ལ་དོན་སྐོར་གྱི་མཐའ་དཔྱད།

ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-04-10 15:27:04      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

  ལ་དོན་སྐོར་གྱི་མཐའ་དཔྱད།

  ཐུབ་བསྟན་ཕུན་ཚོགས།

  འགའ་ཞིག་ལོག་ལམ་ཞེན་པའི་འོ་དོད་དང་། །

  ལ་ལས་བརྗོད་དོན་མི་རྟོགས་འཁྲུལ་རྩོད་སོགས། །

  དགག་སྒྲུབ་རིག་པའི་འཕྲུལ་འཁོར་གང་ཡོད་པ། །

  སྨྲ་བའི་ལྗགས་འདབ་ཡངས་པོར་ད་སྐྱོད་ཅིག །

  ཐུ་མིའི་ལྗགས་འདབ་ཆུ་འཛིན་འཁྲིག་པའི་ཀློང་། །

  རྣམ་དག་སི་ཏུའི་དགོངས་པའི་ཆར་གྱི་རྒྱུན། །

  སློབ་རའི་སྐྱེད་ཚལ་རྒྱན་དུ་འབབ་པ་ན། །

  རིག་པའི་ཆུ་སྐྱེས་བཞད་པ་ཆོས་ཉིད་ཡིན། །

  སུམ་ཅུ་པའི་རྩ་བ།

  རྗེས་འཇུག་ཡི་གེ་བཅུ་རྣམས་ལས། །

  གང་མིང་མཐའ་ན་བཅུ་པ་གནས། །

  དེ་ལ་ཨཱ་ལི་གཉིས་པ་སྦྱར། ། 【 སུ】

  གང་མིང་མཐའ་ན་བརྒྱད་པ་གནས། །

  དེ་ལ་གཉིས་པ་ཨུ་ཡང་སྦྱར། ། 【 ར་རུ】

  གང་མིང་མཐའ་ན་གསུམ་པ་གནས། །

  དེ་ལ་ཨཱ་ལི་གཉིས་པ་སྦྱར། ། 【དུ】

  བཞི་པ་དགུ་པ་དངོས་ཀྱང་སྟེ། ། 【 ན་ལ】

  ལས་དང་ཆེད་དང་རྟེན་གནས་དང་། །

  དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །

  ལ་དོན་གྱི་ཕྲད་རྣམས་འཇུག་ཚུལ་བཤད་པ།

  ལ་དོན་གྱི་ཕྲད་ནི་ཕྲད་ཡང་ཡིན་ལ་རྣམ་དབྱེ་ཡང་ཡིན་པ་ཞིག་རེད། ཕྲད་ཀྱི་ངེས་ཚིག་ནི། མིང་དོན་ཕན་ཚུན་ཕྲད་པར་བྱེད་པའི་རྐྱེན་ཡིན་པས་ཕྲད་ཅེས་བྱ། ཕྲད་དང་རྣམ་དབྱེའི་གོ་དོན་ལ། 《ཐུ་མིའི་དགོངས་གནད་གསལ་བའི་མེ་ལོང་》ལས། སྤྱིར་ཕྲད་ལ་འདྲ་མིན་སྣ་ཚོགས་ཞིག་ཡོད་ཀྱང༌། སུམ་ཅུ་པའི་དངོས་བསྟན་གྱི་ཕྲད་ལ་མཚོན་ན། ཁྱད་ཆོས་བཞི་ལྡན་ཞིག་སྟེ། ① སྐབས་དང་བསྟུན་ནས་གསར་དུ་སྦྱར་བ།

  ② རང་ངོས་ནས་དོན་ཅི་ཡང་མི་སྟོན་པ།

  ③ དོན་སྟོན་པའི་ཐ་སྙད་དང་སྒྲ་གདངས་མི་འདྲ་བ།

  ④ ཕྲད་དེ་སྦྱར་བས་དོན་གྱི་ཁྱད་པར་གསར་པ་ཞིག་འདོན་ཐུབ་པ་སྟེ་བཞིའོ། །

  དེ་ལས་ཁྱད་ཆོས་བཞི་པའི་དོན་ནི། དཔེར་ན། སླའོ། ཞེས་པའི་འོ་སྒྲ་ནི་བཏོན་པའི་སྒྲ་གདངས་ཡང་ཞིང་དམའ་ལ། དོན་སླ་བསྡུའི་ཐ་སྙད་ཙམ་མཚོན། འོ་མ། ཞེས་པའི་‘འོ་’ནི་ཕྲད་མིན་པས་བཏོན་པའི་སྒྲ་གདངས་ལྕི་ཞིང་མཐོ་ལ། འོ་མའི་མིང་གི་ཐ་སྙད་མཚོན་པས་དོན་མི་འདྲ། དེས་མཚོན་ཕྲད་དང་མིང་གཉིས་ཀར་སྦྱར་ཆོག་པ་གཞན་རྣམས་ཀྱང་རིགས་འགྲེའོ། །

  དེའང་སྒྲ་གདངས་མི་འདྲ་བའི་ཁྱད་པར་ཙམ་ནི། མིང་གི་ཐོག་མཐའ་ལའང་ཡོད་པ་དཔེར་ན། ཀ་བ་ཞེས་པའི་ཀ་གདངས་མཐོ་ཞིང༌། གདེངས་ཀ་ཞེས་པའི་ཀ་གདངས་དམའ་བའི་ཁྱད་ཡོད་མོད། ཐ་སྙད་ལ་ནི་མིང་ཡིན་པར་མཚུངས་པ་ལྟ་བུས་མཚོན་ནོ། །

  ཕྲད་ཀྱི་ཁྱད་ཆོས་དེ་ལྟར་བཞག་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཁྱད་ཆོས་དང་པོས་མིང་མཐའ་དང་ཕྲད་མི་འཁྲུལ་བའི་དགོས་པ། གཉིས་པས་ཕྲད་དང་རྣམ་དབྱེ་དང་པོ་མི་འཁྲུལ་བའི་དགོས་པ། གསུམ་པས་མིང་དང་ཕྲད་ཀྱི་ཁྱད་པ་ཤེས་པའི་དགོས་པ་ཙམ་དུ་མ་ཟད། ཅན་ལྡན་དང༌། མེད་མིན་ལྟ་བུ་སུམ་ཅུ་པའི་སྐབས་ཀྱི་བདག་དགག་གི་སྒྲ་རུ་མི་འཁྲུལ་བའི་དགོས་པའང་ཡོད། ཁྱད་ཆོས་བཞི་པས་ཕྲད་ཀྱི་བྱེད་ལས་ཤེས་པའི་དགོས་པ་བཅས་ཡོད་པས་མཁས་པའི་རྗེས་སུ་འབྲངས་ཏེ་བཀོད་པའོ། །

  ཕྲད་དེ་ལའང་ནང་གསེས་ཕྲད་ཙམ་དང༌། རྣམ་དབྱེའི་ཕྲད་གཉིས། ཕྲད་ཙམ་གྱི་མཚན་ཉིད་ནི། ཕྲད་གང་ཞིག རང་སྦྱར་ཡུལ་དེའི་དོན་གསལ་བ་དང༌། མཚམས་སྦྱོར་བ་སོགས་ལ་ཕན་འདོགས་བྱེད་ཙམ་དུ་གྱུར་པ་དེའོ། ཙམ་སྒྲས་ནི་རྣམ་དབྱེའི་མཚན་ཉིད་གཅོད། ལ་ལས་ཕྲད་རྐྱང་ཡང་ཟེར། །

  རྣམ་དབྱེའི་མཚན་ཉིད་ནི། ཆོས་གང་ཞིག་གི་དོན་གྱི་ངོ་བོའམ་ཁྱད་པར་གཞན་ལས་རྣམ་པར་དབྱེ་བའི་དོན་ཅན་ནམ་ཕྲད་དེའོ། །དེའང་ངོ་བོ་གཞན་ལས་རྣམ་པ་དབྱེ་བའི་དོན་ཅན་ནི་རྣམ་དབྱེ་དང་པོ་དང༌། ཁྱད་པར་གཞན་ལས་རྣམ་པར་དབྱེ་བའི་ཕྲད་ནི་རྣམ་དབྱེ་གཉིས་པ་ལ་སོགས་པའི་རྣམ་དབྱེ་གཞན་རྣམས་སོ། །

  རིགས་ལམ་དང་མཐའ་དཔྱད་སྐོར།

  ཁ་ཅིག་ན་རེ། ཕྲད་ཡིན་ན་རྣམ་དབྱེ་མ་ཡིན་པས་ཁྱབ་ཞེ་ན། སུ་ར་རུ་ཏུ་ན་ལ་དུ་ལ་སོགས་པ་དེ་དག་ཆོས་ཅན། རྣམ་དབྱེ་མ་ཡིན་པར་ཐལ། ཕྲད་ཡིན་པའི་ཕྱིར། ཁྱབ་པ་ཁས། ① མ་གྲུབ་ན། དེ་དག་ཆོས་ཅན། ཕྲད་ཡིན་པར་ཐལ། མིང་ནས་ཚིག་ཏུ་གྲུབ་བྱེད་ཀྱི་རྐྱེན་ཡིན་པའི་ཕྱིར། དེ་ཚིག་ཕྲད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ② རྩ་བར་འདོད་ན། དེ་དག་ཆོས་ཅན། རྣམ་དབྱེ་ཡིན་པར་ཐལ། རྣམ་དབྱེ་གཉིས་བཞི་བདུན་པ་རྣམས་སྟོན་བྱེད་ཀྱི་རྐྱེན་ཡིན་པ་གང་ཞིག བྱ་བའི་ཡུལ་དང་། དགོས་ཆེད། གནས་གཞི་རྣམས་ཀྱི་ཡུལ་ལས་རྣམ་པར་དབྱེ་བའི་རྐྱེན་གྱི་ཡི་གེ་ཡིན་པའི་ཕྱིར། །

  ཕྲད་དང་རྣམ་དབྱེའི་ཁྱབ་མཐའ་སྐོར།

  【༡】 ཕྲད་ཡིན་ན་རྣམ་དབྱེ་ཡིན་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། ཕྲད་རང་དབང་ཅན་ལ་སོགས་པ་རྣམ་དབྱེ་མ་ཡིན་པའི་ཕྲད་མང་པོ་ཡོད་པའི་ཕྱིར། །

  【༢】 རྣམ་དབྱེ་ཡིན་ན་ཕྲད་ཡིན་པས་ཨེ་ཁྱབ་ཅེ་ན། དེའང་མ་ཁྱབ་སྟེ། རྣམ་དབྱེ་དང་པོ་མིང་རྐྱང་ལས་ཕྲད་མ་ཡིན་པའི་ཕྱིར།

  【༣】 ཕྲད་གཞན་དབང་ཅན་ཡིན་ན་རྣམ་དབྱེ་ཡིན་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། ཕྲད་གཞན་དབང་ཅན་དང་རྣམ་དབྱེ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པའི་ཕྱིར། །

  མུ་བཞི་ཡོད་ནི།

  ① ཕྲད་གཞན་དབང་ཅན་ཡིན་ལ་རྣམ་དབྱེ་མིན་པའི་མུ། སླར་བསྡུ། རྒྱན་སྡུད། ལྷག་བཅས། འབྱེད་སྡུད་བཞི།

  ② ཕྲད་གཞན་དབང་ཅན་མིན་ལ་རྣམ་དབྱེ་ཡིན་པའི་མུ། ན་ལ་དང༌། ནས་ལས། འབོད་སྒྲ་ལྟ་བུའོ། །

  ③ ཕྲད་གཞན་དབང་ཅན་དང་རྣམ་དབྱེ་གཉིས་ཀ་ཡིན་པའི་མུ། ན་ལ་གཉིས་མ་གཏོགས་པའི་ལ་དོན་གྱི་ཕྲད་གཞན་རྣམས་དང༌། འབྲེལ་སྒྲ་དང༌། བྱེད་སྒྲ་བཅས་སོ། །

  ④ གཉིས་ཀ་མ་ཡིན་པའི་མུ། ཕྲད་རང་དབང་ཅན་དྲུག་ལྟ་བུའོ།

  【༤】 ཚིག་ཕྲད་ཡིན་ན་ཚེག་བར་གཅིག་ཅན་ཁོ་ན་ཡིན་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། གང་དག དེ་དག གང་རྣམས། དེ་རྣམས། ཇི་སྙེད། དེ་སྙེད། ལ་སོགས་ཚེག་བར་གཉིས་དང་གསུམ་ཅན་གྱི་ཕྲད་དུ་མ་ཡོད་པའི་ཕྱིར། །

  【༥】 ཕྲད་གཞན་དབང་ཅན་གྱི་སྡེ་ཚན་དུ་བསྟན་པའི་ཕྲད་ཡིན་ན་ཚིག་ཕྲད་རྐྱང་པ་ཡིན་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། དེ་ལས་ལ་དོན་དང་། ཨི་ལྡན་འབྱུང་ཁུངས་རྣམས་རྣམ་དབྱེ་ཡང་ཡིན་པའི་ཕྱིར། །

  【༦】 ཕྲད་གཞན་དབང་ཅན་གྱི་སྡེ་ཚན་དུ་བསྟན་པའི་ཚིག་ཕྲད་ཡིན་ན་རྗེས་འཇུག་ལ་ལྟོས་ནས་སྦྱོར་དགོས་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། ལ་དོན་སྐབས་ཀྱི་ལ་ན་གཉིས་དང་། འབྱུང་ཁུངས་ཀྱི་ལས་ནས་གཉིས་བཅས་རྗེས་འཇུག་ལ་ལྟོས་མི་དགོས་པ་རང་དབང་དུ་འཇུག་ཆོག་པའི་ཕྱིར། །

  【༧】 བྱ་བའི་ཡུལ་གཙོ་བོར་སྟོན་པའི་ཆེད་དུ་འཇུག་པའི་ལ་དོན་གྱི་ཕྲད་ཡིན་ན་རྣམ་དབྱེ་གཉིས་པ་ཡིན་པས་ཨེ་ཁྱབ་ཅེ་ན། ཁྱབ་སྟེ། དེ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་མཚན་ཉིད་ཡིན་པའི་ཕྱིར། །

  【༨】 རྣམ་དབྱེ་བཞི་པ་ཡིན་ན་བྱ་བའི་ཡུལ་ལ་ཕན་ཐོགས་དགོས་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། བྱ་བའི་དགོས་ཆེད་གཙོ་བོར་སྟོན་པའི་ཆེད་དུ་ལ་དོན་གྱི་ཕྲད་འཇུག་པ་རྣམ་དབྱེ་བཞི་པའི་དོན་ཡིན་པའི་ཕྱིར། །

  【༩】 རྣམ་དབྱེ་བདུན་པའི་དཔེར་བརྗོད་ཡིན་ན་ཁྱོད་ཡོད་སྒྲ་དང་ལྷན་ཅིག་ཏུ་འཇུག་དགོས་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། བྱ་བའི་རྟེན་གནས་གཙོ་བོར་སྟོན་པའི་ཆེད་དུ་ལ་དོན་གྱི་ཕྲད་འཇུག་པ་རྣམ་དབྱེ་བདུན་པ་ཡིན་པའི་ཕྱིར། དེས་ན་རྣམ་དབྱེ་བདུན་པ་མཚན་ཉིད་པ་ཡིན་ན་བྱ་ཚིག་དང་ལྷན་ཅིག་ཏུ་འཇུག་དགོས་སོ། །

  【༡༠】 བྱ་ལས་ངོ་བོ་གཅིག་པར་སྟོན་བྱེད་ཀྱི་ཕྲད་ཡིན་ན་ལ་ན་གཉིས་ཀྱི་ཕྲད་མི་འཇུག་པས་ཨེ་ཁྱབ་ཅེ་ན། ཁྱབ་སྟེ། ལ་ན་གཉིས་ཀྱི་ཕྲད་འཇུག་པའི་ཚིག་སྦྱོར་ཡིན་ན་བྱ་ལས་ངོ་བོ་གཅིག་པའི་དོན་ཡོང་མི་སྲིད་པའི་ཕྱིར། །

  【༡༡】 ལ་དོན་གྱི་ཕྲད་ཡིན་ན་ལ་དོན་གྱི་དོན་ཁོ་ན་སྟོན་པའི་ཆེད་དུ་འཇུག་པ་ཉིད་དུ་ངེས་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། ལ་ཡིག་ལྷག་མ་འདྲེན་པ་དང་། མཚམས་སྦྱོར་གཉིས་ལ་འཇུག་པ་གང་ཞིག ན་ཡིག་ཀྱང་རྒྱུ་མཚན་སྟོན་པ་ལ་སོགས་པ་འཇུག་སྒོ་བརྒྱད་ཡོད་པའི་ཕྱིར། །

  【༡༢】ལ་དོན་གྱི་ཕྲད་ཡིན་ན་རང་གི་འཇུག་ཡུལ་ལས་དང་ཆེད་དང་རྟེན་གནས་དང་། དེ་ཉིད་ཚེ་སྐབས་ལྔ་ལ་འཇུག་པ་ཉིད་དུ་ངེས་ོས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། ལ་དོན་གྱི་ཕྲད་ལ་ན་གཉིས་པོ་དེ་བྱ་ལས་ངོ་བོ་གཅིག་པའི་དེ་ཉིད་སྟོན་པའི་ཆེད་དུ་མི་འཇུག་པའི་ཕྱིར། །

  ལ་དོན་གྱི་ཕྲད་རྣམས་འཇུག་ཚུལ་གྱི་མཚན་ཉིད།

  ༡ བྱ་བའི་ཡུལ་གཙོ་བོར་སྟོན་པའི་ཆེད་དུ་ལ་དོན་གྱི་ཕྲད་འཇུག་པ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་མཚན་ཉིད།

  ༢ བྱ་བའི་དགོས་ཆེད་གཙོ་བོར་སྟོན་པའི་ཆེད་དུ་ལ་དོན་གྱི་ཕྲད་འཇུག་པར་རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་མཚན་ཉིད།

  ༣ བྱ་བའི་རྟེན་གཞི་གཙོ་བོར་སྟོན་པའི་ཆེད་དུ་ལ་དོན་ཀྱི་ཕྲད་འཇུག་པ་རྣམ་དབྱེ་བདུན་པའི་མཚན་ཉིད།

  ༤ བྱ་ལས་ངོ་བོ་གཅིག་པར་སྟོན་པའི་ཆེད་དུ་ལ་དོན་གྱི་ཕྲད་འཇུག་པ་དེ་ཉིད་ཀྱི་མཚན་ཉིད།

  ༥ བྱ་བའི་དུས་གཙོ་བོར་སྟོན་པའི་ཆེད་དུ་ལ་དོན་གྱི་ཕྲད་འཇུག་པ་ཚེ་སྐབས་ཀྱི་མཚན་ཉིད། །

  རྣམ་དབྱེ་གཉིས་བཞི་བདུན་པའི་དཔེར་བརྗོད།

  དཔེར་བརྗོད་རིགས་གཉིས།

  དཔེར་བརྗོད་རིགས་གསུམ།

  དེ་ཉིད་དང་ཚེ་སྐབས་ཀྱི་དཔེར་བརྗོད། 

  ཁོ་བོས་དཔྱད་པ་ལྟར་ན། རྣམ་དབྱེ་བདུན་པའི་དཔེར་བརྗོད་ལ་རིགས་གསུམ་དུ་ངེས་ཏེ། དང་པོ། བྱ་བའི་རྟེན་གནས་གཙོ་བོར་སྟོན་པ། དཔེར་ན། སློབ་ཁང་ནང་དུ་སློབ་སྦྱོང་བྱེད། ཤིང་སྡོང་དུ་ཁུ་བྱུག་གྲགས། གཡུལ་དུ་གོ་བགོས། མཚོན་ཁར་བསད་ལྟ་བུ་རྣམས་སོ། །

  གཉིས་པ། ཡུལ་གང་ལ་དངོས་པོ་གང་ཞིག་ཡོད་པའམ་མེད་པར་སྟོན་པ། དཔེར་ན། ལྷ་ཁང་དུ་མཆོད་རྟེན་ཡོད། ས་འོག་ཏུ་སྟོབས་ལྡན་གནས། གཟུགས་ཁམས་ན་ཚངས་པ། ལྷ་ས་ལ་ཇོ་བོ་ཡོད། རྩ་ཐང་ན་ཕྱུགས་ལུག་མང་ལྟ་བུ་རྣམས་སོ།

  གསུམ་པ། སྒྲ་སྦྱོར་གྱི་དབང་དུ་གཉིས་པ་དང་མཚུངས་ལ། དོན་སྦྱོར་དབང་དུ་བདུན་པ་ལ་འཇུག་པ། དཔེར་ན། ཁུང་དུ་འཛུལ། ཆུ་ལ་ཞུགས། ལྕགས་ལ་གསེར་འབྱུག བུམ་པར་ཆུ་བླུགས་ལྟ་བུ་རྣམས་སོ། །དེ་ལྟར་རྣམ་དབྱེ་བདུན་པའི་དཔེར་བརྗོད་རིགས་གསུམ་ཡོད་པ་ངེས་པར་བྱས་ནས་ལ་དོན་གྱི་འཇུག་ཚུལ་ལ་ཞིབ་འཇུག་གནང་ན་དཔེར་བརྗོད་རྣམས་དབྱེ་འབྱེད་བདེ་བའི་དགོས་པར་སྣང༌། །

  རྣམ་དབྱེ་བདུན་པ་ལ་རིགས་མི་འདྲ་བ་གསུམ་ཡོད་ན། འོ་ན་རྣམ་དབྱེ་བདུན་པའི་མཚན་ཉིད་ཀྱིས་དེ་དག་ལ་མ་ཁྱབ་པའི་སྐྱོན་མེད་དམ་ཞེ་ན། དེ་ལ་སྐྱོན་མེད་དེ་འདིར་བྱ་བའི་རྟེན་གཞི་གཙོ་བོར་སྟོན་པ་ཞེས་པར། གཙོ་བོ་ཞེས་པའི་ཚིག་སྨྲོས་པ་ལ་དགོས་པ་ཡོད་དེ། དེས་བྱ་ཚིག་མེད་པའི་རྣམ་དབྱེ་བདུན་པ་མེད་པ་གཅོད་པའི་ཆེད་དུ་ཡིན་པའི་ཕྱིར་ཏེ། རྣམ་དབྱེ་བདུན་པའི་དཔེར་བརྗོད་ཡིན་ན་བྱ་ཚིག་ཅན་ཡིན་པས་མ་ཁྱབ་པར་སྟོན་པའི་ཆེད་དུ་ཡིན་པའི་ཕྱིར། །

  དེ་ཉིད་སྐོར་ལ། 《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས》 ལས། ལ་ན་གཉིས་དེ་ཉིད་ལ་འཇུག་པའི་དཔེར་མང་པོ་ཞིང་བཀོད་འདུག་ཀྱང༌། དེ་དག་ལ་ཞིབ་ཏུ་དཔྱད་ན་མང་ཆེ་བ་ནི་རྣམ་དབྱེ་བདུན་པའི་དཔེར་བརྗོད་མ་ནོར་བ་ཁོ ་ནར་འདུག འགའ་ཞིག་ཡུལ་སྐད་ཀྱི་དབང་གིས་དེ་ཉིད་ཀྱི་དཔེར་བརྗོད་དུ་གོ་ཞིང་ཡོད་པར་འདྲ་བ་ལས། ཁོ་བོས་ཇི་ལྟར་དཔྱད་ཀྱང་བྱ་ལས་ངོ་བོ་གཅིག་པའི་དོན་ཞིག་ཡོད་པ་གཏན་ནས་རྙེད་ཅིང་མི་འདུག འདིར་དཔེར་མཚོན་ཙམ་འགའ་ཞིག་བཤད་ན། བ་ལང་ལ་དཀར་ཟལ་ཡོད། ཤིང་ལ་ཙན་དན་ཡོད། བོད་མི་ལ་མཁས་པ་ཡོད། འབྲུ་ལ་གྲོ་ཡོད་སོགས་དེ་ཉིད་ཀྱི་དཔེར་བརྗོད་ཡིན་ཚུལ་སྐོར་མང་པོ་ཞིག་གསལ་བཤད་གནང་འདུག་ཀྱང༌། དེ་དག་འགྲེལ་བཤད་ཇི་ལྟར་བྱས་ཀྱང་རྣམ་དབྱེ་བདུན་པའི་དཔེར་ཁོ་ནར་སྣང༌། སྤྱིར་བཏང་ལ་དོན་གྱི་ཕྲད་དེ་བྱ་ལས་ངོ་བོ་གཅིག་པ་ལ་འཇུག་པའི་དཔེར་བརྗོད་ཅིག་དགོས་ཤིང་། དཔེར་བརྗོད་འདི་དག་གི་ལ་དོན་གྱི་ཕྲད་ཀྱི་རྗེས་སུ་བྱ་ཚིག་གཅིག་ཀྱང་མི་འདུག དེས་ན་ལ་དོན་གྱི་ཕྲད་བྱ་ལས་ངོ་བོ་གཅིག་པ་ལ་འཇུག་པའི་མཚན་ཉིད་ཚང་ཡོད་པ་མ་རེད། །

  ལ་དོན་སྐོར་གྱི་རྣམ་བཤད་རྒྱས་པ་ཤེས་པར་འདོད་ན་ཁོ་བོས་བྲིས་པའི་བརྡ་སྤྲོད་རྣམ་བཤད་སི་ཏུའི་དགོངས་རྒྱན་ཏུ་གཟིགས་པར་འཚལ། །

རྩོམ་འཇུག་པ།ལྷ་ཆེན་རྒྱལ།