་ཅན་མའི་བསྟོད་པ་བུང་བའི་གླུང་དབྱངས་ལ་སོགས་མཛད། དགུང་ལོ་ཉེར་གསུམ་ལ་དབུས་ཕྱོགས་སུ་གྲྭ་སྐོར་ལ་ཕེབས་ཏེ་རྩེད་ཐང་གི་ཆོས་གྲྭའི་གདན་ས་པ། ཆེན་པོ་བྱང་རྡོ་རྗེས་ཐོག་དྲངས་བཤེས་གཉེན་སྟོང་ཕྲག་ཙམ་གྱི་དབུས་སུ་པོ་ཏི་བཅོ་ལྔའི་བཤད་པ་མཛད་པས་མཁས་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། སྔགས་ཕྱོགས་ཀྱི་གསན་པ་གཙོ་བོ་ལོ་ཆེན་གྲགས་པ་དང་། སྟག་ལུང་བཀྲ་ཤིས་དཔལ་བརྩེགས། ལོ་ཆེན་ནམ་བཟང་། ལམ་འབྲས་བློ་དཀར། དཀའ་བཞི་པ་ནམ་མཁའ་འོད་ཟེར། སྟག་ཕུ་བ་བྱང་ཆུབ་མགོན་པོ་སོགས་ལས་གསན། བོ་དོང་ཨེ་དང་གུང་ཐང་ཆོས་སྡེ། ཤེལ་དཀར་ཆོས་སྡེ་སོགས་སྡེ་དགོན་མང་པོ་དང་ལྷག་པར། ལ་སྟོད་ལྷོ་བྱང་གཉིས་དང་ཡར་འབྲོག་རིན་སྤུངས་གུང་ཐང་གློ་བོ་བཅས་སུ་ཕེབས་ནས་དེ་དག་གི་བདག་པོ་སི་ཏུ་ཆོས་ཀྱི་རིན་ཆེན་དང་བྱང་བདག་རྣམ་རྒྱལ་གྲགས་བཟང་། ཡར་འབྲོག་ཁྲི་དཔོན། རིན་སྤུངས་ངག་དབང་འཇིགས་གྲགས། གུང་ཐང་རྒྱལ་པོ་ལྷ་དབང་རྒྱལ་མཚན་ཡབ་སྲས་སོགས་ཀྱིས་ཀྱང་བསྙེན་བཀུར་ཞུས་པ་བརྒྱུད། དེ་དག་གི་སྡེ་དགོན་རྣམས་སུ་ཆོས་ཀྱི་འཁོར་ལོ་བར་མ་ཆད་པ་བསྐོར་ནས་དངོས་སམ་བརྒྱུད་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་ཁྲིད་པར་མཛད། དེ་ལྟར་དབུས་གཙང་གི་ས་གནས་གང་སར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་སྤེལ། དགུང་ལོ་སུམ་ཅུ་ཙམ་ནས་ལྷག་པའི་ལྷ་དུ་མས་དངོས་ཉམས་ཀུན་ཏུ་ཞལ་གཟིགས་བསྟན་བཅོས་ཆེན་པོ་མཛད་པར་བསྐུལ་བས་དེ་ཉིད་འདུས་པ་ཡོངས་སུ་རྫོགས་པ་བརྩམས། རྗེ་འདི་ཉིད་དགུང་ལོ༣༥པ་སྤྱི་ལོ༡༤༡༠ལ། དཔལ་ཁུད་དུ་པདྨ་ཆོས་སྡིངས་དགོན་པ་བཏབ་ནས་སྐུ་ཚེ་སྨད་ཀྱི་བཞུགས་གནས་གཙོ་བོ་དེར་མཛད། དུས་ཀྱི་འཁོར་ལོ་ལས་གསུངས་པའི་ཡེ་ཤེས་མཆོད་རྟེན་ཞེས་པ་ཐོག་རྩེག་ལྔ་ཙམ་ཡོད་པ་ནང་ལ་རྒྱུད་སྡེ་བཞིའི་ལྷ་ཚོགས་དེ་ཉིད་འདུས་པའི་ལུགས་བཞིན་སོ་སོའི་ཞལ་ཕྱག་དང་སྐུ་མདོག་ཕྱག་མཚན་འཁོར་མང་ཉུང་སོགས་བཀོད་པ་ཁྱད་དུ་འཕགས་པར་འགྲོ་བ་རྨས་ལ་མིག་གི་བདུད་རྩིར་བྱེད་པ། བསོད་ནམས་ཀྱི་རྟེན་དུ་བཞེངས། དགུང་ལོ་བདུན་ཅུ་དོན་དྲུག་པ་རབ་བྱུང་བརྒྱད་པའི་ལྕགས་ལུག་སྤྱི་ལོ༡༤༥༡ལོའི་བོད་ཟླ་གསུམ་པའི་གནམ་གང་ཉིན་ཞི་བར་གཤེགས། གང་གི་གསུང་ལས་སྐྱེས་པའི་སློབ་མ། བཀའ་བབས་ཉི་ཤུ་རྩ་གསུམ་དང་འཁོན་གྱི་གདུང་རྒྱུད་གསུམ། རིགས་སྔགས་འཆང་བ་གཅིག ཉི་ཟླ་ལྟར་གྲགས་པའི་མཁས་པ་གཉིས། རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་ཨ་གྲོལ་ཆོས་ཀྱི་སྒྲོན་མ། འཇིག་རྟེན་མིག་གསུམ། ཕྱོགས་ལས་རྣམ་པར་རྒྱལ་བའི་མཁས་པ་དྲུག མདོ་སྔགས་ཡོངས་སུ་རྫོགས་པ་བཅུ་གསུམ། ཤྰཀྱ་ཤྲྰིའི་གདན་ས་པ་གཉིས། གཙུག་རྒྱན་བཅུ་དྲུག མཚན་ཉིད་རབ་འབྱམས་སྨྲ་བ་བཞི། སྔགས་རབ་འབྱམས་པ་གཉིས། སྒྲུབ་པའི་རྒྱལ་མཚན་འཛིན་པ་བཞི། སྔགས་འཆང་དྲག་པོ་གཉིས། གྲུབ་ཆེན་ལྔ་བཅུ་སོགས་ཤིན་ཏུ་མང་བར་བྱོན། ཞེས་རྣམ་ཐར་དུ་གསལ། །

        རྗེ་འདིའི་གསུང་འབུམ་གྱི་སྐོར།

        དེ་ཉིད་འདུས་པའི་རྒྱ་མཚོ་ཆེན་པོ་ལ་འཇུག་པའི་སྒོ་བཞི་སྟེ། བྱིས་པ་འཇུག་པའི་སྒོ་དང་མཁས་པ་འཇུག་པའི་སྒོ། མདོ་ལ་འཇུག་པའི་སྒོ། སྔགས་ལ་འཇུག་པའི་སྒོའོ། །བྱིས་པ་འཇུག་པའི་སྒོ་ལ། ལུས་ཀྱི་བསླབ་པ། ངག་གི་བསླབ་པ། ཡིད་ཀྱི་བསླབ་པ་གསུམ་མོ། ལུས་ཀྱི་བསླབ་པ་ལ། མ་ལ་གནས་པའི་བསླབ་པ་དང་། བུ་བཙའ་པའི་བསླབ་པའོ། །ངག་གི་བསླབ་པ་ལ། ཡི་གེ་ཀློག་པའི་བསླབ་པ་དང་། ཡི་གེ་བྲི་བའི་བསླབ་པའོ། ཡིད་ཀྱི་བསླབ་པ་ལ། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་། བརྟག་པའི་བསྟན་བཅོས་སོ། །ལུགས་ཀྱི་བསྟན་བཅོས་ལ། རྒྱལ་པོ་དང་། བློན་པོ་དང་། ཕལ་བའི་ལུགས་ཀྱི་བསྟན་བཅོས་སོ། །བརྟག་པའི་བསྟན་བཅོས་ལ། ནང་སེམས་ཅན་གྱི་བརྟག་པ་དང་། ཕྱི་ཡོ་བྱད་ཀྱི་བརྟག་པའོ། །མཁས་པ་འཇུག་པའི་སྒོ་ལ། བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིགས་པ། ནང་རིག་པའོ། །འདི་ལ་བསླབ་པ་གསུམ་གྱི་སྒོ་ནས་འཆད་དོ། །

        མདོ་ལ་འཇུག་པའི་སྒོ་ལ། བསྟན་པ་སྤྱིའི་རྣམ་པར་གཞག་པ་དང་། ཁྱད་པར་གྱི་རྣམ་པར་གཞག་པའོ། ཁྱད་པར་གྱི་རྣམ་པར་གཞག་པ་ལ་བཞི་སྟེ། བྱེ་བྲག་ཏུ་སྨྲ་བའི་དེ་ཉིད་དང་། མདོ་སྡེ་པའི་དེ་ཉིད་དང་། སེམས་ཙམ་པའི་དེ་ཉིད་དང་། དབུ་མ་པའི་དེ་ཉིད་དང་བཞིའོ། །འདི་རྣམས་ལ་གཞི་དང་ལམ་དང་འབྲས་བུའི་སྒོ་ནས་འཆད་དོ། །

        སྔགས་ལ་འཇུག་པའི་སྒོ་ལ། རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་དང་། ཁྱད་པར་གྱི་རྣམ་པར་གཞག་པའོ། ཁྱད་པར་གྱི་རྣམ་པར་གཞག་པ་ལ་བཞི་སྟེ། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དེ་ཉིད་རྣམ་པར་གཞག་པའོ། །དེ་རྣམས་ཀྱི་དཀྱིལ་འཁོར་གྱི་དབང་གི་ཆོ་ག་དང་དེའི་རྣམ་པར་ངེས་པ། མངོན་པར་རྟོགས་པ་སོ་སོའི་རྒྱུད་བཤད་པ་དང་། ཕྱིའི་ལས་ཚོགས་དང་། ནང་གི་སྒོམ་རིམ་གྱི་མན་ངག་རྣམ་པར་གཞག་པ་རྣམས་སོ། །དེ་ཡང་རྣམ་ཐར་ལས། སྒོ་བཞི་ཆུ་བོ་རྣམ་བཞི་རྟག་ཏུ་འབབ། །ཕྱི་ནང་རིག་གནས་ལྔ་ཡི་གདེངས་ཅན་གྲོང་། བཤད་སྒྲུབ་རིན་ཆེན་གླིང་དང་ཉེ་བའི་གླིང་། །བརྒྱ་ཕྲག་གིས་མཛེས་རིམ་ཕྱེ་བརྒྱ་ཕྲག་གསུམ། །དྲུག་ཅུར་བཅས་པའི་ཆུ་བྱ་འཕུར་ལྡིང་གཡོ། །ཉི་ཁྲི་ཆིག་སྟོང་ལེའུའི་རླབས་ཕྲེང་ཅན། །བདུན་ཁྲི་ཉིས་སྟོང་མན་ངག་ནོར་བུའི་གང་། །བརྒྱད་ཁྲི་བཞི་སྟོང་ཆུ་ཚོགས་ཕ་མཐའ་ཡས། །ལྷག་ཆད་ནོར་བའི་རོ་དང་བྲལ་གྱུར་པའི། །ཟླ་མེད་བསྟན་བཅོས་རིན་ཆེན་འབྱུང་གནས་གྲུབ། །ཅེས་པ་ལྟར་བསྟན་བཅོས་འདི་ལ་ཕྱི་ནང་གི་སྒོ་བཞི། ཕྱི་ནང་གི་གནས་ལྔ། བཤད་སྒྲུབ་རིན་པོ་ཆེའི་གླིང་ལག་དང་ཉེ་བའི་ཡན་ལག་བརྒྱ་ཕྲག་ཅན། ཕྱི་རོལ་གྱི་ལོའམ་ཞག་གི་ཚོགས་རྣམ་པར་དག་པས་རིམ་པར་ཕྱེ་བ་སུམ་བརྒྱ་དྲུག་ཅུ། ཡོན་ཏན་གྱི་སྒོ་ནས་ལྷག་པར་འཕེལ་བའི་བདག་ཉིད་ཅན། ནང་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམ་པར་དག་པའི་བདག་ཉིད་ཀྱི་ལེའུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། ནང་གི་གནས་རྩ་སྦུབས་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམ་པར་དག་པའི་བདག་ཉིད་ཀྱི་མན་ངག་གི་མེས་པ་བདུན་ཁྲི་ཉིས་སྟོང་། ཆོས་ཀྱི་ཕུང་པོ་ཐམས་ཅད་འདུས་པའི་བདག་ཉིས་ཀྱི་ཆོས་ཚོམས་བརྒྱད་ཁྲི་བཞི་སྟོང་མངའ་བའོ། །

        གྲངས་འབོར་ལ་མཚོན་ན།

        དེ་ཉིད་འདུས་པ་རྒྱས་པ་ལ་གླེགས་བམ་བརྒྱ་དང་བཅུ། འབྲིང་པོ་ལ་གླེགས་བམ་ཉི་ཤུ། འདུས་པ་བསྡུས་པ་ལ་གླེགས་བམ་གཉིས། ཤིན་ཏུ་བསྡུས་པའི་སྙིང་པོ་ལ་གླེགས་བམ་གཅིག་སྟེ། དེ་ཉིད་འདུས་པ་རྒྱས་འབྲིང་བསྡུས་གསུམ་ཆ་ཚང་ལ་གླེགས་བམ་བརྒྱ་དང་སུམ་ཅུ་སོ་གསུམ། གླེགས་བམ་རེ་རེ་ལ་ལྡེབས་གྲངས་ལྔ་བརྒྱའི་གྲངས་ངེས་པ་ཡིན་ཞེས་རྣམ་ཐར་དུ་གསུངས། གཞན་ཡང་དེར་མ་གཏོགས་པའི་གསུང་རྩོམ་ཡང་། དགུང་ལོ་བཅུ་དྲུག་གི་སྐབས་སུ་མཛད་པའི་བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་དང་། འཇམ་དབྱངས་དང་། གཞོན་ནུ་ནོར་བཟང་ལ་བསྟོད་པ། དགུང་ལོ་ཉེར་གཅིག་ལ་དབྱངས་ཅན་མའི་ཞལ་གཟིགས་སྐབས་དབྱངས་ཅན་མའི་བསྟོད་པ་བུང་བའི་གླུ་དབྱངས་ལ་སོགས་པ་དང་། དགུང་ལོ་ཉེར་གསུམ་ལ་དབུས་སུ་གྲྭ་སྐོར་ལ་ཕེབས་སྐབས་གནས་གང་དུ་སླེབས་པ་དེ་དག་ལ་བསྟོད་པ་སྙན་ངག་གི་བསྟན་བཅོས་ཡིད་ཀྱི་ཤིང་རྟ་ཞེས་དང་། སྣེ་གདོང་གོང་མ་ཆེན་པོ་འཁོར་དང་བཅས་པ་ལ་བསྟོད་པ་ངང་པ་རྣམ་པར་རྒྱལ་བའི་སྒྲ་དབྱངས་ཀྱི་འཇུག་པ་ཞེས་པའི་སྙན་ངག་ལེའུ་ལྔ། ཁྲ་འབྲུག་དགོན་པ་དང་དགོན་ཐང་འབུམ་མོ་ཆེ་སོགས་ཀྱི་བསྟོད་པ། སྙན་ངག་གི་བསྟན་བཅོས་པདྨ་དཀར་པོའི་ཆུན་པོ་ཞེས་པ་དང་སྟག་མོ་ལུས་སྦྱིན་གྱི་སྐྱེ་རབས་དང་སྦྱར་བ། བྱང་སེམས་རྟག་ཏུ་ངུའི་རྟོགས་བརྗོད་དོན་རྒྱན་གསལ་བའི་མེ་ལོང་ཞེས་པ། སྤྲིན་གྱི་ཕོ་ཉའི་མཆན། ཟློས་གར་གྱི་བསྟན་བཅོས་དབྱངས་ཅན་མགུལ་རྒྱན་དང་། རོལ་སྙེད་མའི་ཟློས་གར། དཔལ་ཨེའི་ཆོས་འབྱུང་བའི་རྒྱ་མཚོ་ཆེན་པོ་ལ་བསྟོད་པ་ཕྱོགས་ཀྱི་མཛེས་མའི་རྣ་རྒྱན་སོགས་གནས་བསྟོད་དང་། རྒྱལ་བ་ཤྰཀྱའི་དབང་པོ་ལ་ཁྱད་པར་འཕགས་བསྟོད་ལ་སོགས་པ་ལྷག་པའི་ལྷ་རྣམས་ལ་བསྟོད་པ། ཇོ་བོ་རྗེ་ལ་སོགས་པ་བསྟན་པ་འཛིན་པའི་པན་གྲུབ་རྣམས་ལ་བསྟོད་པ། སྟོང་ཉིད་སུམ་ཅུ་པ། རྣལ་འབྱོར་ཉི་ཤུ་བ། ཚུལ་ཁྲིམས་ཀྱི་བསྟོད་པ། རྒྱལ་པོ་ལ་གཏམ་དུ་བྱ་བ་ལ་སོགས་པའི་གཞུང་དུ་མ་དང་། རྒྱལ་བུ་དགེ་དོན་གྱི་རྟོགས་བརྗོད་ཐར་ལམ་གསལ་བ་སོགས་སོ།།

        རྩོམ་འཇུག་པ། ཡེ་ཤེས་སྒྲོལ་མ།