བསང་གསོལ།

ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-03-24 15:15:04      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

  བོད་ཀྱི་ཡུལ་དུ་ཆོས་ལུགས་དང་གྲུབ་མཐའ་རིས་མེད་ཀྱིས་ལྷ་སྲུང་རྣམས་ལ་བསང་གསོལ་བྱེད་པའི་ལུགས་སྲོལ་དར་རྒྱས་ཧ་ཅང་ཆེ་བ་བྱུང་བར་བརྟེན། འདིར་བསང་གསོལ་གྱི་ངོ་སྤྲོད་མདོ་ཙམ་བྱེད་པ་ལ།

  ༡ བསང་གི་མཚན་ཉིད།

  བསང་གི་མཚན་ཉིད་ལ། དག་བྱེད་དྲི་ཞིམ་གྱི་མཆོད་པའི་ཆོ་ག་གང་ཞིག ཉེས་སྐྱོན་གྱི་སྒྲིབ་བྱེད་ཐམས་ཅད་བྱང་ཞིང༌། བདེ་ལེགས་སྟེར་བའི་ནུས་པ་དང་ལྡན་པ་ཉིད་དོ།། ཞེས་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་གསུངས།

  ༢ བསང་གི་དབྱེ་བ།

  བསང་གི་དབྱེ་བ་ལ་ཡུལ་སྲོལ་འདྲ་མིན་གྱི་དབང་གིས་ལག་ལེན་འདྲ་མིན་སྣ་ཚོགས་སུ་མཐོང་ཡང༌། གཙོ་བོ་རི་བསང་དང༌། གྲོང་བསང། ཐབ་བསང། ལམ་བསང། ཐོག་བསང་རྣམས་སུ་མ་འདུས་པ་མེད།

  དེ་ལ་རི་བསང་ནི་གཙོ་བོ་བོད་འབྲོག་ཕྱོགས་སུ་དར་ཁྱབ་ཆེ་བའི་བསང་གསོལ་བྱེད་སྲོལ་ཞིག་སྟེ། དགོན་པའི་རྒྱབ་རིའམ་གཞི་བདག་གྲགས་ཅན་གནས་པའི་རིའི་རྩེའམ། ཡང་ན་དེ་ལས་གཞན་པའི་རི་མཐོ་ཤོས་རྣམས་ཀྱི་རྩེ་མོར་བསང་ཁྲི་བརྩིགས་ནས་བསང་གསོལ་བྱེད་ཀྱིན་ཡོད་ལ། གླང་ཟླའི་ཚེས་བཞི་སོགས་སོ་སོའི་ཡུལ་གོམས་ལྟར་ལོ་རེ་རེ་ལ་དུས་ཚོད་ངེས་ཅན་གྱི་ཐོག་ཏུ་སོ་སོའི་ཡུལ་གྱི་སྐྱ་སེར་ཐམས་ཅད་འདུས་ནས་བསང་གསོལ་རྒྱ་ཆེན་པོ་བྱེད་པ་དང༌།

  གཞན་སྒེར་བ་སོ་སོའི་འདོད་དོན་འགྲུབ་ཆེད་དུས་ཚོད་ངེས་མེད་དུ་བསང་གསོལ་མང་པོ་བྱེད།

  གྲོང་བསང་ནི་དགོན་པའི་ཉེ་འཁོར་རམ་གྲོང་དང་གྲོང་ཁྱེར་སོགས་ཀྱི་ནང་དུ་ལྷ་ཁང་གྲགས་ཅན་སོགས་ཡོད་སར་བསང་ཁྲི་བརྩིགས་ཏེ་བསང་གསོལ་བྱེད་པ་ལྷ་སའི་ཇོ་ཁང་གི་མདུན་ལྟ་བུ་ཡིན།

  ཐབ་བསང་ནི་གཙོ་བོ་འགྲུལ་བ་དང༌། ཇག་པ་ར་མདར་འགྲོ་བ་སོགས་ཀྱི་ལག་ལེན་དུ་བྱེད་པ་ཞིག་སྟེ། ཐབ་རྡོ་སུམ་ཚུགས་སུ་བྱས་པའི་སྟེང་དུ་ཇ་བཀོལ་རྗེས་བསང་རྩི་འདྲི་མིན་འབྱོར་ན་རབ། མ་འབྱོར་ཀྱང་རྩམ་པ་ཉུང་ཙམ་བླུགས་ཏེ་བསང་གསོལ་གང་ཤེས་འདོན་གྱི་ཡོད།

  ལམ་བསང་ནི་སྐྱེས་ཆེན་དམ་པ་རྣམས་ཕེབས་བསུ་ཞུ་བའམ། ཡང་ན་སྐུ་གསུང་ཐུགས་རྟེན་གདན་འདྲེན་པའམ། རྒྱལ་པོ་ལྟ་བུ་བསུ་ཕེབས་སོགས་ཀྱི་སྐབས་སུ་ལམ་ཁར་བསང་ཁྲི་བརྩིགས་ཏེ་བསང་ཕུད་པར་ཟེར་ཞིང་ད་ལྟ་ང་ཚོས་ྋགོང་ས་མཆོག་བསུ་ཕེབས་ཀྱི་སྐབས་སུ་ལམ་ཁར་བསང་མང་པོ་གཏོང་གིན་ཡོད་པ་ལྟ་བུ་ཡིན། ཐོག་བསང་ནི་ཁང་བའི་ཐོག་ཁར་བསང་ཁྲི་བརྩིགས་ཏེ་བསང་གསོལ་བྱེད་པ་ལ་ཟེར་ཞིང༌། གཙོ་བོ་བོད་རོང་པའི་ཕྱོགས་སུ་དར་ཁྱབ་ཆེ།

  ༣ བསང་གི་དགོས་པ།

  བསང་གི་དགོས་པ་ནི་མཆོད་ཡུལ་དཀོན་མཆོག་དང༌། ཡུལ་ལྷ་གཞི་བདག་སོགས་ལ་མི་གཙང་བའི་རིགས་ཀྱིས་གོས་པའམ། དམ་ཚིག་ཉམས་ཆག་ཤོར་བ་དང༌། དེའི་རྐྱེན་གྱིས་རང་ལ་གྲིབ་དང་རྨོངས་སྨྱོ་ལ་སོགས་པའི་ནད་གདོན་བགེགས་རྐྱེན་བར་ཆད་ངན་པ་ཅི་བྱུང་ཐམས་ཅད་སེལ་ཞིང༌། ཚེ་རིང་ནད་མེད་སོགས་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་བྱེད་པ་ཡིན། དེར་མ་ཟད། བསང་གཞུང་འགའ་ཞིག་ལྟར་ན། ཡོངས་གྲུབ་བདེ་གཤེགས་སྙིང་པོ་ལ།། ཀུན་བཏགས་གྲིབ་ཀྱིས་ཕོག་པ་བསང༌།། འཁོར་འདས་བདེ་བ་ཆེན་པོ་ལ།། གཟུགས་འཛིན་གྲིབ་ཀྱིས་ཕོག་པ་བསང༌།། ཞེས་སོགས་རྣལ་འབྱོར་བའི་རྟོགས་པ་བོགས་ཐོན་པར་བྱེད་པའི་ཐབས་ཀྱང་མང་པོ་ཡོད།

  ༤ བསང་གི་འབྱུང་ཁུངས།

  བསང་གི་འབྱུང་ཁུངས་ནི། གསེར་འོད་དམ་པ་ལས། བཙུན་པ་བཅོམ་ལྡན་འདས། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལ་མཆོད་པའི་སླད་དུ་བདུག་པས་བདུག་པ་དང༌། ཞེས་སོགས་ནས། རྒྱལ་པོ་ཆེན་པོ་བདག་ཅག་བཞིའི་རང་རང་གི་ཁང་པའི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་གི་གདུགས་རྣམས་སུ་གནས་པར་འགྱུར་ཞེས་སོགས་གསུངས་པ་དེ་ནི་ཁང་ཐོག་ཏུ་བསང་ཕུད་པའི་ཁུངས་ཡིན་ཞིང༌། ཡང་དེ་ཉིད་ལས། སྤོས་དང༌། གུ་གུལ་དང༌། ཙན་དན་དང༌། ག་བུར་དང༌། ཨ་ག་རུ་ནག་པོ་དང༌། དམར་པོ་ལ་སོགས་པ་འདི་དག་མཉམ་པར་སྦྱར་བའི་སྤོས་ཀྱིས་མཆོད་ཅིང་སྔགས་འདི་བཟླས་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་སྤྱན་དྲངས་པར་བྱའོ། ཞེས་གསུངས་པ་ནི་བསང་གསོལ་གཉིས་ཀ་བྱེད་པའི་ཁུངས་ཡིན། གཞན་ཡང་མདོ་མཛངས་བླུན་སོགས་སུ་གསལ་བ་ལྟར། མ་གྷ་དྷ་བཟང་མོས་མཐའ་འཁོབ་ཀྱི་ཡུལ་བུ་རམ་ཤིང་འཕེལ་དུ་རང་གི་ཁང་བའི་ཐོག་ནས་བསང་གི་དུད་སྤྲིན་སྤྲོས་པ་སངས་རྒྱས་མཉན་ཡོད་དུ་བཞུགས་པའི་སྤྱན་སྔར་མཆོད་སྤྲིན་གྱི་ཕུང་པོར་འཁྲིགས་པའི་ལོ་རྒྱུས་ཀྱང་བསང་གི་ཁུངས་ཚད་ལྡན་དུ་འགྲོ་བ་ཐུའུ་བཀན་ཆོས་ཀྱི་ཉི་མས་གསུངས། དེ་བཞིན་དུ་འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས། སངས་རྒྱས་སྐུ་གཟུགས་གྲོང་སོགས་སུ།། སྤྱན་དྲངས་པར་ནི་གསུངས་པ་ཡིན།། དེར་ནི་ཆག་ཆག་བྱུགས་པ་དང༌། སྲང་གི་བཞི་མདོར་ས་གཞི་ལ།། སྣ་ཚོགས་མེ་ཏོག་བཀོད་པ་ཡིས།། རབ་ཏུ་མཛེས་པར་བྱེད་པ་ཡིན།། ཙནྡན་ཨ་གར་བུ་རམ་གྱི།། བདུག་སྤོས་ཀུན་ནས་དབུལ་བར་བྱ།། ཞེས་གསུངས་པ་ཡང་ལམ་བསང་གི་ཁུངས་ཚད་དང་ལྡན་པ་ཞིག་ཡིན། རི་བསང་དང་ཐབ་བསང་གི་ཁུངས་ཚིག་ཟིན་ལ་དངོས་སུ་ཡོད་པ་ཞིག་མ་མཐོང་ཡང༌། འདུལ་བ་སུམ་བརྒྱ་བ་ལས། གང་ཞིག་གནང་མེད་དེ་བཞིན་བཀའ་མེད་པ། ། དེ་ནི་རུང་བའི་ཕྱོགས་མཐུན་བརྟགས་ཏེ་བཟུང༌། ། ཞེས་གསུངས་པ་ལྟར་ཐོག་བསང་སོགས་ཀྱི་རུང་མཐུན་དུ་སྦྱར་བ་ཡིན།

  ༥ བསང་གི་ཕན་ཡོན།

  བསང་གི་ཕན་ཡོན་ནི། འཇུ་མི་ཕམ་པའི་གསུང་འབུམ་དུ། འདི་ཡིས་རླུང་རྟ་རྒུད་པ་གསོ།། དགེ་མཚན་རྟེན་འབྲེལ་ཕྱོགས་མེད་རྒྱས།། སྙན་གྲགས་རྒྱལ་མཚན་སྲིད་ན་མཐོ།། མཆོག་ཐུན་དངོས་གྲུབ་ཡིད་བཞིན་འགྲུབ།། ཅེས་གསུངས་པ་ལྟར་རོ།།ཞིབ་ཅིང་རྒྱས་པར་ཤེས་འདོད་དག་གིས་ཐུའུ་བཀན་ཆོས་ཀྱི་ཉི་མས་མཛད་པའི་བསང་བཤད་བཀྲ་ཤིས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་སོགས་སུ་བལྟ་བར་བྱའོ།།

རྩོམ་འཇུག་པ། ཨ་གཡང་སྐྱིད།