མིག་ལ་སྲུང་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན།

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-04-01 15:22:41      རྩོམ་སྒྲིག་པ། : ཡེ་ཤེས །

        མིག་ཟུང་ལ་སྲུང་སྐྱོང་བྱེད་ཐབས།

        ཀླུ་ཡེ་ཤེས་མཐར་ཕྱིན།

        ཀ སྤྱིར་བཏང་ནས་བཤད་ན་མི་རྣམས་ལོ་ན་ཅུང་མཐོན་པོར་སོན་པ་ན་མིག་གིས་མི་མཐོང་བ་སོགས་དབང་པོའི་སྒོ་དག་ལ་མཐོང་ཐོས་དྲན་ཚོར་གྱི་ནུས་པ་ཉམས་ཞན་དུ་སོང་ནས་དཀའ་ངལ་གང་མང་ཞིག་འཕྲད་བཞིན་ཡོད། དེ་ལས་ཀྱང་དེང་སང་གི་མི་རྣམས་ཀྱིས་ཁ་པར་སོགས་གློག་རྡུལ་གྱི་ཡོ་བྱད་སྣ་ཚོགས་ཅི་འདོད་དུ་བེད་སྤྱོད་བྱས་དྲགས་པའི་སྟོབས་ཀྱིས་མཐོང་བྱེད་མིག་གི་སྒོ་ཉམས་དམས་སུ་འགྲོ་བའི་ཚད་ཧ་ཅང་མཐོན་པོར་སོན་ནས། མི་རྣམས་ལ་དཀའ་ངལ་གང་མང་ཞིག་འཕྲད་བཞིན་ཡོད་པས་ངེས་པར་དུ་མིག་གི་བདེ་ཐང་ལ་དོ་དམ་ནན་མོ་བྱེད་དགོས་པ། མི་རེ་རེ་ནས་ཆེས་ཆེ་བའི་མི་ཚེའི་གནད་དོན་འབྲེལ་བ་ཡོད་པ་ཧ་གོ་བར་བྱེད་རྒྱུ་དེ་ལ་མཐོང་ཆུང་གཏན་ནས་བྱེད་མི་རིགས། གལ་ཏེ་ལོ་ན་གཞོན་དུས་དང་མིག་ལ་སྐྱོན་ཆེན་པོ་མེད་དུས་སུ་སྲུང་སྐྱོབ་ལེགས་པོར་མ་བྱས་ན་མིག་ལ་སྐྱོན་ཤོར་ཚར་དུས་གསོ་བཅོས་བྱེད་པར་ཤིན་ཏུ་དཀའ་བ་དང་།གསོ་བཅོས་བྱས་པ་ལས་ཕན་འབྲས་ཐོན་པ་རབ་ཏུ་ཉུང་བས་མཐོན་དམན་དྲག་ཞན་གྱི་ཁྱད་པར་མེད་པར་མི་ཚང་མས་མིག་གི་བདེ་ཐང་ཤེས་བྱའམ་རྒྱུན་ཤེས་ཀྱི་རིགས་ཤེས་པར་བྱས་ནས། མིག་གི་བདེ་སྲུང་རྒྱུན་ཤེས་གོམས་ལོབས་སུ་འཇུག་རྒྱུ་དེ་ཆེས་ཤིན་ཏུ་གལ་འགངས་ཆེ་བར་འདུག་པས་ཚང་མས་མཉམ་འཇོག་བྱེད་རིགས། དེས་ན་འོག་ནས་རིམ་པར་མིག་གི་བདེ་སྲུང་རྒྱུན་ཤེས་ཀྱི་སྐོར་འགའ་ཞིག་མིག་གི་བདེ་ཐང་ལ་ཕན་པའི་སྒྲུབ་ཕྱོགས་ཀྱི་ཆ་དང་། མིག་གི་བདེ་ཐང་ལ་གནོད་པའི་དགག་ཕྱོགས་ཀྱི་ཆ་གཉིས་སུ་ཕྱེས་ཏེ་དྲན་སྐུལ་གྱི་ཚུལ་དུ་གསལ་བཤད་བྱེད་རྒྱུ་ཡིན།

        འོག་གི་པར་རིས་འདི་དག་ངེད་འཕྲིན་སྟེགས་ཀྱིས་ཆེད་དུ་གྲོགས་པོ་ཅག་གི་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ། ཚོས་གཞི་ལྗང་ཁུ་ཅན་གྱི་འདྲ་པར་རེ་ཆེད་དམིགས་ཀྱིས་བཟོས་སྟེ། མིག་ཟུང་སྲུང་སྐྱོབ་ལ་ཕན་ནུས་ཨེ་ཐོན་བསམ་ནས། རྒྱབ་པར་སྟབས་བདེ་འགའ་ཞིག་བཟོས་ཡོད་པས། གྲོགས་ཅག་གིས་རང་གི་དགའ་མོས་ཡོད་པའི་པར་དེ་ཉར་ནས་སྐད་འཕྲིན་གྱི་རྒྱབ་པར་དུ་བཞག་ནས་རང་གི་གཅེས་པའི་མིག་ཟུང་ལ་སྲུང་སྐྱོབ་གནང་རོགས།

        ཁ། མིག་གི་བདེ་ཐང་ལ་ཕན་པའི་སྒྲུབ་ཕྱོགས་ཀྱི་ཤེས་བྱ།

        1 དཔེ་ཆ་དང་བརྙན་འཕྲིན་སོགས་ལ་ལྟ་སྐབས་དུས་ཚོད་རེའི་རྗེས་ནས་ངལ་གསོ་ཐུང་ཐུང་རེ་བྱེད་དགོས། ངལ་གསོ་བྱེད་སྟངས་ནི། མིག་འབྲས་གཡོ་བ་དང་མིག་གི་མཐའ་སྐོར་གྱི་ཤ་གནད་འཕུར་བ།རྒྱང་རིང་ལ་བལྟ་བ། དེ་ལས་ཀྱང་ལྗང་མདོག་གི་རྩྭ་ཐང་དང་སྡོང་ལོ་སོགས་ལ་བལྟས་ན་མིག་གི་བདེ་ཐང་ལ་ཕན་པ་ཆེ། ལྗང་མདོག་ལ་བལྟས་ན་མིག་དབང་ལ་ཕན་པའི་རྒྱུ་མཚན་གཙོ་བོ་ནིི། ཁ་དོག་དཀར་པོས་འོད་སྣང་ལྡོག་འཕྲོ་བྱེད་ཚད85%ཡན་ལ་སོན་ཡོད་པ་དང་། ཁ་དོག་དམར་པོས་འོད་སྣང་ལྡོག་འཕྲོ་བྱེད་ཚད་67%སེར་མདོག་གིས་འོད་སྣང་ལྡོག་འཕྲོ་བྱེད་ཚད་65%ལྗང་མདོག་གིས་འོད་སྣང་ལྡོག་འཕྲོ་བྱེད་ཚད་47%ཁ་དོག་སྔོན་པོས་འོད་སྣང་ལྡོག་འཕྲོ་བྱེད་ཚད་36%བཅས་ཡིན་ཞིང་། འོད་སྣང་ལྡོག་འཕྲོ་བྱེད་ཚད་ཤུགས་ཆེ་བའི་ཁ་དོག་དག་ལས་མིག་ལ་གཟན་པའི་འོད་སྣང་འཚེར་ཏེ་ཕྱིའི་སྐྱི་ལྤགས་དང་མཐོང་ཤུགས་དག་ལ་གནོད་པ་བཟོ་བར་མ་ཟད། ཁ་དོག་སེར་པོས་མཁྲིས་ཁམས་ཤུགས་ཆེ་བའི་མིའི་ནད་གཞི་བསླང་སྲིད་པ་དང་སྤྲོ་སྣང་བཅོམ་སྲིད། ཁ་དོག་དམར་པོ་ལ་ཡང་ཁྲག་ནད་སློང་བ་སོགས་ཀྱི་ངན་འབྲས་སྤེལ་བའི་ནུས་པ་ལྡན་པར་བཤད། དེས་ན་ལྗང་མདོག་དང་སྔོ་མདོག་འོད་སྣང་ལྡོག་འཕྲོ་བྱེད་པ་ཚད་དམའ་བ་དང་རང་བཞིན་གྱིས་ཁ་དོག་འདི་རིགས་ཀྱིས་འགྲོ་བ་མིའི་རིགས་དང་སྲོག་ཆགས་གཞན་པ་ལ་ཡང་ཕལ་ཆེར་འདྲ་སྲིད། ཀླད་ཆེན་དང་སེམས་ཁམས་ལ་བསིལ་སྣང། སྤྲོ་སེམས། ཁམས་དྭངས་པའི་ཚོར་བ་བཅས་ངང་ངམ་ཤུགས་ཀྱིས་སྟེར་ཞིང་ཡལ་དཀའ་བ་དང་རྒྱུན་རིང་བའི་དགའ་སྣང་སྲུང་འཛིན་བྱེད་པའི་ནུས་པ་ལྡན།

        2 འོད་སྣང་ཆེ་དྲགས་པའི་གནས་དཔེར་ན་ཁ་རྒྱབ་ཀྱི་ཉི་འོད་ཁྲོད་ལྟ་བུའི་གནས་སྐབས་དག་ཏུ་མདོག་ལྡན་མིག་ཤེལ་གྱོན་དགོས་པ་དང་། རླུང་ཆེ་བའི་རི་སྒང་སོགས་སུ་འགྲོ་བ་དང་འཕྲུལ་རྟ་ཞོན་སྐབས་སུ་རླུང་འགོག་མིག་ཤེལ་གྱོན་དགོས།

        3 མིག་ནང་དུ་རྡུལ་བྱུང་ན་ལག་པས་མི་འཕུར་བར་མིག་བཙུམས་ནས་མིག་ཆུས་རྡུལ་གྱི་རིགས་ཕྱི་རུ་འདེད་ཐབས་ལ་འབད་རིགས། ཡང་ན། ཆུ་དྭངས་གཙང་གིས་འཁྲུད་པ་ལྟ་བུའི་བྱེད་ཐབས་བེད་སྤྱོད་ཆོག

        4 ཉེ་མཐོང་དང་རིང་མཐོང་ཐོར་འོད་འཐོར་བཅས་ཀྱི་མིག་ནད་བྱུང་ཡོད་པ་ཤེས་ཚེ། འཕྲལ་མར་སྨན་ཁང་དུ་སོང་ནས་མིག་ཤེལ་བསྒྲིགས་པའམ་གསོ་བཅོས་ཀྱི་ཐད་དུ་ཐབས་ཚུལ་འཐེན་དགོས།

        5 ཞོགས་པ་མལ་ནས་ལངས་རྗེས་སུ་ངོ་དང་མིག ཆུ་དྭངས་བསིལ་གྱིས་བཀྲུ་བ་དང་ནུབ་མོ་ཉལ་ཁར་ཆུ་དྲོད་གཙང་གིས་བཀྲུ་བ། ཞོགས་པར་མིག་གཙང་མར་བཀྲུས་ཟིན་པའི་རྗེས་སུ་མིག་མཐའི་ཤ་གནད་དག་ཐེངས་མང་པོར་འཕུར་གཉེད་བྱེད་ཅིང་། ནུབ་མོར་མིག་སོགས་གཙང་མར་བཀྲུས་རྗེས་གདོང་ཕྱིས་ཆུ་ཁོལ་གྱིས་སྦངས་ནས་མིག་གདོང་ལ་སྐར་མ་གཉིས་ཙམ་གྱི་རིང་ལ་ཚ་སྦྱོར་བྱས་མཚམས་གན་རྐྱལ་དུ་ཅུང་ཟད་ཉལ་ན་མིག་ལ་ཤིན་ཏུ་ཕན།

        6 དཔེ་ཆ་བལྟ་ཞོར་ཟ་མ་ཟ་མི་རུང་། རྒྱུ་མཚན་ནི།ཟ་མ་ཟ་བའི་སྐབས་སུ་འཇུ་བྱེད་ཀྱི་དབང་པོ་དང་མ་ལག་ཡོངས་རྫོགས་འགུལ་བསྐྱོད་བྱེད་ཀྱི་ཡོད་པ་དང་། འཇུ་བྱེད་ཀྱི་གཤེར་ཁུ་མང་པོ་ཟག་ཐོན་བྱེད་བཞིན་ཡོད་པའི་སྟབས་ཀྱིས་འཇུ་བྱེད་ཀྱི་དབང་པོའི་གནས་དག་ཏུ་ཟུངས་ཁྲག་མང་པོ་ཞིག་བསྡུ་དགོས། གལ་ཏེ་སྐབས་དེ་ཤེད་དུ་དཔེ་ཆ་བལྟས་པ་ཡིན་ན་ཀླད་ཆེན་གྱི་འགུལ་བསྐྱོད་དང་ནུས་ཤུག་དྲག་ཏུ་གཏོང་དགོས་པ་རྒྱུན་ལྡན་ལྟར་ཡིན་ཞིང་། ཀླད་ཆེན་གྱི་ནང་ལོག་ཏུ་ཁྲག་འབོར་ཆེན་ཞིག་མཁོ་སྤྲོད་བྱེད་དགོས་པས་འཇུ་བྱེད་ཀྱི་མ་ལག་དག་ཏུ་ཟུངས་ཁྲག་ཇེ་ཉུང་དུ་སོང་ནས་འཇུ་བྱེད་དབང་པོའི་ནུས་པ་ཉམས་ཏེ། ཟས་མ་ཞུ་བའི་ནད་རིགས་དང་དེ་ལ་བརྟེན་ནས་ནད་གཞན་འབྱུང་བའི་སྒོ་ཕྱེ་བ་རེད། གལ་ཏེ་འཇུ་བྱེད་ཀྱི་དབང་པོ་དག་གི་ནང་དུ་ཁྲག་མང་དུ་རུག་ནས་ཀླད་ཆེན་གྱི་ནང་དུ་ཁྲག་བཞུར་བ་དང་འདུས་ཚད་ཉུང་ངུར་གྱུར་ན། དུས་ཡུན་ཐུང་ཐུང་གི་རྗེས་སུ་མགོ་ཡོམ་འཁོར་བ་དང་། མིག་རབ་རིབ་ཏུ་འགྱུར་བ་ལས་ཀླད་ཆེན་གྱི་ནད་རིགས་འདྲ་མིན་བསླང་སྲིད་པ་དང་། དཔེ་ཆ་ལ་བལྟ་མི་ཐུབ་ཅིང་ཟས་མ་ཞུ་བ་སོགས་ཀྱི་མཇུག་འབྲས་མངོན་སྲིད་ཅིང་། གཞན་ཡང་དཔེ་ཆ་བལྟ་སྐབས་ཟ་མ་ཟོས་པ་ཡིན་ན་དཔེ་ཆ་སྣུམ་དྲེག་སོགས་ཀྱིས་གོས་ནས་ར་རི་ནག་ནོག་ཅན་དུ་འགྱུར་ཞིང་དེས་ནི་དཔེ་ཆ་བལྟ་འདོད་ཀྱི་སྤྲོ་སྣང་ལ་གནོད་པ་སྐྱེལ་བས་མ་ཚད་ཡ་རབ་ཀྱི་གོམ་སྲོལ་ཡང་བརྩིས་མེད་དུ་བཏང་བ་མ་ཡིན་ནམ། འབྲས་བུ་ངན་པ་དེ་དག་ལ་བསམས་ནས་ཟས་བཟའ་བ་དང་དཔེ་ཆ་བལྟ་བ་དུས་མཉམ་དུ་བྱེད་པའི་གོམ་སྲོལ་ངན་པའི་རིགས་ལ་ཡོ་བསྲང་བྱེད་རིགས།

        7 ནམ་རྒྱུན་དུ་མིག་འབྲས་ཕན་ཚུན་གཡོ་འགུལ་མི་བྱེད་པར་བྱ་དངོས་གང་ཞིག་ལ་ཅེར་ནས་ཧ་རེར་མི་འདུག་པར་མིག་འབྲས་གཡོ་འགུལ་མང་ཙམ་བྱེད་པ་དང་། ལག་པ་གཙང་མས་མིག་མཐའི་ཤ་གནད་དག་ཅུང་ཙམ་ཅུང་ཙམ་རེ་འཕུར་དགོས།

        ག མིག་གི་བདེ་ཐང་ལ་གནོད་པའི་དགག་ཕྱོགས་ཀྱི་བསླབ་བྱ།

        1 དཔེ་ཆ་ལ་བལྟ་བའི་སྐབས་སུ་མིག་དང་དཔེ་ཆའི་བར་དུ་ཁྲུ་གང་ཡོད་པར་བྱ་དགོས་ཤིང་དཔེ་ཆའམ་བལྟ་བྱའི་དངོས་པོ་དེ་དང་མིག་གི་བར་ཐག་རིང་བར་གྱུར་ན་ཉེ་སྒྲིབ་དང་། དེ་ལས་ལྡོག་ཏེ་ཉེ་བར་གྱུར་སོང་བ་ཡིན་ན་རྒྱང་སྒྲིབ་མིག་ནད་འབྱུང་ཉེན་ཆེ་བ་རེད། དེ་བཞིན་དུ་གན་རྐྱལ་དུ་ལོག་ནས་དཔེ་ཆ་དེ་བས་བལྟ་མི་རུང་།

        2 ཧ་ཅང་འོད་གསལ་ས་དང་མུན་མགོ་ཚབ་ཚུབ་དང་། གསལ་ལ་མི་གསལ་བའི་གནས་སུ་དཔེ་ཆ་བལྟ་བ་དང་།བཟོ་འཚེམ་པ་སོགས་མིག་གིས་ཤུགས་ཆེན་པོ་འདོན་དགོས་པའི་ཞིབ་ཕྲའི་བྱ་བ་བསྒྲུབ་མི་རུང་།

        3 ལག་པས་གང་བྱུང་དུ་མིག་ཕུར་བ་དང་། གོས་ཀྱི་འདབ་ཁ་དང་ཕུ་ཐུང་སོགས་ཀྱིས་མིག་ཕྱི་མི་རུང་བར་མ་ཟད་སེན་མོས་མིག་བྲེད་མི་རུང་། གལ་ཏེ་ཟ་འཕྲུག་ལྡང་བ་སོགས་ཀྱི་གནས་ཚུལ་བྱུང་ན་ལག་པ་གཙང་མོས་དལ་མོར་བྱས་ནས་འཕུར་དགོས།

        4 གཡོ་འགུལ་བྱེད་བཞིན་པའི་རླངས་འཁོར་སོགས་ཀྱིི་ཐོག་དང་འགྲོ་བཞིན་དཔེ་ཆ་བལྟ་མི་རུང་།

        5 ཆང་འཐུང་ན་ཀླད་ཆེན་དང་མཆིན་པ་སོགས་ལ་གནོད་པ་དང་གཞན་ཡང་ཆང་འཐུང་ན་མིག་ལ་གནོད་པའི་ཚུལ་ནི་ཡུན་རིང་པོར་ཆང་འཐུང་བ་ཡིན་ན་མིག་གི་དབང་རྩ་དང་བརྒྱུད་ནས་མིག་ལ་ངན་འབྲས་སྣ་ཚོགས་བསྐྱེད་པར་བཤད་ཡོད།

        6 ཁྲུས་གཞོང་དང་ལག་ཕྱིས་འདག་ཆལ་སོགས་མི་གཞན་དང་ལྷན་དུ་བསྐྱོད་པར་འཛེམ་དགོས་ཤིང་།ཁྱིམ་ཚང་དང་ཉལ་ཁང་གཅིག་པའི་སློབ་གྲོགས་སམ་མི་གཞན་དང་མཉམ་དུ་སྤྱོད་མི་རུང་བ་དང་།ཁྱད་པར་དུ་མིག་ནད་ཡོད་པའི་མིའི་ཁྲུས་ཆས་སོགས་ལ་མཉམ་སྤྱོད་བྱེད་མི་རིགས།

        ང་། སྨྲས་པ།

        མིག་དབང་ནི་མིའི་ཆེས་གལ་འགང་ཆེ་བའི་མ་ལག་གི་གྲས་ཡིན་པས་དེ་ལ་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་པ་ནི། རང་ཉིད་འཇིག་རྟེན་དུ་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་རོལ་ནུས་མིན་གྱི་གནད་དོན་དང་ཐད་ཀར་འབྲེལ་ནས་ཡོད་པས་གོང་གསལ་གྱི་ཤེས་བྱ་དག་ལ་བླང་དོར་གྱིས་འཇུག་པ་ནི། ཁ་ཚ་དགོས་གཏུག་གི་དོན་དག་ཞིག་ཏུ་མཐོང་ནས་བདེ་ཐང་གི་རྒྱུན་ཤེས་དང་། སྨན་དཔྱད་གསོ་རིག་གི་གཞུང་ལུགས་མང་པོ་ཞིག་ལས་ཕྱོགས་བསྡུས་ཀྱིས་བཀོད་པའོ།།

        རྩོམ་འཇུག་པ། ཡེ་ཤེས་སྒྲོལ་མ།