ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ལྗང་སྒྱུར་སྐུལ་སློང་ཚོགས་འདུ་བསྡུས་ཤིང་ཝང་གོ་ཧྲེང་དང་ཝང་ཅིན་ཅུན་གཉིས་ཀྱིས་གཏམ་བཤད།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-03-26 11:04:24      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        ཟླ༣པའི་ཚེས༢༤ཉིན་ལ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ལྗང་སྒྱུར་སྐུལ་སློང་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་རང་ཞིང་གི་རྒྱལ་དབང་ས་ཞིང་ལྗང་སྒྱུར་བྱ་བར་ཕྱོགས་སྡོམ་དང་ཕྱིས་འབྱུང་གི་དུས་སྐབས་ཤིག་ནང་རྒྱལ་དབང་ས་ཞིང་ལྗང་སྒྱུར་གྱི་ལས་འགན་གལ་ཆེན་སྒྲིག་གཤོམ་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་ཚོགས་ཐོག་ཏུ་ཞུགས་པ་མ་ཟད་གཏམ་བཤད། ཁོང་གིས་འདི་སྐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྤྱི་དང་། ནང་སྒོས་སུ་མཚོ་སྔོན་གྱི་ལས་དོན་ཐད་གསུང་བའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གྱིས་སྣོད་བཅུད་སྲུང་སྐྱོབ་ཀྱི་བསམ་བློ་སྔོན་ལ་སྲ་བརྟན་དུ་བཏང་སྟེ། རྒྱལ་དབང་ས་ཞིང་ལྗང་སྒྱུར་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་དགོས་པ་དང་། དེང་གི་གོ་སྐབས་བཟང་བོ་དམ་འཛིན་བྱས་ནས་དམངས་ཡོངས་ཀྱི་བསམ་ཕྱོགས་གཅིག་བསྡུས་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་སྐུལ་སློང་། བློ་གྲོས་རྣམས་དཀྱུས་གཅིག་ཏུ་དྲིལ་ནས་རང་ཞིང་དེ་ཉིད་དཔལ་འབྱོར་ཞིང་ཆེན་ཆུང་ངུ་ནས་སྣོད་བཅུད་ཞིང་ཆེན་ཆེ་ཤོས་དང་། སྣོད་བཅུད་ཞིང་ཆེན་སྟོབས་ཆེན་དུ་བསྒྱུར་བར་སྐུལ་སྤེལ་བྱས་ནས་གཡུ་ལོ་བཀྲ་བའི་ཁོར་ཡུག་ན་དམངས་རྣམས་བདེ་ཞིང་སྐྱིད་པར་རོལ་ཐུབ་པའི་མཚོ་སྔོན་གྱི་སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་གྱི་ལེའུ་གསར་བ་དེ་རྒྱུན་མ་ལྷོད་པར་བརྩམ་དགོས་ཞེས་བསྟན་པ་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། དུས་ཡུན་རིང་བོར་ནགས་ལས་འཐབ་ཕྱོགས་སུ་འབད་འཐབ་ལ་གཞོལ་བའི་བློ་མཐུན་རྣམས་དང་ལྗང་སྒྱུར་བྱ་གཞག་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་གྱི་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུས་བྱུང་།

        རྒྱལ་དབང་ས་ཞིང་ནི་ཞིང་ཆེན་དང་རང་རེའི་མང་ཚོགས་ལ་ཕན་ཆེ་བའི་བྱ་གཞག་རླབས་ཆེན་ཞིག་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་མགོ་ཁྲིད་ལ་བརྟེན་ནས་སྐབས་རིམ་བྱོན་གྱི་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་སྣོད་བཅུད་སྲུང་སྐྱོབ་དང་རྒྱལ་དབང་ས་ཞིང་ལྗང་སྒྱུར་ལས་དོན་ལ་མཐོང་ཆེན་ཚད་མེད་གནང་བས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱི་བསམ་བློ་དང་ལྟ་བར་འགྱུར་བ་ཆེན་པོ་བྱུང་ཡོད་པ་དང་། འཚོ་སྡོད་ལ་ཧ་ཅང་འཚམ་ཞིང་གྲོང་ཁྱེར་གྱི་སྤུས་ཚད་ཇེ་ལེགས་སུ་སོང་བ་ཡང་ཧ་ཅང་མངོན་གསལ་རེད། དེ་དང་ཆབས་ཅིག ཐོན་ལས་སྒྲིག་གཞི་ལེགས་སྒྱུར་དང་སྣོད་བཅུད་ཁོར་ཡུག་ཇེ་ཡག་ཏུ་བཏང་ནས་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་དང་ལྗང་སྒྱུར་གོང་སྤེལ་གྱི་འདུ་ཤེས་དེ་ཡང་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་གཏིང་དུ་རྩ་བ་ཚུགས་པ་མ་ཟད། རབ་མཛེས་མཚོ་སྔོན་ཞེས་པའི་ལྗང་མདོག་གི་གཟུགས་བརྙན་དེ་ཡང་ཇེ་ལེགས་ནས་ཇེ་གསལ་དུ་གྱུར་ནས་སྣོད་བཅུད་སྲུང་སྐྱོབ་དང་རྒྱལ་དབང་ས་ཞིང་ལྗང་སྒྱུར་ལ་ཕན་འབྲས་མངོན་གསལ་ལོན་ཡོད་ཅེས་བསྟན་བྱུང་།

        ཡང་ཁོང་གིས་ང་ཚོས་རྒྱལ་དབང་ས་ཞིང་ལྗང་སྒྱུར་གྱི་ལས་ཀའི་ཁྲོད་མཉམ་མྱོང་ཞིག་ཐོབ་པ་ནི་ལྗང་སྒྱུར་ལས་ཀ་དམ་འཛིན་བྱེད་པ་ནི་མཐར་གཏུག་ན་འཕེལ་རྒྱས་དང་། སྣོད་བཅུད། དམངས་ཚིས་ལ་དམ་འཛིན་བྱེད་པ་དེ་རེད། དེ་བས་ལྗང་མདོག་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དེ་བེད་སྤྱོད་ལེགས་པོ་དང་། ལྗང་མདོག་གི་འཕེལ་རྒྱས་ལ་བརྟེན་ནས་དམངས་ཕྱུག་ཐོན་ལས་ལ་ཤུགས་བརྒྱབ་ན་ད་གཟོད་སྤྱི་ཚོགས་ཡོངས་ལ་ལྗང་མདོག་གི་རྒྱུ་ནོར་མང་པོ་གསོག་ཐུབ་པ་ནང་བཞིན་དུ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྱང་སྣོད་བཅུད་ཀྱི་བང་མཛོད་ཆེན་པོ་དེ་ལས་དགོས་ངེས་ཀྱི་ཕན་ཁེ་མང་པོ་ལོངས་སུ་སྤྱོད་ཐུབ་པ་དང་། མཚོ་སྔོན་གྱི་མཚན་སྙན་དེ་ཡང་གང་སར་ཁྱབ་ཐུབ་ཅེས་བསྟན་བྱུང་བ་དང་ཆབས་ཅིག གཅིག་ནས་བློ་མཐུན་སྐལ་བཟང་གི་སྙིང་སྟོབས་མིག་དཔེར་བཟུང་ནས་ལྗང་སྒྱུར་དམ་འཛིན་བྱེད་དགོས་པ་དང་། གཉིས་ནས་ཚད་གཞི་མཐོན་པོ་བཟུང་ནས་ལྗང་སྒྱུར་དམ་འཛིན་དགོས་པ། གསུམ་ནས་ནང་རྐྱེན་ལམ་ལུགས་གསར་དུ་བཏོད་དེ་ལྗང་སྒྱུར་དམ་འཛིན་དགོས་པ་ཞེས་དམ་འཛིན་གསུམ་གྱི་བླང་བྱ་བཏོན་བྱུང་རེད།

        ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ཝང་ཅིན་ཅུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་གཏམ་བཤད། ཞིང་ཆེན་གྱི་མགོ་ཁྲིད་རིན་ཆེན་རྒྱལ་དང་། ཝང་ཞའོ། ཝང་ཡུས་པའོ། མུའུ་ཏུང་ཧྲེང་། ཡན་ཅིན་ཧའེ། ལི་ཞའོ་མེང་། དབྱང་ཞུང་ཨའེ་བཅས་ཚོགས་འདུར་ཞུགས།

        ཝང་གོ་ཧྲེང་གིས་འདི་སྐད། ད་ལོ་ནི་རྒྱལ་དབང་ས་ཞིང་ལྗང་སྒྱུར་བྱེད་པའི་དོན་དངོས་བྱེད་སྤྱོད་ཀྱི་ལོ་ཞིག་དང་། ཏན་ཏན་ཏིག་ཏིག་བཞི་དང་སྒྱར་བ་བཞི་རྩ་བ་ཚུགས་ཤིང་ཡལ་ག་རྒྱས་པའི་ལོ་ཞིག་ཀྱང་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ནས་སེམས་གནད་ལ་ཕབ་ནས་ད་ལོའི་དཔྱིད་ཀའི་སྡོང་འཛུགས་ཀྱི་བྱེད་སྒོ་དེ་གཞི་ཁྱོན་ཆེ་ལ། ལས་ཀའི་འགུ་གང་བ་ཞིག་བསྒྲུབ་པར་ཕྱོགས་རིས་ཆེ་ཞིང་སེམས་རྩ་འཁོལ་བའི་རྣམ་པ་བཟང་བོ་ཞིག་བསྐྲུན་ནས་སྤུས་དག་ལ་ཆུ་ཚད་མཐོ་བའི་སྒོ་ནས་ད་ལོའི་ལས་འགན་ཡོངས་སུ་འགྲུབ་པར་དམ་འཛིན་བྱེད་དགོས་ཞེས་བསྟན།

        ཝང་ཅིན་ཅུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་སྐབས་སུ་རང་ཞིང་གི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་དང་། ལྷག་པར་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་འཚོགས་ཚུན་གྱི་ལྗང་སྒྱུར་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། སྡོང་འཛུགས་ལྗང་སྒྱུར་གྱི་ལག་ལེན་ཁྲོད་བྱུང་བའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་ནས་དེང་གི་ལྗང་སྒྱུར་ལས་ཀར་འཕྲད་པའི་གནས་བབ་དང་འོས་འགན་ལ་དབྱེ་ཞིབ་བྱས། ཁོང་གིས་འདི་སྐད། ནགས་འཛུགས་ལྗང་སྒྱུར་ནི་ལས་ཀ་རྒྱུད་རིམ་དང་ལྡན་པ་ཞིག་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་རྩོད་སྒྲུབ་དང་། མ་ལག མ་མཐའི་ཚད་གཞིའི་བཅས་ཀྱི་རིག་ལམ་གྱིས་རྒྱུན་ལེགས་པར་བསྐྱངས་ཏེ། འཕེལ་རྒྱས་གསར་བའི་བསམ་བློ་དང་ནགས་འདེབས་ལྗང་སྒྱུར་རང་སྟེང་གི་ཆོས་ཉིད་གཉིས་ཟུང་དུ་སྦྲེལ་བ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་ལག་ལེན་དངོས་གཉིས་ཟུང་འབྲེལ། སྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་དང་ནགས་འདེབས་ལྗང་སྒྱུར་གྱི་ནང་དོན་ཟབ་མོ་གཉིས་ཟུང་འབྲེལ་བཅས་ཀྱི་ལམ་ནས་གནས་བབ་དང་བསྟུན་ཞིང་གོ་སྐབས་དམ་འཛིན་གྱིས་དཀའ་གནད་གསེད་གྲོལ་བྱེད་དགོས་པ་དང་། རྗེས་རབས་པ་ལ་སྣོད་བཅུད་ཀྱི་རྒྱུ་ནོར་ཕུན་སུམ་ཚོགས་པ་ཞིག་གསོག་ཆེད་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་ཡོང་བར་སྒུལ་ཤུགས་ཆེན་པོ་འདོན་དགོས། དེང་ཕྱིན་གྱི་དུས་སྐབས་ཤིག་ནང་ནགས་འདེབས་ལྗང་སྒྱུར་གྱི་ལས་ཀ་དམ་འཛིན་བྱེད་དགོས་ན་ངེས་པར་དུ་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་གཞི་བྱས་ནས་རྒྱལ་དབང་ས་ཞིང་ལྗང་སྒྱུར་གྱི་ལས་ཀ་གཏིང་ཟབ་སྤེལ་དགོས་ཞེས་ནན་གྱིས་བསྟན་བྱུང་བ་མ་ཟད། དམངས་ཚིས་འོས་འགན་སྡོང་འཛུགས་ཁྱོན་ཡོངས་ནས་སྤེལ་དགོས་པ་དང་། སྣོད་བཅུད་ལས་གཞི་གཙོ་བོ་ལག་ལེན་མཐར་ཕྱིན་བྱེད་དགོས་པ། གཅིག་གྱུར་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་སྒྱུར་ལས་ཀར་སྐུལ་འདེད་དགོས་པ། སྡེ་ཚན་གྱི་ལྗང་སྒྱུར་འོས་འགན་དོན་ཐོག་ཏུ་འཁྱོལ་དགོས་པ། ལྗང་སྒྱུར་གྱི་གྲུབ་འབྲས་དོ་དམ་དང་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་པ་བཅས་ཕྱོགས་ལྔའི་ལས་ཀ་ལེགས་པོར་བསྒྲུབ་དགོས་པའི་བླང་བྱ་ཡང་བཏོན་པ་རེད།

        ཚོགས་ཐོག་ཏུ་༢༠༡༦ལོའི་ལོ་ཧྲིལ་བོའི་ཟི་ལིང་གི་ལྷོ་རི་དང་བྱང་རིའི་ལྗང་སྒྱུར་ལས་ཀའི་དཔྱད་ཞིབ་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། ༢༠༡༤ལོ་ནས་༢༠༡༦ལོའི་བར་གྱི་ཟི་ལིང་གི་ལྷོ་རི་དང་བྱང་རིའི་ལྗང་སྒྱུར་བཀོད་འདོམས་པུའུ་ཡི་སྔོན་ཐོན་ལས་ཁུངས་དང་མི་སྒེར་ལ་གཟེངས་རྟགས་གནང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཟུར་པ་དང་། ཞིང་ཆེན་ཏང་ཨུའི་པུའུ་ཨུ་ཁག ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁག མི་རིགས་ཁག་གི་ཚོགས་པ་དང་མང་ཚོགས་ཀྱི་ཚོགས་པ་ཁག སློབ་ཆེན། ཟི་ལིང་དུ་ཡོད་པའི་ཞིང་ཆེན་དོ་དམ་ཁེ་ལས། མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན། ཞིང་ཆེན་སྲིད་གྲོས་ཀྱི་ཞིང་འབྲོག་ཨུ་ལྷན་གྱི་འགན་འཁུར་བློ་མཐུན། ཞིང་ཆེན་དམག་ཁུལ་དང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་ཆབ་སྲིད་པུའུ་ཡི་འགན་འཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་སྲིད་གཞུང་གི་འགན་འཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་ནགས་ལས་ཅུས། ལྗང་སྒྱུར་ཨུ་ལྷན་གཞུང་སྒྲུབ་ཁང་བཅས་ཀྱི་འགན་འཁུར་བློ་མཐུན། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་ལས་ཁུངས་ཁག ཟི་ལིང་གི་ལྷོ་རི་དང་བྱང་རིའི་ལྗང་སྒྱུར་ཁུལ་གྱི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་སུ་ཞུགས།

        ལོ་ཙཱ་བ། ཁོན་ཐར་འཚོ།