སྡོང་བོ་འཛུགས་སྐྱོང་དང་གཅེས་སྲུང་དེ་ལས་བྱེད་མང་ཚོགས་ཀྱི་རང་རྟོགས་བྱེད་སྤྱོད་དུ་འགྱུར་དགོས།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-04-07 14:54:44      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

  ཟླ༤བའི་ཚེས༦ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་ལགས་ཟི་ལིང་ས་ཁུལ་གྱི་འོས་འགན་སྡོང་འཛུགས་བྱེད་སྒོའི་ཁྲོད་ཞུགས་དུས་སུ། སྤྱི་ཁྱབ་ཞིས་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་འཆང་ནས་སྣོད་བཅུད་སྲུང་སྐྱོབ་དང་པོར་བརྩི་བའི་བསམ་བློ་རྒྱུན་འཁྱོངས་དང་། རྒྱལ་དབང་ས་ཞིང་ལྗང་སྒྱུར་གྱི་ལས་རྒྱུན་དེ་མི་རབས་ནས་མི་རབས་དང་། དུས་སྐབས་ནས་དུས་སྐབས། ལོ་རེ་ནས་ལོ་རེར་ཆད་པ་མི་ཡོང་བ་དང་། སྡོང་བོ་འཛུགས་སྐྱོང་དང་། གཅེས་སྲུང་གི་རིག་གནས་ཤིག་དར་སྤེལ་བཏང་ནས་དེ་རིམ་པ་ཁག་གི་ལས་བྱེད་མང་ཚོགས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་རང་རྟོགས་བྱེད་སྤྱོད་དུ་བསྒྱུར་ཐོག རང་ཞིང་དེ་ཉིད་སྣོད་བཅུད་ཀྱི་ཞིང་ཆེན་ཆེ་ཤོས་ནས་སྟོབས་ཆེན་དུ་འགྱུར་བར་སྐུལ་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན་བྱུང་བ་རེད།

  ད་ལོའི་ཚུན་ལ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་ཞིང་ཆེན་ཡོངས་ཀྱི་ལྗང་སྒྱུར་སྐུལ་སློང་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོར་མཐར་ཕྱིན་བྱས་ཏེ། སྔ་མོ་ནས་འཆར་གཞི་བཟོས་ཤིང་བཀོད་སྒྲིག་བརྒྱབ་པ་དེ་མུར་ལག་ལེན་ཏུ་བཏབས་ནས་སྡོང་འཛུགས་ཀྱི་དུས་བབ་བཟང་པོ་དམ་འཛིན་བྱས་པས། དམངས་ཡོངས་ནང་ཞུགས་དང་། དང་ལེན། མྱུར་སྒྲུབ་ཀྱི་སྡོང་འཛུགས་ཚ་རླབས་ཤིག་རྨ་ཆུ་དང་ཙོང་ཆུའི་འགྲམ་ངོགས་ནས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོར་ཁྱབ།

  ཝང་གོ་ཧྲེང་དང་། ཝང་ཅིན་ཅུན། རིན་ཆེན་རྒྱལ་སོགས་ཞིང་ཆེན་གྱི་འགོ་ཁྲིད་དག་ཟི་ལིང་ཐར་ཧྲན་རི་བོའི་སྡོང་འཛུགས་ཀྱི་སར་ཕེབས་ནས་ལྗང་སྒྱུར་འབྲས་བུ་འགྲེམ་སྟོན་ལ་བལྟས་པ་དང་། ཟི་ལིང་གྲོང་ཁྱེར་རྒྱལ་དབང་ས་ཞིང་ལྗང་སྒྱུར་གྱི་བཀོད་པ་ལ་རྒྱུས་ལོན་དང་ཟི་ལིང་ས་ཁུལ་གྲོང་ཁྱེར་གྲོང་གསེབ་ཀྱི་ལྗང་སྒྱུར་སྙན་ཞུ་ལ་གསན་རྗེས་སུ། ཝང་གོ་ཧྲེང་གིས་འདི་སྐད། འོས་འགན་སྡོང་འཛུགས་བྱེད་ན་མང་ཚོགས་ལ་སྐུལ་སློང་དང་དམངས་ཡོངས་ཀྱི་རྩོལ་བ་ལ་བརྟེན་དགོས། ཉེ་བའི་ལོ་༣༠རིང་ལ། ལྷོ་རི་དང་བྱང་རིའི་ལྗང་སྒྱུར་སོགས་ལས་གཞི་གལ་ཆེན་ཁག་བསྒྲུབས་པ་ནས་བཟུང་། རི་སྐྱ་བོར་གོས་ལྗང་བཀླབས་ནས་སྣོད་བཅུད་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད། ང་ཚོས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རང་བྱུང་ལ་དགའ་ཞེན་དང་ཚེ་སྲོག་ལ་གཅེས་སྐྱོང་གི་སྣོད་བཅུད་འདུ་ཤེས་དར་སྤེལ་དུ་བཏང་ནས་ནགས་འདེབས་ལྗང་སྒྱུར་གྱི་བྱ་གཞག་འདི་མི་རབས་ནས་མི་རབས་སུ་རྒྱུད་དགོས་པའི་བླང་བྱ་གལ་ཆེན་ལག་ལེན་མཐའ་འཁྱོལ་བྱས་ཏེ། རྒྱལ་དབང་ས་ཞིང་ལྗང་སྒྱུར་གྱི་ལས་ཀའི་ངོས་ཐད་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་སྒྱུར་བ་བཞི་དོན་ཐོག་འཁྱོལ་དགོས་ཞེས་བསྟན།

  འདི་ནི་ཟླ་༤བའི་ཚེས༦ཉིན་མཚོ་ཤར་གྲོང་ཁྱེར་གྱིས་སྒྲིག་འཛུགས་བྱས་པའི་གྲོང་ཁྱེར་དང་རྫོང་གི་འབྲེལ་ཡོད་ལས་ཁུངས་དང་། གྲོང་ཁྱེར་དང་རྫོང་གི་ཞིང་ཆེན་བཅའ་སྡོད་ཁེ་ལས་དང་ལས་ཁུངས། དམག་སྡེ་སོགས་ཀྱི་ལས་བྱེད་དང་ལས་བཟོ་བ། སློབ་མ་བཅས་མང་ཚོགས་ཁྲི༣༠ལྷག་གིས་འོས་འགན་སྡོང་འཛུགས་ཀྱི་ལས་ལ་བྲེལ་བའི་རྣམ་པ་རེད།

  མཚོ་ཤར་དུས་ཚགས་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ་སྡོང་འཛུགས་ལ་བྲེལ་སྒང་རེད། ད་ལོར་མཚོ་ཤར་གྲོང་ཁྱེར་གྱིས་ ས་མུའུ་ཁྲི1.8ལ་ འོས་འགན་སྡོང་བོ་ཁྲི432གཟུག་རྒྱུ་དང་། ས་མུའུ་28.28ལ་ལས་གཞི་ནགས་འཛུགས་དང་། ལྷོ་རི་དང་བྱང་རིའི་ས་མུའུ་ཁྲི༢ལྗང་སྒྱུར་བྱ་རྒྱུ་རེད།

  འདི་ནི་མཚོ་ཤར་དྲག་ཆས་ཉེན་རྟོག་དཔོན་དམག་གིས་སྡོང་འཛུགས་ལ་བྲེལ་བཞིན་པའི་ཚུལ་རེད། ཁོང་ཚོར་སྡོང་བོ་༥༠༠༠ལྷག་གི་འོས་འགན་བཞག་ཡོད་པ་རེད།

  འདི་ནི་ཟླ༤བའི་ཚེས༦ ཉིན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཀྱི་སྐྱེད་ཚལ་ཆུང་ཆུང་ཞིག་ཏུ་ནགས་ལས་པ་བཅུ་ཕྲག་གིས་ཐང་སྙོམ་པ་དང་ལུད་རྫས་འཇོག་པའི་ལས་ལ་བྲེལ་བཞིན་པ།

  ལོ་ཙཱ་བ། ཁོན་ཐར་འཚོ།