རྗེ་མི་ལ་རས་པའི་རྣམ་ཐར་ཁྲོད་ཀྱི་གལ་ཆེ་བའི་བུད་མེད་བདུན་རོབ་ཙམ་གླེང་བ།

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-03-14 16:22:31      རྩོམ་སྒྲིག་པ། : རྟ་མགྲིན་དཔལ།
      ཀླུ་སྨྱོན་ཧེ་རུ་ཀ
                      དཀར་ཆག

        ༡ མ་ཡུམ་མྱང་ཚ་དཀར་རྒྱན།

        ༢ མར་པའི་གསང་ཡུམ་བདག་མེད།

        ༣ ཨ་ནེ་ཁྱུང་ཚ་དཔལ་འགྲན།

        ༤ སྲིང་མོ་པེ་ཏ་མགོན་སྐྱིད།

        ༥ ཆུང་འདྲིས་བྱམས་པ་མཛེས་སེ།

        ༦ ལིང་པ་བྲག་གི་སྲིན་མོ།༧ ཇོ་མོ་བཀྲ་ཤིས་ཚེ་རིང་།

         

        གླེང་གཞི།

        རྗེ་བཙུན་མི་ལ་རས་པ་ནི་བོད་གངས་ཅན་ཙམ་དུ་མ་ཟད་བོད་བརྒྱུད་ནང་བསྟན་དང་འགྲོགས་ཏེ་འཛམ་གླིང་ཧྲིལ་བོར་སྙན་གྲགས་ཁྱབ་པའི་གྲུབ་རིགས་ཀྱི་སྐྱེས་མཆོག་ཁྱད་པར་དུ་འཕགས་པ་ཞིག་ཡིན་ཞིང་། ཁོང་གི་རྣམ་ཐར་དུ་གསལ་བ་ལྟར་རྗེ་མར་པས་ཁོང་གིས་ཕུལ་བའི་མཁར་ཟངས་དེར་དབྱུ་གུས་བསྣུན་ནས་སྒྲ་ཆེན་པོ་གྲགས་པར་མཛད་པའི་རྟེན་འབྲེལ་གྱིས་ཁོང་འདི་ལྟར་སུས་ཀྱང་འགྲན་དུ་མེད་པའི་སྐྱེ་བོ་སྐད་གྲགས་ཅན་ཞིག་ཏུ་གྱུར་པ་རེད་ཨང་སྙམ་པའི་བསམ་བློ་ཞིག་ནི་ཁོ་བོར་སྔོན་ཆད་ནས་བཟུང་ཡོད། ཁོ་བོར་མཚོན་ན་ལོ་རབས་བརྒྱད་ཅུ་པའི་མགོ་སྟོད་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་རེབ་ཀོང་པར་མ་ཞིག་ལ་གཞི་བཅོལ་ཏེ་རྗེ་མི་ལའི་རྣམ་ཐར་ཡོངས་ཁྱབ་དཔེ་གཟུགས་སུ་པར་སྐྲུན་བྱས་པ་ཞིག་ཕ་རྒན་གྱིས་ཉོས་ཡོང་སྟེ་ངེད་ཚང་གི་དཔེ་སྒམ་དུ་བླུགས་པ་ནས་བཟུང་། དེབ་དེ་རིགས་ཀྱི་ནང་དོན་ཆེན་པོ་ཞིག་རྟོགས་མི་ཐུབ་ཀྱང་དཔེ་ཀློག་བྱེད་རྒྱུར་ཧ་ཅང་དགའ་མོས་ཆེན་པོ་ཡོད་པའི་ཤུགས་རྐྱེན་གྱིས་རྗེ་མི་ལའི་མགུར་འབུམ་དུ་གྲགས་པ་འདི་ཉིད་ལན་མང་བཀླགས་ཤིང་། དགོད་བྲོ་བ་ཞིག་ལ་དུས་ཚོད་དེ་འདྲ་ཞིག་གི་ནང་དུ་ངེད་ཚང་གི་ཕ་རྒན་གྱིས་ང་རང་ངའི་ཁྱིམ་གཞིས་དེའི་ཆུང་མ་བླངས་ནས་ཁྱིམ་གཞིས་སྐྱོང་མཁན་ཞིག་ཏུ་རེ་ནས་བོད་ཀྱི་ལ་གཞས་གཞོན་ནུ་འགུག་པའི་ལྕགས་ཀྱུ་ཞེས་པ་ཞིག་ཀྱང་ཉོས་ཏེ་སྤྲད་བྱུང་ལ། རྗེ་མི་ལའི་མགུར་འབུམ་ངོ་སྤྲོད་ཀྱི་གླེང་གཞིའི་ནང་དུ་དམངས་ཁྲོད་དུ་རོགས་ཡག་ནི་བཅོ་ལྔའི་ཟླ་བ་རེད། ཚིག་བཤད་ནོ་རྗེ་བཙུན་མགུར་མ་རེད་ཟེར་སྲོལ་ཡོད་ལུགས་བྲིས་འདུག་པ་ཡང་སྐབས་དེའི་ན་ཚོད་དང་གྲོགས་པོ་གྲོགས་མོ་ཚོའི་རྫི་གླུའི་ཁྲོད་དུ་ངོ་འཕྲོད་པར་གྱུར། སྐབས་དེར་ཆོས་ཚིག་མཁྲེགས་པོ་སྐོར་ཞིག་ཕུད་པའི་རྗེ་མི་ལའི་རྣམ་ཐར་གྱི་ནང་དོན་བྱིངས་ཀྱི་གོ་དོན་རྟོགས་རྒྱུར་དཀའ་ངལ་ཅི་ཡང་མ་བྱུང་ལ། དེ་ནི་དེའི་སྔོན་ཙམ་དེར་ཕ་རྒན་གྱིས་ཉོས་ཡོང་བའི་ཆུ་ངོགས་གཏམ་རྒྱུད་དང་གླིང་གེ་སར་རྒྱལ་པོའི་སྒྲུང་དཔེ་སྣ་ཚོགས་བཀླགས་པས་ཡིན་གྱི་རེད། འདིར་རྗེ་མི་ལ་རས་པའི་མི་ཚེའི་ནང་ཤུགས་རྐྱེན་ཆེན་པོ་ཐེབས་པའམ་ཡང་ན་ཁོང་གི་མི་ཚེའི་ནང་གི་བུད་མེད་ཁྱད་དུ་འཕགས་པ་འགའི་སྐོར་ངོ་སྤྲོད་མདོར་ཙམ་བྱེད་ཀྱི་ཡིན་ཞིང་། རྩོམ་ཡིག་འདི་འབྲི་སྐབས་རྣལ་འབྱོར་པ་རུས་པའི་རྒྱན་ཅན་གྱིས་བརྩམས་པའི་རྗེ་མི་ལའི་རྣམ་ཐར་མཚོ་སྔོན་པར་མ། <<རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར>>བྱ་བ་ལ་གཞི་བཅོལ་ཞིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། ཀརྨ་པ་རང་བྱུང་རྡོ་རྗེས་ཕྱོགས་བསྒྲིགས་མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་<<མགུར་འབུམ་མཛོད་ནག་མ>>ཞེས་པ་ལ་ཡང་ཟུར་བལྟས་བྱས་པ་ཡིན། རྣམ་ཐར་མཛོད་ནག་མར་མི་ལ་ཨ་ཁུ་དང་ཨ་ནེར་ཐུག་དུས་དང་། མཛེས་སེའི་མིང་ལ་ལེགས་སེ། རྗེ་བཙུན་ལ་དུག་འདྲེན་མཁན་ཡང་བོན་པོ་ཞིག་ཡིན་ལུགས་སོགས་རུས་པའི་རྒྱན་ཅན་གྱི་མི་ལའི་རྣམ་མགུར་དང་མི་མཐུན་པ་ཙམ་དུ་མི་ཟད། མགུར་ཕལ་མོ་ཆེའི་རྗོད་ཚིག་ཀྱང་ནང་དོན་གཅིག་པ་གང་ཞིག་ལ་ཚིག་མང་ཉུང་ཡོད་པ་ཡང་ཧ་ཅང་མང་པོ་འདུག་ཀྱང་འདིར་འདྲེན་པའི་ངལ་བ་མ་བྱས་སོ།།

        ༡ མ་ཡུམ་མྱང་ཚ་དཀར་རྒྱན།

        རྗེ་བཙུན་བཞད་པའི་རྡོ་རྗེའི་རྣམ་ཐར་ཀློག་མྱོང་མཁན་ཞིག་ཡིན་ཕྱིན་ཁོང་གི་མ་ཡུམ་མྱང་ཚ་དཀར་རྒྱན་གྱི་སྐོར་ཐོ་རེ་བ་ཞིག་ཀུན་ལ་བཤད་རྒྱུ་ཡོད་སྲིད། ལོ་རྒྱུས་ནང་མྱང་ཚའི་ཕ་མའི་སྐོར་ཞིབ་ཕྲ་ཅི་ཡང་མེད་པར། “མི་ལ་ཤེས་རབ་རྒྱལ་མཚན་ལོ་ཉི་ཤུ་ལོན་པ་དང་། རྩའི་མི་དྲག་རེར་གྱུར་པ་རུས་མྱང་ཡིན་པ་ཞིག་ལ། དཀར་མོ་རྒྱན་ཞེས་བྱ་བའི་བུ་མོ་གཟུགས་མཛེས་ལ་མི་ཆེས་ཕེར་བ། དགྲ་གཉེན་གང་ལ་ཡང་ཆགས་སྡང་རུས་ཐོན་པ་ཞིག་ཡོད་པ་དེ་བག་མར་བླངས་ཏེ་མྱང་ཚ་དཀར་རྒྱན་དུ་གྲགས་སོ།།” * P18 ཞེས་པ་ནི་མྱང་ཚའི་ཕ་ཁུངས་མ་བརྒྱུད་ཀྱི་ཚབ་བྱེད་པའི་ཡིག་ཕྲེང་འགའ་ལགས།

        མྱང་ཚའི་ཁྱོ་བོ་གྲོངས་རྗེས་ཁ་རྗེ་དབང་ཐང་ཚང་མ་ཁྱོ་བོའི་གཉེན་ཉེ་གཡུང་དྲུང་རྒྱལ་མཚན་དང་ཁོའི་སྲིང་མོ་ཁྱུང་ཚ་དཔལ་འགྲན་གཉིས་ཀྱི་ནང་མིས་འཕྲོགས་ཏེ། སྡང་དགྲ་བོས་མཐོང་ཡང་མཆི་མ་འཆོར་བའི་འཚོ་བ་ཧ་ཅང་ཉམ་ང་བ་ཞིག་མི་སྐྱེལ་ཐབས་མེད་བྱུང་། མྱང་ཚས་རང་གི་ཁྱོ་བོའི་ཤུལ་བཞག་གི་ཡི་གེ་སྟེ། མི་ལ་འཚར་ལོངས་བྱུང་རྗེས་རང་གི་རྒྱུ་ནོར་ལ་བདག་པོ་རྒྱག་ཆོག་པ་དང་། མཛེས་སེ་དང་མཉམ་དུ་གཉེན་སྒྲིག་ཆོག་པའི་དཔང་ཡིག་ཚོགས་པའི་དབུས་སུ་བསྟན་ཀྱང་། ཨ་ཁུ་དང་ཨ་ནེས་དཔང་ཡིག་ལ་རྩི་བཀུར་མེད་པའི་སྟེང་དུ་ད་དུང་གཅར་རྡུང་བྱས་ཤིང་། མང་ན་དམག་དྲོངས་ཉུང་ན་མཐུ་ཐོངས་ཞེས་པའི་སྙིང་ཚིམ་བཏབ། བཟོད་བསྲན་གྱི་མཐའ་ལ་ཐུག་པའི་མྱང་ཚའི་རེ་སྐུལ་འོག་མི་ལ་ཐོས་པ་དགས་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་བསྟེན་ཏེ་དགྲ་ཏུ་གྱུར་པའི་གཉེན་ཉེ་མང་པོ་ཞིག་འཇིག་རྟེན་ཕྱི་མར་མངགས། ཐོས་པ་དགའ་མཐུ་སློབ་ཏུ་འགྲོ་དུས་སུ་མྱང་ཚས་གལ་སྲིད་མཐུ་ལ་རྟགས་མ་ཐོན་ན་མ་རྒན་ང་ཁྱོད་ཀྱི་མདུན་དུ་ལྕེབས་ནས་ཤི་གི་ཡིན་ཞེས་འུ་ཐུག་པའི་ཐ་ཚིག་བཙན་པོ་བསྒྲགས། མི་ལས་མཐུ་སྦྱོང་དུས་ཀྱང་མྱང་ཚའི་མནའ་ཚིག་དྲན་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བ་དང་། མཐུ་བཏང་སྟེ་མི་མང་པོ་བསད་རྗེས་སུ་ཨ་མར་ལན་གཅིག་འཕྲད་དུ་ཕྱིན་ཀྱང་རྐྱེན་དབང་གིས་འཕྲད་མ་ཐུབ་པར་ཚེ་གང་རིང་མ་བུ་ཁ་བྲལ་དུ་གྱུར་ཅིང་། མི་ལ་མར་པའི་དྲུང་ནས་ཕྱིར་རང་གི་ཕ་ཡུལ་དུ་ལོག་དུས་མ་རྒན་གྱི་རུས་པ་རྣམས་རྩྭ་སྔོན་དང་འདྲེས་ནས་ས་རུ་ཐིམ་བསྡད་ཡོད་པ་མཐོང་སྟེ། མི་རྟག་རྒྱུད་སྐུལ་གྱི་གསོས་སུ་གྱུར་ནས་ཚེ་བློས་བཏང་གི་བྱ་བྲལ་བ་ཞིག་ཏུ་གྱུར་པ་རེད། དེའི་ཚུལ་ནི་རྣམ་ཐར་ལས། “དེ་ནས་གོ་ཁར་ཕྱིན་པས། ལྷན་པ་དང་ས་འདྲེས་པའི་ཕུང་པོ་ཞིག་ལ་སྔོ་མང་པོ་སྐྱེས་འདུག་པ་དེ་བླངས་པས། མི་རུས་མང་པོ་སྐྱ་ཁྲོལ་ཐོན་བྱུང་བས། མའི་རུས་པ་ཡིན་པར་ཤེས་ཏེ། དྲན་དྲགས་ནས་ཡིད་སྐྱོ་བ་བས་བཟོད་གླགས་མེད་པར་བསམ་མི་ཤེས་ཤིང་སྨྲ་མི་བཏུབ་པའི་སྙིང་རླུང་ལངས་ནས་དྲན་མེད་དུ་འགྲོ་ཚད་བྱུང་བས།” P132-P133 ཞེས་དང་ཡང་།

        “མ་ཡོད་ཙ་ན་བུ་ང་མེད། །

        བུ་ང་བསླེབས་ཚེ་མ་རྒན་གུམ། །

        གཉིས་ཀ་འཛོམས་རུང་སྙིང་པོ་མེད། །

        བུ་ལ་སྙིང་པོའི་ལྷ་ཆོས་བྱེད། །

        བྲག་དཀར་རྟ་སོར་བསྒོམ་དུ་འགྲོ། །”P134ཞེས་པ་འདིས་ལོ་ངོ་དགུ་བརྒྱའི་སྔོན་གྱི་མ་བུ་ཤི་བྲལ་གྱི་ཡིད་སྐྱོ་བའི་གཏམ་རྒྱུད་ཅིག་གློག་བརྙན་བཞིན་ང་ཚོའི་མིག་མདུན་དུ་གསལ་བར་མངོན་ཐུབ། དེ་ལྟར་མྱང་ཚ་དཀར་རྒྱན་ནི་བོད་རིགས་བུད་མེད་ཕལ་མོ་ཆེ་དང་འདྲ་བར་གཉེན་ལ་བརྩེ་གདུང་ཟབ་ཅིང་དགྲ་ལ་འཁོན་འཛིན་ཆེ་བའི་མ་ཡུམ་རླབས་པོ་ཆེ་ཞིག་ཡིན་ཞིང་། མོ་ཡི་དཔའ་སྤོབས་འདིས་མི་ལ་རས་པའི་སྙིང་ལ་རུས་པ་བསྐྱེད་ཅིང་། ཕྱི་རབས་བོད་རིགས་བུད་མེད་ཚོའི་སེམས་ཁོང་དུ་ཡང་ནམ་ཡང་འགྱེལ་མེད་ཀྱི་རྡོ་རིང་ཞིག་བསླངས་ཡོད་དོ།།

        ༢ ཨ་ནེ་ཁྱུང་ཚ་དཔལ་འགྲན།

        ཨ་ནེ་འདི་ཡིས་མི་ལ་རས་པའི་སྐུ་ཚེའི་སྟོད་ཀྱི་རྣམ་ཐར་ལས་གལ་འགངས་ཆེ་བའི་གནས་བབ་ཅིག་བཟུང་ཡོད་ཅིང་། མོས་རང་གི་མིང་པོ་གཡུང་དྲུང་རྒྱལ་མཚན་གྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས། མི་ལ་རས་པ་ཡུམ་སྲས་ལ་མནར་གཅོད་ཚད་མེད་བཏང་ཞིང་། མི་ལ་རས་པ་བླ་མ་མར་པའི་དྲུང་ནས་དཀའ་སྤྱད་ཀྱིས་གདམས་ངག་རྣམས་རྫོགས་པར་ཞུས་ཏེ་ཕྱིར་རང་གི་ཕ་ཡུལ་དུ་རོ་སྙོམས་ཀྱི་ལྡོམ་བུ་ལ་བྱོན་པའི་དུས་སུ། “འབྲོག་སློང་ཞིག་ལ་ཕྱིན་ཏེ་སྦྲ་ཞིག་གི་འགག་ཏུ་རྣལ་འབྱོར་བ་ལ་ཆུ་སྡོར་གྱི་སློང་མོ་ཞུ་བྱས་པས། ཨ་ནེའི་སྦྲ་དང་ཐུག་སྟེ། ཨ་ནེས་ང་ངོ་ཤེས་ནས། སྙིང་མི་དགའ་བས་ཐོག་མར་ཁྱི་རྣམས་རྦད་བྱུང་བ། རྡོ་དང་བེར་ཀས་བསྲུངས་པས། ཨ་ནེ་རང་སྦྲའི་ཚུགས་ཤིང་ཁྱེར་ནས་ཕ་བཟང་གི་རྐང་འདྲེན་པོ། ཉེ་ཚན་གྱི་བརླ་འཚོང་པོ། ཡུལ་གྱི་ཕུང་འདྲེ་ཁྱོད་ཅི་ལ་འོངས། ཕ་བཟང་ལ་བུ་ཁྱོད་འདྲ་སྐྱེས་པ་ཟེར་ཞིང་མང་པོ་རྡེག་ཏུ་བྱུང་བ་ལ།” P139-P140 ཞེས་ཨ་ནེས་ཁོང་ལ་སྔ་ཕྱི་བར་གསུམ་དུ་རྡུང་རྡེག་ཅི་ཙམ་ཞིག་བཏང་བ་གསལ་བོར་བཀོད་ཡོད་ཅིང་། ཁོང་གིས་ཀྱང་ཨ་ནེའི་གདུག་རྩུབ་ཀྱི་བྱ་སྤྱོད་ཐེར་འདོན་ངོ་སྤྲོད་བྱེད་པའི་མགུར་བཞེངས་པ་སྟེ།

        “ཕ་དྲིན་ཅན་མར་པའི་ཞབས་ལ་འདུད། །

        ཡུལ་ངན་རྩ་ཡི་ཀོ་རོན་ན། །

        གཉེན་བཤེས་དགྲར་ལངས་ཀྱི་མ་བུ་གསུམ། །

        སྲན་ཕུང་བེར་ཀས་གཏོར་བ་བཞིན། །

        ཁྱེད་ཨ་ཁུ་ཨ་ནེས་ཨེ་བཏང་སོམས། །”P140 ཞེས་སོགས་གསུངས་པ་དང་། རྗེས་སུ་ཡང་ཨ་ནེས་མི་ལའི་ས་ཞིང་ལ་རྔམ་སེམས་སྐྱེས་ཏེ་གཡོ་སྒྱུའི་སྒོ་ནས་ས་ཞིང་འཕྲོག་བཅོམ་བྱས་པ་ནི། “ ང་བྲག་དཀར་རྟ་སོར་སྒོམ་དུ་འགྲོ་དགོས་སྙམ་ཡོད་པའི་ཚེ། ཨ་ནེས་ནས་ཁལ་གསུམ་གྱི་ཕྱེ། ཐུལ་གོག་གཅིག རས་བཟང་པོ་གོས་ལྡང་གཅིག མར་ཚིལ་འདྲེས་པའི་ཆུ་སྡོར་རྣམས་ཁྱེར་བྱུང་སྟེ། འདི་རྣམས་ཚ་བོའི་ཞིང་བཙོངས་པའི་རིན་ཡིན་པས་ཁྱེར་ལ་ངའི་མིག་གིས་མི་མཐོང་། རྣ་བས་མི་ཐོས་པའི་ཡུལ་ཕྱོགས་ཤིག་ཏུ་འགྲོ་རོགས་གྱིས”146 ཞེས་སོགས་བརྗོད་དེ་ཁོང་ཕ་ཡུལ་དུ་ཁ་འབྲལ་བར་བསྐུལ་ཅིང་། རྗེ་མི་ལས་ཨ་ནེའི་སྐད་ཆ་དག་ཐོས་རྗེས་ཁོང་ཁྲོ་ཟ་རྒྱུ་ཕར་ཞོགས་ད་དུང་། “སངས་རྒྱས་ཐོབ་པའི་ཐབས་ལ་བཟོད་པ་མཆོག་ཏུ་གསུངས་པ་ཡིན། དེ་སྒོམ་པའི་རྟེན་ཨ་ནེ་ཡིན་ཞིང་། དམ་པའི་ཆོས་དང་མཇལ་བ་ཡང་ཨ་ཁུ་དང་ཨ་ནེའི་དྲིན་ཡིན། བཀའ་དྲིན་ཤིན་ཏུ་ཆེ་བས་དྲིན་ལན་དུ་ཕྱི་མ་སངས་རྒྱས་ཐོབ་པའི་སྨོན་ལམ་རྟག་ཏུ་འདེབས། ”P147 ཞེས་ཨ་ཁུ་དང་ཁྱད་པར་ཨ་ནེའི་བྱ་སྤྱོད་རྣམས་ཆོས་རྣམ་དག་བསྒྲུབ་པའི་མཐུན་རྐྱེན་དུ་གཟིགས་པ་རེད། དུས་ཡུན་རིང་པོ་ཞིག་གི་རྗེས་ཏེ་ཨ་ཁུ་ཤི་རྗེས་ཨ་ནེ་ལ་སྔར་བྱས་ཀྱི་ལས་ངན་དེ་ཚོར་འགྱོད་པ་དྲག་པོ་ཞིག་སྐྱེས་ནས་རྗེ་མི་ལ་ལྕམ་སྲིང་གཉིས་ལ་མཇལ་དུ་ཡོང་ཞིང་། སྲིང་མོས་མཇལ་ཁ་བཀག་འགོག་བྱས་ཀྱང་རྗེ་མི་ལས་ཨ་ནེ་ཆོས་ལས་གསུངས་པའི་དམ་ཉམས་མིན་གསུངས་ནས་མཇལ་ཁ་བཏང་ཞིང་གདམས་ངག་གནང་བས། རྗེས་སུ་བློ་སྣ་ཆོས་ལ་འགྱུར་ནས་རང་གྲོལ་གྱི་རྣལ་འབྱོར་མ་ཞིག་ཏུ་གྱུར་འདུག

        ༣ སྲིང་མོ་པེ་ཏ་མགོན་སྐྱིད།

        རྗེ་མི་ལའི་སྲིང་མོ་པེ་ཏ་མགོན་སྐྱིད་འདི་ཡིས་ཀྱང་རྗེ་མི་ལ་རས་པ་དང་མཚུངས་པར་ཕ་ཤི་བ་དང་གཉེན་ཉེས་མནར་གཅོད་བཏང་བའི་སྡུག་བསྔལ་མྱངས་པས་མ་ཚད། ད་དུང་ཚེ་སྟོད་ཕྱུག་པོའི་གཅེས་ཕྲུག་མ་དང་ན་སོ་དར་ལ་བབས་རྗེས་སྤྲང་མོའི་སྐྱེ་བ་བླངས་ཏེ་ཟས་གོས་གནས་མལ་ཚང་མ་གཞན་ལ་བསླངས་པའི་ཡ་བ་བའི་འཚོ་བ་ཐབས་སྡུག་ཅིག་མྱངས་ཡོད། མོ་རང་གི་གཤིས་ཀ་ནི་ཨ་མ་མྱང་ཚ་དཀར་རྒྱན་དང་འདྲ་བར་དགྲ་གཉེན་ཆགས་སྡང་འབུར་དུ་ཐོན་པ་ཞིག་ཡོད་པ་ནི། མོས་ཨ་ནེ་སྡང་སེམས་བཅངས་ཏེ་ཨ་ནེ་མི་ལ་མཇལ་དུ་ཡོང་དུས་མཇལ་ཁ་མ་བཏང་བ་དང་རྗེ་མི་ལ་དཀའ་ཐུབ་ཀྱི་སྒྲུབ་པར་བཞུགས་པ་ཐོག་མར་མཇལ་དུས་ཀྱི་སྐྱོ་གདུང་ལས་མཚོན་ཐུབ་པ་སྟེ། “སྒོའི་ཕྱི་ནས་བལྟས་པས། ང་དཀའ་ཐུབ་ཀྱིས་གདུངས་པའི་ལུས། མིག་གཏིང་དུ་ལྷུང་། རུས་པ་ཐམས་ཅད་སྒང་དུ་ཐོན། མདོག་སྔོ་ལ་ཤ་རིད་པ། ཤ་རུས་བྲལ་དུ་ཆ་བའི་པགས་པ་ལ་བ་སྤུ་སྔོ་ཟིང་ངེ་སྐྱེས་པ། སྐྲ་ཡེགས་ལ་འཇིགས་པ། ཡན་ལག་རྣམས་འཆག་ལ་ཁད་པ་དེ་མཐོང་ནས། ཐོག་མར་འདྲེ་ཡིན་པ་འདྲ་སྙམ་འཇིགས་པ་ལས། ཇོ་ཇོ་ལྟོགས་གྲིར་འཆི་རུ་ཆ་བ་འདུག་ཟེར་བ་ཐོས་པས་ཐེ་ཚོམ་ཟོས་ཏེ། ཁྱེད་མི་ཡིན་ནམ་འདྲ་ཡིན་ཟེར། ང་མི་ལ་ཐོས་པ་དགའ་ཡིན་བྱས་པས་སྐད་ངོ་ཤེས་ཏེ། ནང་དུ་འོངས་ང་ལ་འཇུས་ནས། ཨ་ཇོ་ཨ་ཇོ་ཟེར་བའི་ངང་ཡུག་ཅིག་དྲན་མེད་དུ་བརྒྱལ་འདུག ངས་ཀྱང་པེ་ཏ་ཡིན་པར་ཤེས་ཏེ། དགའ་བ་དང་སྐྱོ་བ་གཉིས་ཀ་བྱུང་། གསོ་བའི་ཐབས་ཅི་ལེགས་བྱས་པས། དར་ཅིག་ནས་དྲན་པ་རྙེད་དེ། པུས་མོ་གཉིས་ཀྱི་བར་དུ་མགོ་བོ་བཙུད། ལག་པ་གདོང་ལ་བཀབ་ནས། ངུ་བའི་སྨྲེ་སྔགས་ལ། ཨ་མ་ནི་ཨ་ཇོ་སྙིང་ལ་འདོད་བཞིན་པའི་ངང་ནས་སྡུག་གྲིར་ཤི གཞན་འཁོར་མི་ནི་མ་བྱུང་བས་ང་སྡུག་དྲགས་ཁྱིམ་དུ་མ་ཚུགས་པར་ཡུལ་གཞན་དུ་སྤྲང་ལ་ཕྱིན། ཨ་ཇོ་ཡང་ཤི་བ་ཡིན་ནམ། མ་ཤི་ན་འདི་བས་སྐྱིད་པ་ཞིག་ཡོད་སྙམ་བྱུང་སྟེ། ཨ་ཇོའི་སྐྱིད་སྡུག་ནི་འདི་གར་འདུག ང་སྲིང་མོའི་ཁ་འཁོས་ནི་འདི་ག་ཡིན། འུ་ཅག་མིང་སྲིང་བས་སྡུག་པ་ནི་ས་ཐོག་ཏུ་མི་འོང་ཕ་མའི་མིང་ནས་བོས་ཏེ། མང་དུ་ངུ་ཞིང་འདུག་པ་ལ་ངས་སེམས་གསོ་མང་པོ་བཏང་རུང་ཕན་པ་མ་བྱུང་། ”P158-P159 ཞེས་མིང་སྲིང་འདི་གཉིས་ཐོག་མར་མཇལ་དུས་ཀྱི་ཡིད་སྐྱོ་བའི་བྱུང་རིམ་དང་སྣང་བརྙན་དེ་མིག་ལམ་དུ་འཆར་ཐུབ་པ་ཞིག་འདུག་པས། རྗེ་མི་ལའི་རྣམ་ཐར་གྱི་སྐྱོ་ཤས་ཆེ་བའི་དཀྱོགས་མཚམས་ཤིག་ནི་ཡིག་ཕྲེང་འདི་དག་གིས་བསྟན་ཡོད། པེ་ཏས་སློང་མོ་བརྒྱབ་སྟེ་ཟས་ཆང་དང་སྣམ་བུ་སོགས་ལག་པར་གང་ཡོང་ཚང་མ་རང་གི་མིང་པོ་རྗེ་མི་ལ་རས་པར་ཕུལ་བ་དང་། ཟས་ཆང་བཟང་པོའི་ཉེར་ལེན་གྱིས་རྗེ་དེ་ཉིད་ཀྱི་ལུས་ཀྱི་རྩ་མདུད་གྲོལ་བའི་སྐོར་ཡང་། “ སྔར་སྙིང་རུས་བྱས་བསྒོམས་པའི་ནུས་པས། རྩ་ནང་དུ་ཁམས་འདུས་སུ་ཆ་བ་ཟས་ངན་པའི་སྟོབས་ཀྱིས་སློང་མ་ནུས་པ་ལ། པེ་ཏའི་ཆང་གིས་ཅུང་ཟད་བསླངས། མཛེས་སེས་ཕུལ་བ་རྣམས་ཀྱིས་རྫོགས་པར་བསླངས་པར་གོ་ནས། ཤོག་རིལ་གྱི་ནང་ལྟར་ལུས་གནད། རླུང་གནད། དམིགས་པ་རྣམས་ལ་འབད་པས། རྩ་ཕྲན་རྣམས་ཀྱི་མདུད་པ་གྲོལ། དབུ་མའི་ཡང་ལྟེ་བ་མན་གྱི་མདུད་པ་གྲོལ་ཏེ། བདེ་གསལ་མི་རྟོག་པའི་ཉམས་སྔར་གོ་མྱོང་བ་རྣམས་དང་ཚིག་ཏུ་འདྲ་ལ། དོན་ལ་རྩལ་ཆེ་ཞིང་བརྟན་པས་མི་འདྲ་བའི་ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་སྐྱེས་ཏེ། གེགས་ལས་གྲོལ་ནས་སྐྱོན་རྣམས་ཡོན་ཏན་དུ་ངོ་འཕྲོད། རྣམ་རྟོག་ཏུ་བཟུང་བ་ཆོས་སྐུར་ཤར་བས། སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་དུ་གོ་ཞིང་། ”P163 ཞེས་གསུངས་པར་བརྟགས་ན། རྗེ་མི་ལ་ལྟ་བུའི་སྒྲུབ་པ་པོ་རྣམས་ལ་ཡང་ལུས་ཟུངས་གསོ་བའི་ཟས་ཆང་བཟང་པོ་དགོས་གལ་ཆེ་ཞིང་། དེ་ཡང་དུས་ཚོད་དང་རན་པར་སྤྱད་ན་ཉམས་རྟོགས་ཡོན་ཏན་གྱི་མཐུན་རྐྱེན་དུ་འགྲོ་བ་དང་། ཁྱད་པར་སྲིང་མོ་པེ་ཏ་མགོན་སྐྱིད་ལྟ་བུའི་རང་ཉིད་ལ་ཤ་ཚ་བརྩེ་གདུང་ཅན་གྱི་མིས་ཕུལ་བའི་ཟས་གོས་ཀྱིས་རྣལ་འབྱོར་བའི་ཉམས་ལེན་མཐའ་དག་ཤིང་སྐམ་པོའི་སྟེང་དུ་མེ་སྦར་བ་དང་འདྲ་བར་ངེས་སོ།།

        རྗེ་བཙུན་གྱིས་རང་གི་སྲིང་མོའི་འཇིག་རྟེན་ཆོས་བརྒྱད་ཀྱི་བསམ་པའི་མགོ་འཕང་དམའ་རུ་གཏོང་ཆེད་བསླབ་བྱ་དུ་མ་ཞིག་གནང་བའི་མཐར་སྐད་གྲགས་ཅན་གྱི་མགུར་ཞིག་གསུངས་པ་ནི་འདི་ལྟ་སྟེ།

        “རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས།།

        སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས།།

        ང་སྐྱིད་པ་གཉེན་གྱིས་མ་ཚོར་ཞིང་།།

        སྡུག་པ་དགྲ་ཡིས་ཚོར་བར།།

        རི་ཁྲོད་འདི་རུ་འཆི་ནུས་ན།།

        རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

        རྒས་པ་གྲོགས་ཀྱིས་མ་ཚོར་ཞིང་།།

        ན་བ་སྲིང་མོས་མ་ཚོར་བར།།

        རི་ཁྲོད་འདི་རུ་འཆི་ནུས་ན།།

        རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

        ཤི་བ་མི་ཡིས་མ་ཚོར་ཞིང་།།

        རོ་རུལ་བྱ་ཡིས་མ་མཐོང་བར།།

        རི་ཁྲོད་འདི་རུ་འཆི་ནུས་ན།།

        རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

        ཤ་རུལ་སྦྲང་མས་འཇིབས་པ་དང་།།

        རྩ་རྒྱུས་འབུ་ཡིས་ཟ་བ་རུ།།

        རི་ཁྲོད་འདི་རུ་འཆི་ནུས་ན།།

        རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

        ང་སྒོ་ན་མི་རྗེས་མེད་པ་དང་།།

        ནང་ན་ཁྲག་རྗེས་མེད་པ་རུ།།

        རི་ཁྲོད་འདི་རུ་འཆི་ནུས་ན།།

        རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

        རོ་ལ་འཁོར་མི་མེད་པ་དང་།།

        ཤི་ན་ངུ་མི་མེད་པ་རུ།།

        རི་ཁྲོད་འདི་རུ་འཆི་ནུས་ན།།

        རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

        ང་གར་སོང་འདྲི་མི་མེད་པ་དང་།།

        འདིར་སོང་གཏད་སོ་མེད་པ་རུ།།

        རི་ཁྲོད་འདི་རུ་འཆི་ནུས་ན།།

        རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

        མི་མེད་ལུང་བའི་བྲག་ཕུག་ཏུ།།

        སྤྲང་པོ་འཆི་བའི་སྨོན་ལམ་འདི།།

        འགྲོ་བའི་དོན་ལ་ཐེབས་པར་ཤོག།

        ཐེབས་ན་བསམ་པ་རྫོགས་པ་ཡིན།།”P161-P162

        ཞེས་གསུངས་པ་འདི་བཀླགས་ན། བླ་མའི་གདམས་ངག་གིས་ཕྱི་ནང་ཚོས་ཤིང་། འཇིག་རྟེན་ཆོས་བརྒྱད་ལ་རྒྱབ་ཀྱིས་ཕྱོགས་པའི་སྐྱེས་བུ་རླབས་ཆེན་འདི་ལ་ཕུགས་བསམ་བརྟན་པོ་འདི་འདྲ་ཞིག་ཡོད་པ་ནི། ཁོང་གིས་མི་ཚེ་གཅིག་ལ་སྡིག་སྤོང་དགེ་སྒྲུབ་གི་ལམ་ནས་གྲུབ་པའི་གོ་འཕང་མཐོན་པོར་སོན་པའི་དཔང་རྟགས་གསོན་པོ་ཞིག་མིན་ན་གང་ཡིན་སྙམ་པའི་བསམ་བློ་ཞིག་མི་འཁོར་རང་འཁོར་རེད།

        ༤ ཆུང་འདྲིས་བྱམས་པ་མཛེས་སེ།

        མཛེས་སེའམ་ལེགས་སེ་ནི་རྗེ་མི་ལ་དང་ཆུང་གཉེན་བསྒྲིགས་པའི་མཛའ་གྲོགས་ཤིག་ཡིན་པ་ནི། རྣམ་ཐར་ལས་ཁོང་གི་ཕ་མི་ལ་རྡོ་རྗེ་རྒྱལ་མཚན་སྐུ་གྲོངས་ཁའི་ཞལ་ཆེམས་ལས། “བུ་འདིས་ཁྱིམ་སོ་ཕེར་བ་དང་། མཛེས་སེ་དང་ཆུང་གཉེན་བསྒྲིགས་ཡོད་པས། མོ་རང་མནའ་མར་བསུ། ནོར་རྣམས་ལྷག་ལུས་མེད་པར་ཕོག་ལ་ཕ་ཤུལ་བུས་འཛིན་དུ་ཆུག་ཅིག” P22 ཅེས་པ་ལས་རྟོགས་ཐུབ་ཅིང་། མོ་རང་ནི་རྗེ་མི་ལ་རས་པར་བརྩེ་གདུང་དང་ཕྱི་ཐག་རིང་པོ་ཅན་གྱི་གཞོན་ནུ་མ་ཞིག་ཡིན་པ་ནི། རྣམ་ཐར་ལས། “རྩའི་མི་ཐོད་གད་ཁ་བྱ་བ་ན་སྔགས་རྙིང་མ་པའི་སློབ་དཔོན་ཀླུ་བརྒྱད་མཁན་གྲོང་ཆོག་ཤིན་ཏུ་བྲིན་པ་ཞིག་ཡོད་པ་དེར་ང་ཀློག་སློབ་ཏུ་བཏང་། དེ་དུས་གཉེན་རྣམས་ཀྱིས་ཀྱང་ནོར་སློང་སྣ་རེ་སྣ་གཉིས་བྱིན་འདུག ཁྱད་པར་མཛེས་སེའི་ཕ་མས་རྒྱགས་ཆུ་སྡོར་མེ་ཤིང་ཡན་བསྐུར་ནས་ང་ཀློག་སློབ་སར་མཛེས་སེ་མོ་ཡང་སེམས་གསོ་ལ་ཡང་ཡང་བཏང་བྱུང་།” 27 ཞེས་པ་འདི་ཡིས་གསལ་པོར་བརྗོད་ཡོད་ཅིང་། འདི་དུས་རྗེ་མི་ལ་དང་མཛེས་སེ་གཉིས་ཀ་ལང་ཚོ་དར་ལ་བབས་པའི་གཞོན་ནུ་ཕོ་མོ་གཉིས་ཡིན་པས། ཁོང་གཉིས་ལ་མཛའ་བརྩེའི་ལུས་འབྲེལ་ཀྱང་བྱུང་ལོས་ཡོད་བསམས་ཏེ། རྣམ་ཐར་ལས། “ ཞང་པོས་ཡབ་ཀྱི་ཞལ་ཆེམས་ཀྱི་ཡི་གེ་བཀླགས་པའི་མཐར། ཨ་མས་ཡི་གེ་འདིའི་དོན་གསུང་ངག་དང་བཅས་པ་འདིར་བཞུགས་ཀྱི་བགྲེས་པ་ཀུན་གྱི་ཐུགས་ལ་གསལ་བས་རྒྱས་པར་ཞུ་མི་དགོས་པར་གདའ། དོན་དྲིལ་བ་ལ་སྔར་ཕན་ཨ་ཁུ་དང་ཨ་ནེ་གཉིས་ཀྱིས་ངེད་མ་སྨད་གསུམ་ལ་མགོ་འདོན་ཡང་དག་མཛད་པ་ཐུགས་ལ་བཏགས། ད་ང་རང་གི་བུ་དང་མཛེས་སེ་གཉིས་ཀས་ཁྱིམ་སོ་ཟིན་པར་འདུག་པས། ངེད་རང་གི་ནོར་བཅོལ་རྣམས་སྤྲོད་པ་དང་། མཛེས་སེ་ཡང་མནའ་མར་བསུས་ནས་ཡབ་ཀྱི་ཞལ་ཆེམས་བཞིན་ཕ་ཤུལ་བུས་འཛིན་དུ་འཇུག་པར་ཞུ། ”P25 བྱས་པ་ལས་ར་འཕྲོད་ཐུབ་པ་དང་། གཞོན་ནུ་ཕོ་མོ་འདི་གཉིས་ཀྱིས་རང་ལ་དབང་བའི་ཁྱིམ་ཚང་ཞིག་སྐྱོང་རྒྱུ་འབྱུང་བ་ཕར་ཞོགས། མི་ལོ་དུ་མའི་རིང་གྱེས་བྲལ་གྱི་གདུང་བ་དྲག་པོ་མྱོང་དགོས་བྱུང་བ་ནི་ངོ་མ་བཟོད་དཀའ་བ་ཞིག་རེད།

        རྗེ་མི་ལས་བླ་མ་མར་པའི་དྲུང་ནས་ཡང་དག་པའི་དམ་པའི་ཆོས་ཀྱི་གདམས་ངག་ཟབ་མོ་ཞུས་པའི་རྗེས་སུ། ཁོང་ལ་འཇིག་རྟེན་ཚེ་འདིའི་སྣང་བ་ཨ་འཐས་དེ་མེད་པར་ཉིན་མཚན་མེད་པར་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས་འདོད་དྲག་པོ་ཞིག་སྐྱེས་ཡོད་པ་ནི། རྣམ་ཐར་ལས། “ཁོང་ན་རེ། ཁྱེད་དང་པོ་གཞོན་ནུས་མཐུས་དགྲ་བཏུལ། ད་དར་ལ་བབས་ནས་ཆོས་རྣམ་དག་མཛད་པ་ངོ་མཚར་ཆེ། མ་འོངས་པ་ན་གྲུབ་ཐོབ་ཅིག་འོང་སྟེ་ཡོད། བླ་མ་ག་འདྲ་ལ་གདམས་ངག་ཇི་འདྲ་ཐོབ་ཅེས་ཞིབ་ཏུ་འདྲི་རུ་བྱུང་བས། རྫོགས་ཆེན་ཐོབ་ལུགས་དང་ཁྱད་པར་མར་པ་དང་མཇལ་ལུགས་རྣམས་བཤད་པས། ངོ་མཚར་ཆེ་འདུག དེ་ལྟར་ཡིན་ན་ཁྱེད་རང་ཡང་ཁང་པ་ཞིག་གསོས་བྱས། མཛེས་སེ་ཁབ་ཏུ་བཞེས་ནས། བླ་མའི་རྣམ་ཐར་སྐྱོང་བ་དྲག་ཟེར་བས། ངའི་བླ་མ་མར་པས་འགྲོ་བའི་དོན་དུ་ཡུམ་བཞེས་པར་གདའ། དེ་ལྟ་བུའི་བསམ་སྦྱོར་དང་ནུས་པ་བདག་ལ་མེད་པས། སེང་གེའི་ཕྱི་བཞིན་རི་བོང་མཆོང་རུང་གཡང་ལ་ལྷུང་ནས་འཆི་བར་ངེས། སྤྱིར་གྱིས་ང་འཁོར་ལ་ཡིད་སྐྱོ་ནས་བླ་མའི་གདམས་ངག་དང་སྒྲུབ་པ་མིན་པ་གཞན་གང་གིས་ཀྱང་དགོས་པ་མེད་པའི་བསམ་པ་ཞིག་རྟག་ཏུ་ཡོད་ཅིང་། ” P135-P136 ཞེས་པའི་གསུང་འདི་ལས་ཤེས་ཐུབ་པ་དང་། མཛེས་སེ་མོ་རང་གི་ངོས་ནས་མི་ལོ་དུ་མར་རང་གི་མཛའ་བོར་བསྒུགས་ནས་མིག་ཀོང་མཆི་མ་དང་དྲན་གདུང་ཁོག་པར་ཉར་ནས་ལོ་མང་གི་འཚོ་བ་བསྐྱལ་བ་དང་། མཐའ་མར་ཁོང་དང་མི་ལ་རས་པ་གཉིས་ཡང་སྐྱར་མཇལ་དུས། མཛེས་སེའི་བརྩེ་དུང་ལ་ད་དུང་འགྱུར་བ་མེད་པར་རང་གི་ཆུང་གྲོགས་ཐོས་པ་དགའ་དང་ལྷན་དུ་མི་ཚེ་སྐྱེལ་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་བསམ་བློ་ཨ་འཐས་སུ་ཡོད་པ་ནང་། མི་ལ་རས་པ་ནི་འཇིག་རྟེན་གྱི་མིའི་གྲལ་ནས་བུད་ཚར་བའི་སྒྲུབ་པ་པོ་ཆོས་མིན་པ་བསམ་རྒྱུ་མེད་པ་ཞིག་ཏུ་གྱུར་ཚར་ཡོད་པ་ནི། རྣམ་ཐར་ལས། “དེ་ནུབ་རྨི་ལམ་དུ་སྔར་གྱི་གནས་དེ་གར་ཞག་ཤས་བསྡད་ན་བཟང་བའི་བརྡ་ཞིག་བྱུང་སྟེ་ཞག་འགའ་དེ་གར་བསྡད་པས། མཛེས་སེས་ཚོར་ནས། ཟས་ཆང་བཟང་པོ་ཁྱེར་ཏེ་འཕྲད་དུ་བྱུང་བས། བཅངས་ནས་མང་པོ་ངུ་བཞིན་འདུག ཨ་མ་ཤི་ཚུལ་དང་སྲིང་མོ་འཁྱར་ཚུལ་བཤད་བྱུང་བས་ཤིན་ཏུ་སྐྱོ་བ་ཞིག་བྱུང་སྟེ་ང་རང་ཡང་མཆི་མ་མང་པོ་ཤོར། ངས་མོ་ལ་ཁྱོད་ད་དུང་ཁྱིམ་ལ་མི་འགྲོ་བ་ཕྱི་ཐག་རིང་བྱས་པས། མོ་ན་རེ། ཁྱེད་ཀྱི་ཆོས་སྐྱོང་ལ་འཇིགས་ནས་དགོས་ཟེར་མཁན་ཡང་མ་བྱུང་། བྱུང་ཡང་འགྲོ་བ་ཡང་མེད། ཁྱེད་ཆོས་མཛད་པ་ངོ་མཚར་ཆེ། ད་ཞིང་ཁང་རྣམས་ཇི་ལྟར་བྱེད་ཟེར་བས། ངས་མོའི་བསམ་པ་གོ་སྟེ། ང་ཁྱིམ་ཐབ་ལ་མ་སྦྱར་བ་འདི། སྒྲ་སྒྱུར་མར་པའི་བཀའ་དྲིན་ཡིན། ཆོས་ཕྱོགས་ནས་སྨོན་ལམ་བཟང་པོ་བཏབ་ཆོག འཇིག་རྟེན་ཕྱོགས་ནས་མོ་རང་ཁོ་ཐག་ཆོད་པའི་གཏམ་ཞིག་དགོས་སྙམ། ཞེས་པ་ནས། དེས་ན་སྤྱོད་པ་མི་ཀུན་དང་རྒྱབ་ལོག་བྱེད་པས་ང་ལ་མི་མ་རེ་ཞིག་བྱས་པས། ”P142-P143 ཞེས་གསུངས་པ་འདིས། འཁོར་བར་ངེས་འབྱུང་གི་བསམ་པ་ཚད་ལྡན་སྐྱེས་པའི་རྣལ་འབྱོར་བ་འདིས་རང་ལ་བརྩེ་བ་མེ་ལྟར་འབར་ཞིང་དྲན་གདུང་ཆུ་བཞིན་ཁོལ་བའི་མཛའ་མོ་མཛེས་སེའི་སྙིང་དམར་པོ་ཇི་ལྟར་གས་ཆག་ཏུ་བཏང་ཡོད་པ་ཡང་མཐོང་ཐུབ་མོད། ཚེ་བློས་བཏང་གི་བྱ་བྲལ་བ་ཞིག་གིས་འདི་ལྟར་རང་གི་མཛའ་མོར་དྲང་གཏམ་བརྗོད་རྒྱུ་དེ་ཡང་ཁོང་གི་ལྡོག་ཏུ་མེད་པའི་འོས་འགན་རླབས་པོ་ཆེ་ཞིག་ཀྱང་ཅི་ལ་མིན།

        རང་ཉིད་ལ་ཤ་ཚ་ཞིང་སྙིང་ཉེ་ལ། ཁྲེལ་དང་ཕྱི་ཐག་རིང་བའི་མཛའ་མོ་འདིས་རྗེ་མི་ལ་རས་པའི་སྲིང་མོ་ཡང་ཁོང་གི་སྒྲུབ་གནས་སུ་ཁྲིད་ཡོང་སྟེ་ལོ་མང་བྲལ་བའི་མིང་སྲིང་གཉིས་མཇལ་འཕྲད་གནང་བཅུག་པ་ནི། རྣམ་ཐར་ལས། “པེ་ཏས་ང་ཕ་མ་སྔ་མོར་ཤི གཉེན་དགྲར་ལངས། ཇོ་ཇོ་ས་མཐར་འཁྱར་མ་འཕྲད་པའི་སྤྲང་མོ་ཞིག་ལ་སྙིང་ཚིམ་བྱ་མི་དགོས་པར་འདུག་ཟེར་མང་དུ་ངུས་པའི་སར་མཛེས་སེ་བྱུང་ནས། མ་ངུ་ཇོ་ཇོ་ཡིན་པར་ཡོད་པ་འདུག དང་པོ་ང་དང་ཡང་ཕྲད། ད་ཁྱོད་རང་བྲག་དཀར་རྟ་སོར་སོངས་ལ་ཨེ་འདུག་ལྟོས་ཤོག འདུག་ན་རང་རེ་གཉིས་ཀ་འཕྲད་དུ་འགྲོ་ཟེར་བས་བདེན་སྙམ། ”158 ཞེས་པ་དང་། རྗེ་ཉིད་ཀྱི་མཛའ་མོ་དང་སྲིང་མོ་གཉིས་ཀྱིས་དྲངས་པའི་ཟས་ཆང་བཟང་པོའི་ནུས་སྟོབས་ཀྱིས་ཁོང་གི་སྐུ་ལུས་ཀྱི་རྩ་མདུད་གྲོལ་ཅིང་བདེ་བ་རྒྱས་པའི་སྐོར་ཞིག་ཀྱང་ཡོད་པ་ནི། རྣམ་ཐར་ལས། “དེ་ནས་ཞག་འགའ་ནས་མཛེས་སེས་ཤ་མར་རྙིང་པ་དང་། རྩམ་ཆང་བཟང་ལ་མང་པ་ཁྱེར་ཏེ་པེ་ཏ་དང་གཉིས་ཀ་འཕྲད་དུ་བྱུང་བ། ང་ཆུ་ལེན་དུ་ཕྱིན་པ་དང་ཐུག་སྟེ། ང་ལ་གོས་མེད་པར་སྔོ་ཧྲེང་ཧྲེང་འདུག་པ་དེ་མཐོང་ནས། གཉིས་ཀ་ངོ་ཚ་རུང་མ་ཕོད་པར་ངུ་ཞིང་འདུག” P160-P161 ཅེས་པ་ནས། “ སྔར་སྙིང་རུས་བྱས་བསྒོམས་པའི་ནུས་པས། རྩ་ནང་དུ་ཁམས་འདུས་སུ་ཆ་བ་ཟས་ངན་པའི་སྟོབས་ཀྱིས་སློང་མ་ནུས་པ་ལ། པེ་ཏའི་ཆང་གིས་ཅུང་ཟད་བསླངས། མཛེས་སེས་ཕུལ་བ་རྣམས་ཀྱིས་རྫོགས་པར་བསླངས་པར་གོ་ནས། ཤོག་རིལ་གྱི་ནང་ལྟར་ལུས་གནད། རླུང་གནད། དམིགས་པ་རྣམས་ལ་འབད་པས། རྩ་ཕྲན་རྣམས་ཀྱི་མདུད་པ་གྲོལ། དབུ་མའི་ཡང་ལྟེ་བ་མན་གྱི་མདུད་པ་གྲོལ་ཏེ། བདེ་གསལ་མི་རྟོག་པའི་ཉམས་སྔར་གོ་མྱོང་བ་རྣམས་དང་ཚིག་ཏུ་འདྲ་ལ། དོན་ལ་རྩལ་ཆེ་ཞིང་བརྟན་པས་མི་འདྲ་བའི་ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་སྐྱེས་ཏེ། གེགས་ལས་གྲོལ་ནས་སྐྱོན་རྣམས་ཡོན་ཏན་དུ་ངོ་འཕྲོད། རྣམ་རྟོག་ཏུ་བཟུང་བ་ཆོས་སྐུར་ཤར་བས། སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་དུ་གོ་ཞིང་། ”P163 ཞེས་པས་རྟོགས་ནུས་ལ། རྗེ་རང་ཉིད་ཀྱི་མགུར་ལས། རི་ལ་སྒོམ་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །འཚང་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། །ཞེས་གསུངས་པ་བཞིན། གནས་སྐབས་འདི་འདྲར་སྒོམ་ཆེན་པར་འཚོ་བ་སྦྱོར་མཁན་རྣམས་ནི་ཆོས་འཇིག་རྟེན་གྱི་ཕྱོགས་གང་གི་ཐད་ནས་ཀྱང་ཁྱད་དུ་འཕགས་པའི་སྐྱེ་བོ་དག་ཏུ་མཐོང་ངོ་།། རྗེ་རང་ཉིད་ཀྱིས་ཀྱང་མཛེས་སེས་ཁོང་ལ་བཅངས་པའི་མཛའ་སེམས་དུས་ནམ་ཡང་བརྗེད་པ་མེད་པའི་གསུང་མགུར་ཞིག་ནི། “དེ་རྗེས་རི་ལ་སྒོམ་པའི་ཚེ།།

        ཕྱི་ཐག་ཅན་གྱི་མཛེས་སེ་དེས།།

        མ་ཕོད་བརྩེ་བས་འཕྲད་དུ་བྱུང་།།

        བློ་དང་འཚམས་པའི་སྙིང་གཏམ་གྱིས།།

        སྡུག་བསྔལ་ཅན་ལ་སེམས་གསོ་བཏང་།།

        རོ་བཅུད་ལྡན་པའི་ཁ་ཟས་ཀྱིས།།དབུལ་ཕོངས་བདག་གི་བཀྲེས་སྐོམ་བསལ། །”P182 ཞེས་པ་འདི་ཡིན་ཞིང་། ནམ་རྒྱུན་གསང་སྔགས་ཀྱི་ཆོས་པ་ཚོའི་མི་ཚེའི་ནང་འཚོ་བ་མཁའ་འགྲོས་སྦྱོར་ཞེས་པ་ཞིག་ཡོད་པ་དེ་ཡང་དངོས་མེད་མཁའ་ལ་རྒྱུ་བའི་ཌྰ་ཀིའི་ཚོགས་གཅིག་པོར་གོ་རྒྱུ་མ་ཡིན་པར། མི་མོའི་གཟུགས་ཀྱི་མཚན་ལྡན་མ་འདི་འདྲར་གོ་ན་ལོས་ཆོག་བསམ་མོ།།

        ༥ མར་པའི་གསང་ཡུམ་བདག་མེད་མ།

        ཡུམ་བདག་མེད་པ་འདི་ཉིད་ཀྱི་བྱ་སྤྱོད་ལས་བླ་མ་མཚན་ལྡན་ཞིག་ལ་ངེས་པར་དུ་ཡོད་དགོས་པའི་རིག་མ་ཚད་ལྡན་ཞིག་གི་སྣང་བརྙན་གསོན་པོ་ཞིག་མཇལ་དུ་ཡོད་ཅིང་། བླ་མ་ལ་བཀུར་ཅིང་འཁོར་གཡོག་ལ་བྱམས་པ། རང་གི་བུ་ཕྲུག་ལ་བརྩེ་བའི་ངང་ཚུལ་རྣམས་རྗེ་མར་པ་དང་མི་ལའི་རྣམ་ཐར་གཉིས་ཀའི་ནང་གཟུགས་ཅན་བཞིན་བསྟན་ཡོད་པ་དང་། ས་ཐག་རིང་ནས་དམ་པའི་ཆོས་ཀྱི་སྐོམ་པས་གདུངས་ཏེ་ཡོང་བའི་མི་ལ་རས་པ་ལྟ་བུའི་སློབ་མ་ལག་སྟོང་མཆན་ལ་བཙུར་པ་རྣམས་དང་རྔོག་ཆོས་སྐུ་རྡོ་རྗེ་ལྟ་བུའི་མཚན་སྙན་དང་དཔལ་འབྱོར་རྒྱས་པའི་སློབ་མ་མི་ཆེན་རྣམས་ལ་གཅིག་མཚུངས་སུ་གཟིགས་ཐུབ་པའི་ཁྱད་དུ་འཕགས་པའི་མི་གཤིས་ལྡན་ལ། རང་གི་བུ་དར་མ་མདོ་སྡེ་རྟས་བརྡབས་ཏེ་གྲོངས་རྗེས་བུ་དང་ཤི་བྲལ་བྱུང་བའི་སྡུག་བསྔལ་ལ་མ་བཟོད་པར་བུའི་པུར་ཁང་གི་མེ་ནང་དུ་མཆོངས་གྲབས་བྱས་པ་ལྟ་བུ་བརྩེ་བ་མཚོ་ལས་ཟབ་པའི་འཇིག་རྟེན་གྱི་མ་ཡུམ་རླབས་པོ་ཆེ་དག་གི་དཔེ་མཚོིན་དུ་བགྲང་རུང་བ་དང་། མར་པ་ལྟ་བུའི་ཐུགས་རྒྱུད་གཏུམ་པའི་བླ་མ་ཞིག་གི་སྐུ་ཚེ་གང་བོའི་གསང་ཡུམ་གནང་སྟེ་ཆོས་སྤྱོད་ཀྱི་ཕྱག་ལས་རྒྱ་ཆེན་པོའི་སྡོང་གྲོགས་མཛད་ཐུབ་པའི་དཀྱེལ་ཡངས་ཀྱི་བསམ་བློ་བ། རྗེ་མི་ལ་རས་པ་མར་པའི་དྲུང་དུ་བཞུགས་པའི་ལོ་ངོ་མང་པོའི་རིང་ཉི་མ་གཅིག་བཞིན་དུ་བྱམས་བརྩེས་བསྐྱངས་པའི་ཨ་མ་གཉིས་པ་ལྟ་བུ་ཞིག་ཡིན།

        དེ་མཚུངས་སུ་རྗེ་མི་ལས་ཀྱང་། “བླ་མའི་ཞལ་ནས། ཁྱོད་ཀྱིས་སྤེའུ་ལག་ངར་ཙམ་ཞིག་བརྩིགས་པ་ལ། ངས་རྒྱ་གར་ནས་དཀའ་ལས་བྱས་པའི་དབང་དང་གདམས་ངག་མི་ཐོབ། དབང་ཡོན་ཡོད་ན་ཁྱེར་ཤོག དེ་མིན་གསང་སྔགས་ཟབ་མོའི་དབང་གྲལ་དུ་མ་སྡོད་གསུངས། འགྲམ་ལྕག་བརྒྱབ། སྐྲ་ནས་བཟུང་ཕྱིར་བཏོན་པས། ད་ལྟ་རང་ཤི་ན་དགའ་བ་ལ་བསམ་མཚན་ཐོག་ཐག་ཏུ་ངུ་ཞིང་བསྡད། དེ་དུས་ཡུམ་བྱོན་ནས། བླ་མ་ཁོང་ངས་རྒྱ་གར་ནས་བླངས་པའི་ཆོས་འདི་རྣམས་སེམས་ཅན་ལ་ཕན་དུ་རེ་ནས་བླངས་པ་ཡིན་གསུངས། སྐུ་མདུན་དུ་ཁྱི་གཅིག་བྱུང་རུང་། ཆོས་གསུང་ཞིག་མཇུག་བསྔོ་བས་སྡུད་པ་ཞིག་འདུག་པ་ཡིན་ཏེ། ཁྱོད་ཐུགས་ལ་མི་འདོགས་པ་འདི་ཅི་ཡིན་མི་ཤེས་པར་འདུག འོན་ཀྱང་ལོག་ལྟ་མ་སྐྱེས་པ་གྱིས་གསུངས། སེམས་གསོ་མཛད། ་་་ ་་་ ཡུམ་གྱིས་དུས་རྒྱུན་དུ་ཟ་མ་ལ་བྱ་ན་མ་ཆག་པ་དང་། ཆང་བཟི་བེར་རེ་བ་རྒྱུན་དུ་གནང་ནས་སེམས་གསོ་བཏང་བྱམས་པོ་རང་མཛད། ” P67-P68 ཅེས་དང་། “ངས་མཐུ་བཏང་ནས་མི་མང་པོ་བསད། སེར་བས་ལོ་མང་པོ་བཅོམ་པའི་རྣམ་སྨིན་ཡིན་ནམ། ཆོས་ཡེ་མི་འོང་བ་མཁྱེན་པ་ཡིན་ནམ། བླ་མ་ཐུགས་རྗེ་ཆུང་ནས་མི་གནང་བ་ཡིན་ནམ། གང་ནའང་ཆོས་མེད་པའི་མི་ལུས་སྡིག་གསོག་པ་འདིས་ཅི་བྱེད། ལྕེབ་བམ་ལྕེབ་བམ་སྙམ་པའི་ཚེ། ཡུམ་གྱིས་ཚོགས་སྐལ་གཅིག་བསྐྱལ། སེམས་གསོ་མང་པོ་མཛད་ནས་སོང་རུང་། … … དེའི་དུས་ངའི་ཚང་ར་ལ་རྒལ་རྨ་གཅིག་བྱུང་སྟེ། སྒལ་མིག་གསུམ་ག་ནས་རྣག་ཁྲག་འཛག་པ་དང་། རྒྱབ་རྨ་རུ་སོང་བ་ཡུམ་ལ་གཟིགས་ཕུལ་ཏེ། མཁར་གྲུ་བཞི་འགྲམ་འདིེང་དུས་ཀྱི་ཞལ་བཞེས་རྣམས་བསྙེལ་གསོས་ནས། ཆོས་དྲན་དྲགས་ཆོས་ཞུ་གྲོགས་སུ་སྦྲན་པས། ཡུམ་གྱིས་ལེགས་པར་གཟིགས་ནས་སྤྱན་ཆབ་བསིལ་ཏེ། ངས་བླ་མ་ལ་ཞུ་གསུངས།” P69 ཡང་། “ཡུམ་གྱི་ཞལ་ནས། རྨ་དང་རྒལ་བ་རྣམས་མ་སོས་བར་ལས་མ་བྱེད་པར་སྡོད་གསུངས། སྡོད་པའི་བར་ལ་ཟ་མ་བཅུད་ཆེ་ལ་བཟའ་ཆེ་བ་གནང་བྱུང་བས་ཞག་འགའ་ཆོས་མ་ཐོབ་པའི་སེམས་ལས་མིན་པ་སྐྱིད་དུ་ཚོར་བ་བྱུང་།”P71 གོང་དུ་དྲངས་པའི་ལུང་འདི་དག་ལས་བླ་མ་མར་བའི་ཡུམ་བདག་མེད་མས་མི་ལ་རས་པར་བྱམས་སྐྱོང་ཅི་ཙམ་མཛད་ལུགས་ཀྱི་ཟུར་ཞིག་མཐོང་ཐུབ།

        གཤམ་དུ་ཡུམ་བདག་མེད་མས་མི་ལ་རས་པས་བླ་མའི་དྲུང་ནས་ཆོས་ཐོབ་ཆེད་ཐབས་ཤེས་འདྲ་མིན་འཐེན་པ་རོབ་ཙམ་ངོ་སྤྲོད་བྱས་ན། “ བླ་མ་རིན་པོ་ཆེ། མཐུ་ཆེན་གྱིས་འདི་ཙམ་གྱི་མཁར་ལས་བྱས་པས་ཡན་ལག་ཐམས་ཅད་རྨ་དང་སེར་གར་སོང་། རྒྱབ་ལ་རྒལ་མིག་གསུམ་བྱུང་ནས་རྣག་ཁྲག་བསམ་གྱིས་མི་ཁྱབ་པ་འཛག་གིན་གདའ། ཞེས་པ་ནས། ཁོ་སྙིང་ཡང་རྗེ་བར་གདའ། ད་བུ་འདི་ལ་ཆོས་ཤིག་གནང་བར་ཞུ”P69 ཞེས་དང་། “ཡུམ་གྱི་ཞལ་ནས། ད་རང་རེ་གཉིས་ཆོས་ཐོབ་པའི་ཐབས་ཤིག་བྱེད་གསུངས། ”P71 “ཡུམ་དང་གྲོས་ཡོད་པ་དང་། བླ་མ་ཟིལ་ཆེ་བས་ཟིལ་མ་བཟོད་པར་ནང་དུ་ལོག་ནས་ངུ་ཞིང་བསྡད་པས། ཡུམ་གྱི་ཞལ་ནས་རེ་ཞིག་ཐབས་ཅི་བྱས་རུང་། བླ་མས་ཁྱོད་ལ་ཆོས་མི་གནང་བར་འདུག་སྟེ། འོན་ཀྱང་ནམ་ཞིག་གནང་བ་ཞིག་ཅིས་ཀྱང་འོང་།”P72 “ཡུམ་གྱི་ཞལ་ནས། ཡབ་མཁར་ལས་ཀྱི་ཞབས་ཏོག་འདི་ཙམ་གྱིས་མི་ཆོག་པར་ནོར་རང་ལ་དགྱེས་ན། ད་ལན་འབུལ་བ་ཕུལ་ཏེ། དབང་ཐོབ་རང་ཐོབ་པ་ཞིག་བྱེད་པས། འདི་ཕུལ་ལ་སྔོན་ལ་ཁྱོད་རང་གིས་ཞུས་ཤིག མ་གནང་ན་ངས་ཞུ་ཡིས་གསུངས། ཡུམ་རང་གི་ཕ་ནོར་གྱི་གཡུ་དྲུག་དཀར་ཆེ་ལ་ལེགས་པ་ཞིག་གནང་བ་དེ་ཕུལ་ནས།”P73 “སྡུག་དྲགས་ལྕེབ་དགོས་སྙམ་ཡོད་ཚེ། ཡུམ་ཡང་སྤྱན་ཆབ་འདོན་བཞིན་བྱུང་ནས། མཐུ་ཆེན་སེམས་སྡུག་པོ་མ་བྱེད་ཅིག ཁྱོད་པས་ཤ་ཚ་བ་དང་སྙིང་ཉེ་བའི་སློབ་མ་མི་འོང་བས། བླ་མ་གཞན་ལ་ཆོས་ཞུ་རུང་ངས་མཇལ་བའི་མཐུན་རྐྱེན་བྱས་ནས་ཆོས་རྒྱགས་དང་འབུལ་བ་ཡང་སྦྱིན་གྱིས་གསུངས་ནས་སེམས་གསོ་མཛད། སྔར་ཡིན་ན་ཚོགས་འཁོར་ཅི་བྱེད་ཀྱི་གྲལ་ལ་ཡུམ་བཞུགས་དགོས་པ་ལ། དེའི་ནུབ་མོ་ང་མཚན་ཡལ་ངུ་བའི་ཟླ་ལ་བཤུམས་ཤིང་བཞུགས”P74-P75 ཞེས་པ་འདིས་ང་ཚོའི་སྙིང་སྲ་མོ་རྡོ་འདྲ་བ་འདི་དག་ཀྱང་གས་ཆག་ཏུ་གཏོང་ཐུབ་ཅིང་། བླ་མའི་རིག་མ་ཞིག་ལ་ཡུམ་བདག་མེད་པ་འདི་འདྲ་ཞིག་ས་སྟེང་ན་དཀོན་པའི་ཚོད་ཙམ་དུ་ངེས་པར་མཐོང་ཡོང་། དེ་བཞིན་མི་ལ་རས་པའི་ཆོས་ཀྱི་གདུང་བ་སེལ་ཆེད་བདག་མེད་མ་རང་གིས་རྡོ་རྗེ་ཕག་མོའི་སྒོམ་བཟླས་གནང་བ་དང་། ཡུམ་རང་གི་ཕ་ནོར་གྱིས་མཚོན་པའི་འབུལ་བ་འདྲ་མིན་འབུལ་དུ་བཅུག་པ། མཐའ་མར་ཡུམ་ཉིད་འུ་ཐུག་ཐབས་ཟད་དུ་གྱུར་ཏེ་ནྰ་རོ་བའི་སྐུ་རྒྱན་ཡན་ཆད་ལྐོག་ཏུ་མི་ལ་རས་པར་རྔོག་ཆོས་སྐུ་རྡོ་རྗེར་འབུལ་མཚོན་དུ་བསྐུར་པ་སོགས་བློའི་ཡུལ་དུ་ཤོང་དཀའ་བའི་བརྩེ་གཟིགས་གནང་བ་དང་། རྗེ་མར་པས། “ལར་རང་ངའི་བུ་འདི་ལ་ཡི་ཆད་ཆེན་པོ་ལན་དགུ་ཐོངས་ན། ཕྱིས་མི་ལུས་ལེན་མི་དགོས་པར་ཕུང་པོ་ལྷག་མེད་དུ་སངས་རྒྱ་བ་ཞིག་ཡོད་པ་ཡིན་ཏེ། དེ་ལྟར་མ་བྱུང་བས་སྡིག་སྒྲིབ་ཀྱི་ལྷག་མ་ཅུང་ཟད་ཅིག་ལུས་པ་བདག་མེད་པ་བློ་ཆུང་བས་ལན།”P95 གསུངས་པ་འདི་ཡང་མི་ལ་རས་པ་ཆོས་ཀྱི་འདོད་པས་གདུངས་དྲགས་པ་དང་ཡུམ་བདག་མེད་མས་མི་ལ་རས་པ་སྙིང་རྗེ་དྲགས་པའི་འབྲས་བུ་ཞིག་ལས་གཞན་མི་ལེགས་པ་གང་ཡང་མིན།

        རྗེ་མི་ལས་རས་པས་ཀྱང་ཡུམ་འདི་ཉིད་ཀྱི་བཀའ་དྲིན་སྙིང་དབུས་སུ་བཅངས་ཏེ། “གང་ལྟར་ནའང་ཆོས་འཚོལ་བའམ་ནོར་འཚོལ་བ་གང་རུང་ཞིག་ལ་འགྲོ་དགོས་པར་འདུག བླ་མའི་ཕྱེ་ཁྱེར་རུང་ཐུགས་ཁྲེལ་བ་ལས་མི་འོང་སྙམ། ང་རང་གི་དཔེ་ཆ་རྣམས་ཁྱེར་ཏེ། ཡུམ་ལ་ཡང་མ་ཞུས་པར་ཐོན་ཕྱིན་པས། ལམ་བར་ནས་ཡུམ་གྱི་བཀའ་དྲིན་དྲན་ནས་ཤིན་ཏུ་འཕྲེང་བ་ཞིག་བྱུང་། ”P76 ཞེས་དང་། མི་ལ་རས་པས་རྗེ་མར་པའི་དྲུང་དུ་དཀའ་སྤྱད་ཀྱི་འབྲས་བུ་ཚེ་གཅིག་འཚང་རྒྱ་བའི་དབང་དང་གདམས་ངག་རྣམས་ཐོབ་སྟེ་རང་ཡུལ་དང་རི་ཁྲོད་དུ་སྒོམ་ལ་འབྱོན་རན་ཁར། རྗེ་མར་པ་ཡུམ་དང་འབྲལ་ཁའི་གདུང་བ་ཅི་བྱུང་ནི། “དེར་བླ་མའི་ཞལ་ནས་བདག་མེད་མ། ནངས་པར་མི་ལ་རྡོ་རྗེ་རྒྱལ་མཚན་འགྲོ་བའི་གྲབ་གྱིས། ཡིད་སྐྱོ་མོ་ཞིག་འོང་རུང་སྐྱེལ་མ་ལ་འགྲོ་དགོས་གསུངས། ང་ལ་བུ་ཁྱོད་དོ་ནུབ་ངའི་སར་ཉོལ། ཕ་བུ་གླེང་མོལ་བྱེད་པ་ཡིན་གསུངས། ང་རང་བླ་མའི་དྲུང་དུ་ཉལ་བས། དེར་ཡུམ་ཡང་ཕེབས་བྱུང་སྟེ། ཐུགས་སྐྱོ་བའི་ཉམས་མང་པོ་མཛད་ཅིང་བཤུམས་པས།”P123 ཞེས་དང་། “དེ་ནས་ཡུམ་གྱིས་ལམ་ཆས་བཟང་པོ་དང་གོས་ལྷམ་སོ་མ་རྣམས་གནང་སྟེ། བུ་འདི་རྣམས་ཟང་ཟིང་གི་རྫོངས་མཚོན་པ་ཡིན། འདི་འོ་ཅག་མ་བུ་གཉིས་ཀྱི་ཚེ་འདིའི་འབྲེལ་ཐག་གི་མཇུག་མ་གྱིས། བུ་དགེ་ལེགས་ཕུན་ཚོགས་ཀྱི་ངང་ནས་བཞུད་པར་ཞུ། ཕྱི་མ་ཨུ་རྒྱན་མཁའ་སྤྱོད་དུ་མཇལ་བའི་སྨོན་ལམ་འདེབས། ཆོས་ཀྱི་རྫོངས་ལ་ཨ་མའི་སྙིང་གཏམ་འདི་རྣམས་ཀྱང་མ་བརྗེད་པ་གྱིས་ཤིག་གསུངས།”P128 གོང་གི་ཚིག་ཕྲེང་འདི་དག་གིས་རྗེ་མི་ལ་རས་པ་དང་ཡུམ་བདག་མེད་མ་གཉིས་ལོ་ངོ་དུ་མའི་རིང་བླ་མ་མར་པའི་དྲུང་དུ་སྐྱིད་སྡུག་གི་འཚོ་བར་རོལ་རྗེས། མཐའ་མར་འདུས་བྱས་མི་རྟག་པའི་ངང་ཚུལ་དང་འགྲོགས་ཏེ་ཞལ་གྱེས་དགོས་བྱུང་བའི་སྣང་བརྙན་དེ་མངོན་པར་མཚོན་ཞིང་། རྩོམ་པ་པོ་ཁོ་བོར་མཚོན་ན་ཡང་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་མ་གསང་ཡུམ་ཅན་འགའ་རེའི་དྲུང་དུ་ལོ་ཟླ་དུ་མར་སྡོད་མྱོང་བས། གསང་ཡུམ་དེ་ཚོ་དང་ཡུམ་བདག་མེད་མ་བསྡུར་ནས་དཔྱད་ན་ད་གཟོད་རིག་མ་མཚན་ཉིད་དང་ལྡན་པ་ཞེས་པ་དེའི་གོ་དོན་ཡང་རྟོགས་ཐུབ་ཀྱིན་འདུག་གོ།

        རྗེ་མི་ལ་མར་པ་དང་ཡུམ་བདག་མེད་པར་ཞལ་གྱེས་ནས་རི་ཁྲོད་དུ་སྒོམ་སྒྲུབ་ལ་བྱོན་པའི་རྗེས་ཀྱི་ལོ་ཟླ་རིང་མོའི་ནང་དུ། ཁོང་གིས་དུས་རྟག་ཏུ་བཀའ་དྲིན་ཅན་གྱི་བླ་མ་མར་པ་དང་བརྩེ་གདུང་ཟབ་པའི་ཡུམ་ཆེན་བདག་མེད་མ་རྣམ་གཉིས་དྲན་པའི་མགུར་མང་པོ་བཞེས་ཤིང་། དེའི་དཔེར་མཚོན་ཞིག་ནི།

        “གནས་ཆེན་གྲོ་བོ་ལུང་གི་དགོན་པ་ན།།

        རྡོ་ཆེན་ཨ་མོ་ལི་ཀའི་ཁྲི་སྟེང་ན།།

        གདན་ཁྲི་སྙན་ས་ལེའི་པགས་སྟེང་ན།།

        དེ་ན་སུ་བཞུགས་སུ་མི་བཞུགས།།

        དེ་ན་སྒྲ་སྒྱུར་མར་པ་བཞུགས།།

        དུས་ད་ལྟ་བཞུགས་ན་དགའ་བ་ལ།།

        ང་མོས་གུས་ཆུང་ཡང་མཇལ་སྙིང་འདོད།།

        གདུང་སེམས་ཆུང་རུང་མཇལ་སྙིང་འདོད།།

        ང་བསམ་ཞིང་མཚན་ལྡན་བླ་མ་དྲན།།

        སྒོམ་ཞིང་མར་པ་ལོ་ཙྰ་དྲན།།

        ཡུམ་མ་ལས་ལྷག་པའི་བདག་མེད་མ།།

        དུས་ད་ལྟ་བཞུགས་ན་དགའ་བ་ལ།།

        ས་སྐོར་ཐག་རིང་ཡང་མཇལ་སྙིང་འདོད

        ལམ་བགྲོད་པར་དཀའ་ཡང་མཇལ་སྙིང་འདོད།།།།”P197 ཅེས་གསུངས་པ་འདིས་ངོ་འཕྲོད་ཐུབ་ཅིང་། སྤྱིར་ན་ཡུམ་བདག་མེད་མ་འདི་བླ་མ་ལ་དག་སྣང་དང་ཆོས་ལ་གོ་རྟོགས། བུ་སློབ་ལ་བརྩེ་གདུང་སོགས་ཁྱད་དུ་འཕགས་པའི་རྣལ་འབྱོར་མ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་མཐའ་དག་མ་ཚང་བ་མེད་ཅིང་། རྗེ་མར་པ་ལྟ་བུའི་གསང་སྔགས་ཀྱི་རྣལ་འབྱོར་བ་ཆེན་པོའི་ཕྱག་རྒྱ་མ་ཡང་ཡིན་པས། ནང་གི་རྟོགས་པ་ཡང་མཐའ་རུ་ཕྱིན་པའི་རྟགས་སུ། ནམ་ཞིག་རྗེ་མར་པ་ཞིང་ཁམས་གཞན་དུ་གཤེགས་ལ་ཉེ་དུས། བདག་མེད་མ་ད་སྤྲུལ་པ་སྡུས་ཤིག་གསུངས་པ་ཙམ་གྱིས། ཡུམ་བདག་མེད་མ་འོད་ཀྱི་ཐིག་ལེ་ཞིག་ཏུ་གྱུར་ནས་རྗེ་མར་པའི་ཐུགས་ཀར་ཐིམ་ཚུལ་མར་པའི་རྣམ་ཐར་དུ་གསལ་བས། མཚན་ལྡན་གྱི་མཁའ་འགྲོ་མ་འདི་ལྟ་བུའི་མཚན་ཙམ་ཐོས་པས་ཀྱང་ངན་སོང་གི་སྒོ་ཁེག་པར་ངེས་སོ།།

        ༦ ལིང་པ་བྲག་གི་སྲིན་མོ།

        རྗེ་བཙུན་མི་ལ་རས་པར་དངོས་ཡོད་འགྲོ་བ་མིའི་སློབ་མ་བརྒྱ་སྟོང་ཡོད་ཅིང་། དངོས་མེད་ལྷ་དང་འདྲེའི་སློབ་མ་ཡང་མང་པོ་ཞིག་བྱུང་འདུག དེ་དག་ལ་མང་པོ་ཞིག་གིས་དང་པོར་ཁོང་གི་རྟོགས་པའི་གདེང་ཚོད་དམ་དྲོད་ཚད་ཉུལ་ཅིང་། བར་དུ་ཁོང་དང་ལྷན་དུ་དམ་པའི་ཆོས་ཀྱི་དྲི་བ་དྲི་ལན་བྱས། མཐའ་མར་ཞབས་སྤྱི་བོར་བླངས་ཏེ་བཀའ་སྡོད་དང་སློབ་མར་ཁས་བླངས་འདུག ལིང་པ་བྲག་སྲིན་མོ་ཞེས་འདི་ཡང་དེ་ཚོའི་གྲས་ཀྱི་གཅིག་ཡིན་ལ། ལིང་པ་བྲག་ཅེས་པ་ནི་རྗེ་མི་ལ་རས་པ་སྒོམ་ལ་བཞུགས་མྱོང་སའི་བྲག་རི་ཞིག་གི་མིང་དང་། སྐབས་འདིའི་སྲིན་མོ་ནི་བྲག་དེ་ལ་གནས་པའི་གཞི་བདག་མོ་ཞིག་གི་མིང་ཚབ་རེད། རྗེ་བཙུན་མི་ལས།

        “ལར་ཐམས་ཅད་སེམས་སུ་མ་ཤེས་ན།།

        རྣམ་རྟོག་གི་འདྲེ་ལ་ཟད་པ་མེད།།

        སེམས་ཉིད་སྟོང་པར་མ་རྟོགས་ན།།

        འདྲེ་ལོག་གིས་བཟློག་པར་ཅང་གདའ་འམ།།”P230

        ཞེས་གསུངས་པའི་ལན་དུ་བྲག་སྲིན་མོས།

        “ཁྱོད་རྩེ་གཅིག་བསམ་གཏན་སྒོམ་པའི་ཚེ།།

        བག་ཆགས་མཐུག་པོས་རྒྱུ་བྱས་ཏེ།།

        རང་སེམས་འཁྲུལ་བའི་ཉེར་ལེན་གྱིས།།

        རྣམ་རྟོག་དགྲ་རུ་མ་ལངས་ན།།

        ང་བྲག་སྲིན་དགྲ་རུ་ཅི་ལ་ལྡང་།།

        ལར་བག་ཆགས་བདུད་འདི་སེམས་ལས་བྱུང་།།

        སེམས་ཀྱི་དེ་ཉིད་མ་ཤེས་ན།།

        ཁྱོད་སོངས་ཤིག་བྱས་པས་ང་མི་འགྲོ།

        རང་སེམས་སྟོང་པར་མ་རྟོགས་ན།།

        འདྲེ་ང་བས་མི་ཚད་གཞན་ཡང་ཡོད།།

        རང་སེམས་རང་གིས་ངོ་ཤེས་ན།།

        མི་མཐུན་རྐྱེན་རྣམས་གྲོགས་སུ་འཆར།།”P232

        ཞེས་ལན་བཏབ་པ་འདི་ཡི། མདོ་རྒྱུད་བསྟན་བཅོས་དུ་མ་ལས་གསུངས་པ་དང་ཤིན་ཏུ་མཐུན་ཅིང་། དེ་ལ་དགོངས་ནས་རྗེ་མི་ལས་ཀྱང་། “ཁྱོད་བདེན་ནོ་བདེན་ནོ་འདྲེ་མོ་ངན།།

        ཚིག་དེ་བས་བདེན་པ་ཡོད་རེ་སྐན།།

        ང་སྔོན་ཆད་རྒྱལ་ཁམས་འགྲིམས་འགྲིམས་ནས།།

        གླུ་དེ་བས་སྙན་པ་ཐོས་མ་མྱོང་།།

        མཁས་པ་བརྒྱ་ཡི་ཞལ་བསྡུར་ཡང་།།

        དོན་དེ་ལས་ལྷག་པ་ཡོད་མི་སྲིད།།

        འདྲེ་ཁྱོད་ཀྱི་ཁ་ནས་ལེགས་བཤད་བྱུང་།།

        ལེགས་བཤད་གསེར་གྱི་ཐུར་མ་དེ།།

        མི་ཁོ་བོའི་རྣམ་ཤེས་སྙིང་ལ་བརྒྱབ།།

        ནང་དངོས་པོར་འཛིན་པའི་སྙིང་རླུང་བསལ།།

        མ་རིག་འཁྲུལ་བའི་མུན་ནག་སངས།།

        བློ་པདྨ་དཀར་པོ་ཁ་ཡང་ཕྱེས།།

        རང་རིག་གསལ་བའི་སྒྲོན་མེ་སྦར།།

        དྲན་པའི་ཡེ་ཤེས་ཏུར་གྱིས་སད།།”P232-P233

        ཅེས་པའི་གདེང་འཇོག་བློ་ཡུལ་ལས་འདས་པ་ཞིག་གནང་ཡོད་ཅིང་། བྲག་སྲིན་མོའི་གླུ་ཚིག་འདི་ལ་བརྟགས་ཤིང་དཔྱད་ན། བྲག་སྲིན་ལུས་ལ་མཁས་པའི་སེམས་ལྡན་ཞིག་དང་། རྣལ་འབྱོར་བའི་རྟོགས་པའི་མེ་དཔུང་སྦར་བའི་མཁའ་འགྲོ་ཞིག་ཀྱང་ལོས་ཡིན་བསམས། སྔོན་ཆད་བཀླགས་པའི་བླ་མའི་ལོ་རྒྱུས་ལས་བོད་ཀྱི་གཞི་བདག་མོ་གང་མང་ཞིག་གིས་སྒྲུབ་པ་པོ་ཚད་ལྡན་དག་ལ་དངོས་གྲུབ་ཐན་ཐུན་སྦྱིན་པ་མང་མོད། བྲག་སྲིན་མོ་བཞིན་སེམས་ཀྱི་རང་བཞིན་ནམ་དེ་ཉིད་གླུ་རུ་ལེན་མཁས་པའི་གཞི་བདག་མོ་གཞན་ཞིག་ད་བར་རྙེད་མ་བྱུང་།

        ཡིན་ཡང་རྗེ་མི་ལས།

        “ཁྱོད་དེ་ཙམ་ལེགས་བཤད་ཤེས་ཤེས་ནས།།

        སེམས་ཀྱི་དེ་ཉིད་གོ་གོ་ནས།།

        ད་ལྟ་ལུས་ངན་འདྲེ་མོར་སྐྱེས།།

        ལས་ངན་གནོད་ཅིང་འཚེ་བར་བྱེད།།

        དེ་རྒྱུ་འབྲས་ཁྱད་དུ་བསད་པས་ལན།།

        ད་ཡང་འཁོར་བའི་ཉེས་དམིགས་སོམས།།

        ལས་མི་དགེ་བཅུ་པོ་གཏན་ནས་སྤོངས།།”P233

        ཞེས་གསུངས་པར་གཞིགས་ཤིང་།

        བྲག་སྲིན་མོས།

        “ང་པདྨ་ཐོད་ཕྲེང་རྒྱུད་པ་འཛིན།།

        དམ་ཆོས་ཚིག་གི་ཕྲེང་བ་ཉན།།

        ཚིག་ཐོས་པ་ཡོད་ཀྱང་ཞེན་པ་ཆེ།།

        ང་རྣལ་འབྱོར་ཡོངས་ཀྱི་ཚོགས་ཁང་འགྲིམས།།”P234

        “འགྲོ་བ་སེམས་ཅན་ཐམས་ཅད་ལ།།

        ཕན་ཡང་བཏགས་ཏེ་གནོད་ཀྱང་བསྐྱལ།།”P236 ཅེས་སོགས་ལས། བྲག་སྲིན་མོས་སྔོན་སློབ་དཔོན་པདྨ་འབྱུང་གནས་ཀྱི་དྲུང་ནས་མནའ་ཆུ་འཐུངས་ཤིང་དམ་ཚིག་བླངས་པ་ཞིག་ཡིན་ཡང་། འཕྲལ་གྱི་སེམས་མགོ་མ་ནོན་པར་ཆོས་མཛད་རྣམས་ལ་གླགས་འཚོལ་བའི་སྟ་གོན་རྩོམ་པ་དང་། རང་རེའི་བོད་ཀྱི་གཞི་བདག་མི་མ་ཡིན་པ་ཚོའི་བྱ་སྤྱོད་ཀྱི་ཟུར་ཞིག་ཀྱང་རང་ཤུགས་ཀྱིས་མངོན་ཡོང་བ་དང་། སྔོན་གྱི་བག་ཆགས་བཙན་པོའི་མཐུ་ཡིས་སླར་ཡང་དགེ་འབྲས་སད་དེ་གཟུགས་མེད་ཀྱི་རྣལ་འབྱོར་མ་ཞིག་ཏུ་གྱུར་པ་རྟོགས་ནུས། སྐབས་འདིར་རྩོམ་པ་པོ་རང་ཉིད་ལ་མཚོན་ན་ཡང་ཆོས་དྲེད་ཆོས་ཀྱིས་མི་ཐུལ་བའི་དཀོར་ཟན་རྫུ་བག་ཅན་ཞིག་ཡིན་པའི་ངང་ཚུལ་སྦས་སུ་མེད་པ་ཡང་དྲན་ཡོང་ངོ་།། ལིང་པའི་བྲག་སྲིན་མོ་འདི་ཡང་རྗེ་བཙུན་གྱི་མི་མ་ཡིན་པའི་ཕྱག་རྒྱ་མའི་གྲས་ཤིག་ཡིན་པ་གཤམ་དུ་བཀྲ་ཤིས་ཚེ་རིང་མའི་སྐབས་སུ་བརྗོད་པར་བྱའོ།།

        ༧ ཇོ་མོ་བཀྲ་ཤིས་ཚེ་རིང་།

        རྗེ་བཙུན་མི་ལ་རས་པར་མི་མ་ཡིན་པའི་གདུལ་བྱ་གྲངས་ལས་འདས་པ་ཞིག་ཡོད་པའི་ཁྲོད་ནས། ཚེ་རིང་མཆེད་ལྔ་དང་ཁྱད་པར་དུ་བཀྲ་ཤིས་ཚེ་རིང་མ་འདི་ཉིད་ཁྱད་པར་དུ་འཕགས་པ་ཞིག་རེད། རྣམ་ཐར་ལས་གསལ་བ་ལྟར་རྗེ་མི་ལ་དང་བཀྲ་ཤིས་ཚེ་རིང་མ་མཇལ་བའི་དུས་ཚོད་ནི་ཆུ་ཕོ་འབྲུག་གི་ལོའི་དབྱར་ཟླ་ར་བའི་ཡར་ངོའི་ཚེས་པ་བརྒྱད་དང་། མཇལ་ས་ནི་སྨན་ལུང་ཆུ་དམར་གྱི་སྒྲུབ་ཁང་ཡིན་ཞིང་། ཐོག་མར་ཚེ་རིང་མཆེད་ལྔས་ཞི་ཁྲོའི་གཟུགས་འདྲ་མིན་བསྟན་ཏེ་རྗེ་བཙུན་གྱི་བསམ་གཏན་ལ་ཐོག་རྒྱུགས་བྱས་པ་ནི། རྣམ་ཐར་ལས།

        “ཀེང་རུས་བཞད་པའི་བུད་མེད་ཅིག།

        རི་རབ་པང་དུ་འདེགས་པ་མཐོང་།།

        དམར་མོ་ཁྲག་འཛག་ཅེ་སྤྱང་གདོང་།།

        རྒྱ་མཚོ་ཧུབ་ཀྱིས་འདེབས་པ་མཐོང་།།

        རབ་འཇིགས་གཤིན་རྗེའི་གཟུགས་ཅན་མ།།

        ཉི་ཟླ་ཆ་ལང་རྡེབ་པ་མཐོང་།།

        སོལ་བའི་བུད་མེད་གད་རྒྱངས་ཅན།།

        གཟའ་སྐར་ཐང་ལ་འབེབ་པ་མཐོང་།།

        ཤིན་ཏུ་སྒེག་པ་ལྷ་མོའི་གཟུགས།།

        བལྟ་བས་མི་ངོམས་བུད་མེད་ཅིག།

        འཛུམ་ཞིང་བསླུ་བྲིད་བྱེད་པ་མཐོང་།།”P452-P453

        ཞེས་སྟོན་པ་ཤྰཀྱ་ཐུབ་པས་བྱང་ཆུབ་ཤིང་དྲུང་དུ་བདུད་བཏུལ་བའི་སྐབས་ཀྱི་སྣང་ཚུལ་དང་ཤིན་ཏུ་ཆ་འདྲ་བ་ཞིག་བྱུང་ཡོད་པ་དང་། ཚེ་རིང་མཆེད་ལྔས་ཀྱང་གོང་གི་བྲག་སྲིན་མོ་དང་འདྲ་བར། “ད་ཡང་རྣལ་འབྱོར་བ་ཁྱོད་ཡིད་འགྱུ་བ་ཕྱི་ནང་གི་འཕྲང་ཆོད་ལ་སེམས་ཉིད་མ་བཅོས་པའི་ངང་དུ་ཞོག་དང་། བར་ཆོད་ངེད་པས་ཚངས་པའི་འཇིག་རྟེན་མན་ཆོད་གཡོ་འགུལ་བྱུང་ཡང་། ཁྱོད་དཔའ་བཀོང་ཞིང་རྫི་བར་མི་ནུས་སོ། །”P461 ཞེས་བརྗོད་པར་གཞིགས་ན། བོད་སྟོད་ཕྱོགས་ཀྱི་གཞི་བདག་མང་པོ་ཞིག་ལ་སློབ་དཔོན་པདྨ་འབྱུང་གནས་སོགས་རྒྱ་བོད་ཀྱི་གྲུབ་ཆེན་མང་པོས་ཆོས་ཀྱི་གདམས་ངག་ཟབ་ཅིང་རྒྱ་ཆེ་བ་དུ་མ་ཞིག་བསྟན་ཡོད་པ་ཡང་ཞར་ལ་རྟོགས་ནུས་པར་འདུག་ཅིང་། ཁོང་ཚོས་ཞུ་དོན་གླུ་རུ་ཕུལ་བ་ལས་ཀྱང་། དོ་ནུབ་རྒྱ་གར་ཡུལ་དུ་འགྲོ །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་དུ་འགྲོ །ཞེས་པ་འདིས། ཁོང་རྣམས་ཤ་ཟ་མཁའ་འགྲོ་མ་གྲུབ་ཆེན་ཕོ་མོ་ཚོས་དུར་ཁྲོད་དུ་ཚོགས་ཀྱི་འཁོར་ལོ་བསྐོར་དུས་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཁ་བ་འབབ་པ་བཞིན་འཕུར་ཡོང་བ་དེ་ཚོའི་གྲས་སུ་གཏོགས་པ་ཡང་བརྗོད་འདུག རྗེ་བཙུན་གྱིས་ཚེ་རིང་མཆེད་ལྔར་གསུངས་པའི་དམ་པ་ཆོས་ཀྱི་ལེགས་བཤད་དག་གི་སྙིང་པོ་འདི།

        “ཁྱེད་བློ་དམན་རྣམས་ཀྱི་བསམ་པ་དང་།།

        བསྟུན་ནས་ཀུན་མཁྱེན་སངས་རྒྱས་ཀྱིས།།

        ཐམས་ཅད་ཡོད་ཅེས་གསུངས་པ་ཡིན།།

        དོན་དམ་བདེན་པའི་དབང་དུ་ནི།།

        བགེགས་པས་སངས་རྒྱས་ཉིད་ཀྱང་མེད།།”P482 ཅེས་པ་འདི་ནི་བདེན་གཉིས་ཀྱི་རྣམ་གཞག་རགས་པ་བློ་གྲོས་དམན་པ་ཚོས་ཀྱང་གོ་དོན་རྟོགས་ཐུབ་པ་ཞིག་ཡིན་ལ། རྗེ་རང་ཉིད་ཀྱིས་འཇིག་རྟེན་གྱི་མི་ལས་མི་མ་ཡིན་ཚོ་གདུལ་སླ་བ་འདུག་གསུངས་པ་ཡང་དེ་ཚོས་སྣང་བ་བསྒྱུར་ནུས་པའི་གྲུབ་ཐོབ་དུ་མར་མདོ་སྔགས་ཀྱི་ཆོས་ཐོས་ཤིང་རྒྱུད་སྦྱངས་ཏེ་བློ་གྲོས་ཆེ་བས་ཡིན་ངེས།

        འདིར་བཀྲ་ཤིས་ཚེ་རིང་མས་རྗེ་མི་ལ་རས་པར་བདེ་སྟོང་ཟུང་འཇུག་ཟབ་ལམ་གསང་སྔགས་ཀྱི་བདེ་བ་ཆེན་པོའི་ཕྱག་རྒྱའི་མཆོད་པ་ཕུལ་བའི་ཚུལ་ནི། ཚེ་རིང་མཆེད་ལྔས་རྗེ་བཙུན་ལ་ཉམས་སད་བྱས་པའི་འབྲུག་ལོའི་རྗེས་ཀྱི་གཉིས་པ་རྟ་ལོར། ཡུལ་མིའི་ཐབ་གསུར་གཞོབ་དྲི་སོགས་ཀྱིས་གཞི་བདག་བཀྲ་ཤིས་ཚེ་རིང་མར་མནོལ་གྲིབ་ཕོག་སྟེ་ཤིན་ཏུ་ན་བ་དང་། མོའི་ཁ་རླངས་ཡུལ་མིར་ཕོག་སྟེ་ནད་རིགས་མིང་མི་ཐོགས་པ་དུ་མས་ས་ཕྱོགས་དེའི་མི་རྣམས་ཧ་ཅང་མནར་སྐབས། ཚེ་རིང་མའི་ཕོ་ཉ་མོ་ཞིག་གིས་རྗེ་བཙུན་གངས་ཁྲོད་དུ་ཡོད་པའི་མོའི་ཕོ་བྲང་དུ་གདན་འདྲེན་ཞུས་ཤིང་། རྗེ་ཉིད་ཀྱིས་ཐུགས་བརྩེ་ཆེན་པོས་རིམ་གྲོ་མཛད་པའི་བཀའ་དྲིན་གྱིས་ཚེ་རིང་མའི་ལུས་ཀྱི་ན་ཚ་དང་སེམས་ཀྱི་གདུང་བ་ཞི་སྟེ། རྗེ་བཙུན་ཆེན་པོར་སྔར་ལས་ཀྱང་མོས་ཤིང་དད་གདུང་དྲག་པོས་རྗེས་སུ་བཟུང་སྟེ་གསང་སྔགས་ཀྱི་ཕྱག་རྒྱའི་མཆོད་པ་ཕུལ་བ་སྟེ།

        “ངོ་མཚར་ཆེའི་རྣལ་འབྱོར་པ།།

        བདག་ཅག་རྣམ་པ་ལྔ་བོ་འདི།།

        རྫུ་འཕྲུལ་ལུས་ཀྱིས་འདིར་ལྷགས་ཏེ།།

        སྙན་པའི་ཚིག་དང་འཇམ་པའི་ངག།

        ཅི་བདེར་རོལ་བའི་མཆོད་པ་འབུལ།།

        པད་ཅན་དུང་ཅན་རི་མོ་ཅན།།

        གླང་པོ་ཅན་དང་རྣམ་པ་བཞི།།

        བདག་ཅག་རྣམས་ལ་ལྡན་མི་ལྡན།།

        ལས་རྒྱ་ཞུས་ན་བཀས་གནང་ངམ།།

        དབབ་དང་བསྐྱིལ་དང་ཟློག་པ་དང་།།

        འགྲེམ་པའི་སྦྱོར་བ་མཁྱེན་ལགས་སམ།།

        དེ་ལྟར་མཁྱེན་ན་མགྱོགས་བྱེད་མཆོག།

        ཕོ་ཉའི་ལམ་པ་ཡིན་པར་ངེས།།”P518 ཞེས་སོགས་ཀྱིས་ཕྱག་རྒྱར་བཞེས་པའི་སྙན་སྐུལ་ཞུས་ཤིང་། རྗེ་བཙུན་གྱིས་ཀྱང་།

        ང་ནྰ་རོ་པཎ་ཆེན་བརྒྱུད་པ་འདི།།

        ལམ་རྩ་དང་རླུང་ལ་རང་དབང་ཐོབ།།

        མཆོད་པ་རྣམས་ཀྱི་ནང་ནས་ཀྱང་།།

        མཚན་ལྡན་ཕྱག་རྒྱ་འབུལ་བ་འདི།།

        ཁྱད་པར་འཕགས་པའི་འབུལ་བ་ཡིན།།

        དེ་ཕྱིར་ཆགས་ལམ་སྦྱོར་བ་ཡིས།།

        ཁྱེད་ཀྱང་ངེས་པར་ཐར་པ་ཐོབ།།

        ང་ཡང་སྐྱེ་མེད་བཙན་ས་ཟིན།།

        སྐལ་བར་ལྡན་ནོ་མཚན་ལྡན་མ།།

        ཞེས་མགུར་དུ་བཞེས་རྗེས། ཚེ་རིང་མཆེད་ལྔའི་གཙོ་མོ་བཀྲ་ཤིས་ཚེ་རིང་མ་བདེ་སྟོང་ཕྱག་རྒྱའི་མཛའ་མོར་བསྟེན་ཅིང་། “སྤྱིར་བཀྲ་ཤིས་ཚེ་རིང་མ་དང་། ལ་ཕྱི་གངས་ཀྱི་འབྲོག་སྨན་ཟུལ་ལེ་མ་དང་། ལིང་པ་བྲག་གི་སྨན་མོ་དང་། བལ་བོ་ལམ་པའི་མཚོ་སྨན་མ། ཡོལ་མོ་གངས་རིའི་གཞི་བདག་མོ་དང་ལྔ་བོས་རྗེ་བཙུན་གྱི་ལས་ཀྱི་ཕྱག་རྒྱ་ལས། ཁྱད་པར་འཕགས་པ་བཀྲ་ཤིས་ཚེ་རིང་མའོ།།”P520 ཞེས་གསུངས་ཤིང་། རྗེ་མི་ལའི་རྣམ་ཐར་འདི་རྩོམ་པ་པོ་དུར་ཁྲོད་ཉུལ་བའི་རྣལ་འབྱོར་བ་རུས་པའི་རྒྱན་ཅན་ནམ་གཙང་སྨྱོན་ཧེ་རུ་ཀ་ཁོང་ལ་ཡང་གཟུགས་མེད་མི་མ་ཡིན་པའི་མཁའ་འགྲོ་མ་བརྒྱད་ཡོད་པར་བརྟགས་ན། རང་རེའི་བོད་ཀྱི་གསང་སྔགས་ཀྱི་རྣལ་འབྱོར་བ་གྲུབ་པ་ཐོབ་པ་ཚོའི་གྲས་སུ་མི་མ་ཡིན་གྱི་བུ་མོ་ཕྱག་རྒྱར་འགུག་མཁན་ཧ་ཅང་མང་བར་སྣང་ངོ་། །

        དེ་ལྟར་ལིང་པ་བྲག་གི་སྲིན་མོ་དང་ཇོ་མོ་བཀྲ་ཤིས་ཚེ་རིང་མ་འདི་གཉིས་ཀྱིས་དང་པོར་རྗེ་བཙུན་ལ་གླགས་འཚོལ་བའི་རྣམ་པས་དྲུང་དུ་འོངས་ཤིང་། མཐའ་མར་བདེ་སྟོང་ཟུང་འཇུག་གི་དགའ་བཞིའི་མཆོད་པ་ཕུལ་བའི་རྣམ་ཐར་འདི་ལས། གངས་ཅན་གྱི་ཡུལ་འདིའི་སྲིད་པ་ཆགས་པའི་ལྷ་མོ་དེ་དག་དང་མགོ་ནག་མི་བུ་འདི་དག་གི་བར་གྱི་མཛའ་བརྩེའི་གསེར་ཞག་རིང་མོ་ཞིག་ཀྱང་དལ་གྱིས་མངོན་ཡོང་ཞིང་། དེང་སྐབས་ཡོད་ཚད་གྲོང་བརྡལ་དང་གྲོང་ཁྱེར་ཅན་དུ་སྒྱུར་བའི་དུས་རབས་འདིར། བོད་མགོ་ནག་པ་ཚོ་ཡང་རང་དབང་གཞན་དབང་གཉིས་ཀའི་དབང་དུ་གྱུར་ཏེ། སྲིད་པ་ཆགས་པའི་ལྷ་དང་ལྷ་མོ་ཚོའི་བསྟི་གནས་སྨུག་ལོང་འཐིབས་པའི་རྫ་རི་མཐོན་པོ་དེ་དག་དང་རིང་དུ་གྱེས་ནས། ཟང་ཟིང་རྒོད་པའི་གྲོང་དང་གྲོང་ཁྱེར་དུ་གནས་བཅའ་བའི་ངང་ཚུལ་འདི་ལ་ཁོ་བོ་སྙིང་ནས་སྐྱོ་བ་སྐྱེས་སོ།། །། *ཨང་རྟགས་ཅན་རྣམས་ནི་མཚོ་སྔོན་པར་མའི་རྗེ་མི་ལ་རས་པའི་རྣམ་ཐར་ལས་དྲངས་སོ།།

        ལ་ལས་གཅེས་པའི་ལུས་སྲོག་བསྐྱངས། །

        ལ་ལས་དམ་པའི་ཆོས་ལ་བསྐུལ། །

        ལ་ལས་སྒྲུབ་པའི་ཞབས་ཏོག་ཞུས། །

        ལ་ལས་བདེ་སྟོང་མཆོད་པ་ཕུལ། །

        *གོང་གི་ལུང་འདྲེན་ཁག་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མའི་མི་ལ་རས་པའི་རྣམ་མགུར་ལས་ཁོལ་དུ་ཕྱུངས་པའོ།།