༣༧༥ཡི་བོད་ཀྱི་ཚེ་ཐར་རིག་གནས་དང་འབྲེལ་བའི་ངོ་བཅར་ལས་རིམ། ཁག༡པོ།

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-04-11 16:01:30      རྩོམ་སྒྲིག་པ། : ཡེ་ཤེས །

        དྲི་བ། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་མདོ་འཛིན་པ་ལྷ་རྒྱལ་བཀྲ་ཤིས།

        དྲིས་ལན། སེར་བྱེས་ལྷ་རམས་པ་དགེ་བཤེས་བསོད་ནམས་བཟང་པོ།

        {ལྷ་རྒྱལ་བཀྲ་ཤིས།} མཛའ་ཞིང་བརྩེ་བའི་ཉན་མཁན་གྲོགས་པོ་རྣམ་པ།མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་དྲ་བའི་མདུན་གྱི་དྲ་གྲོགས་རྣམ་པ། སྐུ་ཁམས་བཟང།ཁྱེད་ཚོས་དུས་ལྟར«375ཐད་གཏོང་ཁང»ལེ་ཚན་ལ་ཉན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།ང་ལེ་ཚན་འདིའི་མདོ་འཛིན་པ་ལྷ་རྒྱལ་བཀྲ་ཤིས་ཡིན། དེ་རིང«375ཐད་གཏོང་ཁང»གིས་བོད་ཀྱི་དམངས་ཁྲོད་ཚེ་ཐར་རིག་གནས་རྒྱུད་འཛིན་ཁྲོད་གནས་པའི་གནད་དོན་སྐོར་གླེང་པ་ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད།གདན་ཞུའི་སྐུ་མགྲོན་ནི། སེར་བྱེས་ལྷ་རམས་པ་དགེ་བཤེས་བསོད་ནམས་བཟང་པོ་མཆོག་ཡིན། གླེང་གཞི་འདི་འདྲ་ཞིག་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི།སྲོལ་རྒྱུན་གྱི་ཆོ་ག་ཟེར་ན་ཆོག་ལ། བོད་ཀྱི་ཆོས་ལུགས་དང་འབྲེལ་བའི་ཆོ་ག་ཞེས་བརྗོད་ནའང་ཆོག སྤྱིར་ཚེ་ཐར་ལ་གཏོང་བའི་ཆོ་ག་འདི་བྱུང་ནས་ད་ལྟའི་བར་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་པོ་ཞིག་འགོར་ཡོད།དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་འཕེལ་རྒྱས་ཁྲོད་དུ་ཚེ་ཐར་གྱི་ཆོ་ག་འདིས་མིའི་རིགས་ཀྱིས་གཞན་ལ་འཚེ་བ་མེད་པའི་སློབ་གསོའི་ནུས་པ་མི་དམན་ཞིག་ཐོན་ཡོད།དེའང་ཕྱུགས་ཟོག་ཚེ་ཐར་ལ་གཏོང་བ་དང་། རྩྭ་རྩི་ཤིང་དང་སྡོང་བོ་ཚེ་ཐར་ལ་གཏོང་བ། ཚེ་ཐར་གཏོང་ཕྱོགས་དང་ཆོ་ག་སྤེལ་ཕྱོགས་རྣམ་པ་སྣ་ཚོགས་ཤིག་འདུགཉེ་བའི་ལོ་འདི་དག་གི་རིང་དང་། ལྷག་པར་དུ་དུས་རབས་གསར་བའི་རིག་གནས་སྣ་མང་གི་གདོང་གཏུག་ཁྲོད་དུ།བོད་ཀྱི་ཚེ་ཐར་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་གོ་རིམ་འདི་ལ་འགྱུར་བ་གང་མང་ཞིག་བྱུང་དང་འབྱུང་བཞིན་ཡོད།དེང་གི་དུས་འདིར། ཚེ་ཐར་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་བོད་སྲོལ་རྒྱུན་གྱི་ཚེ་ཐར་ལམ་ལུགས་སམ་ཚེ་ཐར་གཏོང་བའི་ཆོ་ག་དང་མི་མཐུན་པའི་ཆ་གང་ཞིག་ཡོད་པ།ཡང་ན་དམ་པའི་ཆོས་དང་མི་མཐུན་པའི་ཚེ་ཐར་གྱི་ཆོ་ག་སྣ་ཚོགས་ཤིག་ཇི་ལྟར་མགོ་འབུར་བྱུང་བཞིན་ཡོད་པ་སོགས་ཀྱི་ཐད་ལ་བསམ་གཞིག་དང་བགྲོ་གླེང་མ་བྱས་ན།གཅིག་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཁྲིམས་ལ་འགལ་བའི་གནད་དོན་མང་པོ་སྣང་བ། གཉིས་ནས་དམ་པའི་ཆོས་དང་མི་མཐུན་པའི་བྱ་སྤྱོད་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ།རྒྱུ་མཚན་འདི་དག་གི་དབང་གིས་ལེ་ཚན་འདི་བཀོད་སྒྲིག་བྱ་པ་ཡིན། ཞོལ་ནས་དེ་རིང་གི་གདན་ཞུའི་སྐུ་མགྲོན་སེར་བྱེས་ལྷ་རམས་པ་དགེ་བཤེས་བསོད་ནམས་བཟང་པོ་མཆོག་དང་མཉམ་དུ་ཐེངས་འདི་ལེ་ཚན་གྱི་ནང་དོན་དངོས་ལ་འཇུག་པའི་མགོ་རྩོམ།

        {ལྷ་རྒྱལ་བཀྲ་ཤིས།} ཡ། རྒན་ལགས། སྐུ་ཁམས་བཟང་།

        {དགེ་བཤེས་བསོད་ནམས་བཟང་པོ།} བདེ་མོ། བདེ་མོ།

        {ལྷ་རྒྱལ་བཀྲ་ཤིས།}ཐོག་མར་ཁྱེད་ཀྱིས་དེ་རིང་གི་ལེ་ཚན་འདིར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ།ངས་ཁྱེད་ལ་འདྲི་འདོད་པའི་དྲི་བ་དང་པོ་ནི། ཚེ་ཐར་གཏོང་བའི་དགེ་བའམ། དམིགས་ཡུལ་གཙོ་བོ་ཅི་ཞིག་རེད།དེ་ཡང་ཆོས་དང་སྦྱར་ནས་ཁ་བརྡ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

        {དགེ་བཤེས་བསོད་ནམས་བཟང་པོ།} ཡ། ལགས་སོ།ལགས་སོ། ཐོག་མར་ངས་དེ་རིང་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་ཉན་མཁན་ཚང་མ་ལ། གོ་སྐབས་འདི་བརྒྱུད་ནས་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།དེ་ནས་དེ་རིང་ཚེ་ཐར་གྱི་སྐོར་ནས་ཁ་བརྡ་བྱེད་རྒྱུའི་གོ་སྐབས་བྱུང་བ་ལ་ཧ་ཅང་དགའ་ཡོད།ཁྱེད་ཀྱི་དྲི་བ་དང་པོ་ནི། སྤྱིར་ཚེ་ཐར་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ལྟར་ན། ཚེ་ཐར་གྱི་དགོས་པ།དམིགས་ཡུལ། བརྒྱུད་རིམ་སོགས་གང་འདྲ་རེད་ཅེས་པ་དེ་རེད། ནང་པ་སངས་རྒྱས་པའི་ཆོས་གཞུང་དུ།ཚེ་ཐར་ཟེར་དུས་སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན་ཞེས་པ་ལྟར་སྦྱིན་པ་ལ་རྣམ་གྲངས་བཞི་ཡོད།སྦྱིན་པ་བཞི་ནི་ཟང་ཟིང་གི་སྦྱིན་པ། ཆོས་ཀྱི་སྦྱིན་པ། མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པ།བྱམས་པའི་སྦྱིན་པ་དང་བཞི་རེད། བྱམས་པའི་སྦྱིན་པ་ནི་ཀུན་སློང་རེད། ཆོས་ཀྱི་སྦྱིན་པ་དང་ཟང་ཟིང་གི་སྦྱིན་པ་ནི་སྦྱིན་པ་བྱེད་ན་ཆོགམི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སོགས་གང་བྱེད་ནའང་ཀུན་སློང་ནི་ཆེས་གལ་ཆེ་ཤོས་དེ་རེད།བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་སྦྱིན་པ་གསུམ་པོ་ཉམས་སུ་བླང་དགོས་པ་ནི་ཆོས་གཞུང་གི་འགྲོ་ལུགས་ཤིག་རེད།ཆོས་ཅི་འདྲ་ཞིག་བྱེད་ན། ཐོག་མཐའ་གཉིས་ལ་བྱ་བ་གཉིས། ཐོག་མར་ཀུན་སློང་གལ་ཆེ་བ། མཐའ་མར་བསྔོ་བ་གལ་ཆེ་བ།བར་དུ་དངོས་གཞི་ལག་ལེན་དེ་གལ་ཆེན་པོ་རེད། དེ་ཡིན་དུས། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ཟེར་དུས།སྲོག་ལ་འཇིགས་སྐྲག འཆི་ལ་ཉེ་བ། དེ་འདྲའི་འཇིགས་སྣང་གི་ཚེ་སྲོག་ཤོར་ལ་ཉེ་དུས་སྲོག་ཐར་བ་བྱེད་པ་དེ་སྲོག་གི་སྦྱིན་པའམ་མི་འཇིགས་པའི་སྦྱིན་པ་རེད།དེ་འདྲ་ཡིན་དུས། ཟང་ཟིང་གི་སྦྱིན་པས་ལུས་ལ་ཕན་ཟེར། དབུལ་བའི་སྐབས་འབྱོར་བ་སྦྱིན་པ།ན་བའི་སྐབས་སྨན་སྦྱིན་པ་སོགས་ཟང་ཟིང་གི་སྦྱིན་པས་ལུས་ལ་ཕན་པ་ཡིན། ཆོས་ཀྱི་སྦྱིན་པས་སེམས་ལ་ཕན།མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དེས་སྲོག་ལ་ཕན་གྱི་ཡོད། སེམས་ཅན་གྱི་དོན་སྒྲུབ་ཟེར་བ་དེ་ལུས་སེམས་སྲོག་གསུམ་ལ་ཕན་པར་བྱེད་པ་དེ་ལ་གོ་བ་ཡང་ཡོད།ལམ་ལུགས་དེའི་སྟེང་ནས་ཚེ་ཐར་ཟེར་བ་དེ་དར་ཡོང་གི་ཡོད། ཚེ་ཐར་བྱེད་པའི་སྐབས་ལ་ཡང་། དུད་འགྲོ།ཉ་སྲིན། ནོར་ལུག་སེམས་ཅན་གང་འདྲ་ཞིག་ཡིན་ན་ཡང། ཐོག་མར་ཁྱོད་ཀྱིས་སེམས་ཅན་དེ་དག་ཚེ་ཐར་གཏོང་བའི་སྐབས་ལ་ཀུན་སློང་དེ་དངོས་གནས་བྱམས་པ་དང་སྙིང་རྗེའི་ཀུན་སློང་ཡོད་དགོས་པ་དེ་ཆེས་གལ་ཆེན་ནང་གི་དོན་ཆེན་ཆགས་ཀྱི་ཡོད།ཐོག་མར་ཀུན་སློང་གལ་ཆེ་བ་ཟེར་བ་དེ་རེད།

        ཚེ་ཐར་དང་སྲོག་བླུ་གཉིས་མི་འདྲ་བའི་དབྱེ་བ་ཕྱེས་ན་ཅུང་ཟད་ཕྱེ་རྒྱུ་ཡོད།སྲོག་བླུ་ཟེར་དུས་གསོད་ལ་ཉེ་བའི་དུད་འགྲོ་དེར་ཁྱེད་ཀྱིས་སྙིང་རྗེ་ཡག་པོ་བསྐྱེད་ནས།སྲོག་དེ་བླུས་པ་ཡིན་ན་སྲོག་བླུ་རེད། སྲོག་བླུས་ཚར་བའི་རྗེས་ནས་ཕ་རོལ་པོ་སྲོག་གི་འཇིགས་པ་ལས་ཐར་ཐུབ་པ་ཡིན།སེམས་ཅན་སུ་འདྲ་ཞིག་ཡིན་ནའང་འཆི་བ་ལས་ཞེད་སྣང་ཆེ་བ་ཞིག་མེད་པས། འཇིགས་པ་དེ་ལས་སྐྱབས་པ་ན་གནས་སྐབས་སྲོག་བླུ་བ་རེད།སྲོག་བླུས་གནས་སྐབས་སྲོག་བླུ་བ་ཙམ་ལས། རྒྱུན་དུ་བདག་གཅེས་བྱེད་པའི་ཀུན་སློང་དང་མ་འོངས་པར་སྲོག་ལ་འགན་ཁུར་ཡོད་མེད་ཀྱི་གསལ་ཁ་མེད'གནས་སྐབས་སྲོག་སྐྱོབ་པ་ཙམ་རེད། རྗེས་སུ་སྲོག་གི་འགན་ཆ་ཚང་ངས་ཁུར་གྱི་ཡིན་ཟེར་བ་དེ་མ་རེད།

        ཚེ་ཐར་ཟེར་ན། སྲོག་ལྡན་སུ་འདྲ་ཞིག་ཡིན་ན་མ་ཤི་བར་དུ་ཚེ་དེ་ངས་ཐར་བ་བྱེད་དགོས།དེ་གཉིས་མ་འདྲ་ས་དེ་ཙམ་ཞིག་རེད། ཚེ་ཐར་བར་བྱས་ཚར་བའི་རྗེས་ལ་བསྔོ་བ་ཡག་པོ་བྱེད་རྒྱུ་དེ་རེད།སྦྱོར་བ་དང་དངོས་གཞི་མཇུག་ཅེས་མདོར་ན་སྦྱོར་དངོས་མཇུག་གསུམ་ཚང་དགོས་པ་ཡིན་ནོ།། ཐོག་མར་ཁྱེད་ཀྱིས་ཚེ་ཐར་གཏོང་བའི་སྐབས་ལ་བྱམས་སྙིང་རྗེ་ཁོ་ནས་ཚེ་སྲོག་ཐར་བ་བྱེད་པ་ལས།དམིགས་ཡུལ་དང་དགོས་པ་གཞན་ཞིག་ཡོད་ན་ཆོས་དང་མཐུན་གྱི་མེད། ཁ་ཤས་ཀྱིས་ལུས་ཀྱི་ན་ཚ་སེལ་བྱེད་དང།ཁ་ལས་རླུང་རྟ་དར་བྱེད། བྱ་བ་ལམ་འགྲོ་རྒྱུག་བྱེད་སོགས་བསམ་ཚུལ་འདྲ་མིན་གྱིས་ཚེ་འདི་འབའ་ཞིག་གི་ཆེད་དུ་ཚེ་ཐར་བྱས་པ་དེ།ང་རང་ཉིད་ཁོ་ནར་ཕན་པར་ཤོག་བསམ་པའི་དམིགས་ཡུལ་ངེས་ཅན་བཟུང་ནས་ཚེ་ཐར་བྱས་པ་ཡིན་པས་ཆོས་དང་གཏན་ནས་མི་མཐུན་པ་ཡིན།ཚེ་འདི་ལ་ཞེན་ན་ཆོས་པ་མིན། །འཛིན་པ་ལ་ཞེན་ན་ལྟ་བ་མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན།།འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །ཞེས་གསུངས་པ་ལྟར། ཚེ་འདི་ཁོ་ན་ལ་ཆགས་ནས་དེ་ལྟར་བསྒྲུབས་ན་ཆོས་དང་མི་མཐུན།སྤྱིར་ང་རང་ཚོར་ཞེན་ཆགས་ཅུང་ཙམ་མེད་པ་དཀའ་མོ་རེད་དེ། ཚེ་འདི་འབའ་ཞིག་གི་ཆེད་དུ་མིན་པར་མ་མཐའ་ཡང་སྐྱེ་བ་ཕྱི་མ་ཞིག་བསམ་དགོས།སེམས་ཅན་སོ་སོར་སྙིང་རྗེའི་ངང་མ་མཐའ་ཡང་རང་གི་དམིགས་ཡུལ་ཡང་ཚེ་ཕྱི་མ། འབྲིང་ཙམ་ཡིན་ན་ཐར་བ།རབ་བྱུང་ན་ཐམས་ཅད་མཁྱེན་པའི་གོ་འཕང་གི་རྒྱུ་འགྲོ་བའི་ཆེད་དུ་ཆོས་སྒྲུབ་ཀྱི་ཡོད་བསམ་པའི་ཀུན་སློང་།མཐར་ཐུག་གི་དམིགས་ཡུལ་དེ་འདྲ་ཞིག་ཡོད་དགོས། དེ་ནི་ནང་པ་སངས་རྒྱས་པའི་ཚེ་ཐར་འགྲོ་ལུགས་ཀྱི་ངོ་བོ་རགས་ཙམ་ཞིག་ཡིན།

        {ལྷ་རྒྱལ་བཀྲ་ཤིས།} རེད་རེད། རྒན་ལགས། གོང་ནས་ཁྱེད་ཀྱིས་བཤད་པ་ནང་བཞིན།སྤྱིར་ཚེ་ཐར་གཏོང་བའི་སྐབས། དོན་བྱ་ཞིག་འགྲུབ་པའི་ཆེད་དུ། ཡང་ན་སློབ་མ་ཞིག་གིས་རྒྱུགས་འཕྲོད་པའི་ཆེད་དུ།ཡང་ན་མི་གཞན་ཞིག་གིས་ཚེ་འདིའི་དོན་དུ་ཚེ་ཐར་གཏོང་བ་ཡིན་ན། དམ་པའི་ཆོས་ཀྱི་གཞུང་དང་མི་མཐུན་པའི་ཚེ་ཐར་གཏོང་ཕྱོགས་རེད་ཅེས་གསུངས་སོང།འོ་ན། དེ་རིང་ཁ་སང་ཚེ་ཐར་གཏོང་ཕྱོགས་ཀྱི་ཆ་འདི་ལ་ཡང་བསྐྱར་ཕྱིར་དྲན་བྱས་ཏེ་བོད་རང་གི་སྔ་མའི་སྲོལ་རྒྱུན་ལྟར་ཆོས་དང་མཐུན་པའི་ཚེ་ཐར་གཏོང་ན་གཏོང་ཕྱོགས་ག་འདྲ་ཞིག་རེད།

        {དགེ་བཤེས་བསོད་ནམས་བཟང་པོ།} སྔོན་མའི་སྲོལ་རྒྱུན་གྱི་ཚེ་ཐར་གཏོང་ཕྱོགས་ཤིག་ཡོད།ང་རང་ཆུང་ཆུང་སྐབས་ཀྱི་འབྲོག་པའི་འཚོ་བའམ་གནས་སྟངས་ཤེས་ཀྱི་ཡོད། སྐབས་དེར་ཚེ་ཐར་ནི་རིན་ཐང་ཆེན་པོ་ཞེ་དྲག་ཡོད།ཚེ་ཐར་དེ་ཡང་སྤུ་མདོག་ཡག་ཤོས་དང་མཛེས་ཤོས་རིགས་དེ་ཚེ་ཐར་བྱེད་ཀྱི་ཡོད། ཟོག་ལུག་བརྒྱའི་ནང་ནས་གསུམ་བཞི་ཙམ་རེད།གྲངས་མང་པོ་མེད། གྲངས་ཀ་ལ་འབྲེལ་བ་ཆེན་པོ་མི་འདུག སྤུས་ཚད་ལ་འབྲེལ་བ་ཆེན་པོ་ཡོད་རེད།ཚེ་ཐར་བྱེད་ཚར་བའི་རྗེས་ནས་ཚེ་ཐར་ངོ་མ་ཡིན། སྲོལ་རྒྱུན་གྱི་ཚེ་ཐར་གཏོང་ཕྱོགས་དེ་ངས་བསམ་ན་ཧ་ཅང་ཡག་པོ་རེད།ཚེ་ཐར་བྱེད་དུས་རྣ་མཆོག་ཕུག་ཅིང་རྣ་དར་བཏགས། ཡང་ན་ར་དར་བཏགས། གོས་ཆེན་རིགས་འདྲ་མིན་བཏགས་ནས་ཡོད།དེ་འདྲ་ཡིན་དུས་ཁོ་རང་དུད་འགྲོ་ཡིན་ན་ཡང་མི་ཚང་མས་འདི་ཚེ་ཐར་རེད་ཟེར་ནས་དགའ་སྣང་དང་རྩ་ཆེན་བརྩི་བའི་ལུགས་སྲོལ་ཡོད།ང་རང་ཕྲུ་གུ་སྐབས་ཀྱི་ཚོར་སྣང་ལ་ལྷ་གཡག་དང་ལྷ་ལུག་རེད་ཟེར་དུས་སྤྲོ་སྣང་དང་དུང་བ་ཆེན་པོ་ཡོད།སྐབས་དེ་དུས་ཚེ་ཐར་རིན་ཐང་ཡོད་ལ། ཚེ་ཐར་བྱས་པ་དེ་ཡང་ཕ་རོལ་པོས་གནོད་འཚེ་བྱེད་ཀྱི་མ་རེད།ཁོར་ཡུག་ལ་གནོད་འཚེ་ཡོད་པ་མ་རེད། དཔལ་འབྱོར་ལ་གནོད་འཚེ་ཡོད་པ་མ་རེད། མ་ཟད་ཚེ་ཐར་བཏང་ཚར་བའི་རྗེས་ནས་ཚེ་ཐར་དངོས་གནས་རེད།རྐུ་མ་ཡིན་ན་ཡང་ཟོག་ལུག་རྐུ་བའི་དུས་ལ་ཚེ་ཐར་ཡིན་ན་བསད་ཀྱི་མ་རེད་ཅེས་ཟེར་སྲོལ་ཡོད།རྐུ་མའི་སེམས་ནང་ལ་ཡང་ཚེ་ཐར་ཟེར་དུས་རིན་ཐང་ཆེན་པོ་ཞིག་ཏུ་རྩི་བཞིན་ཡོད། སྲོལ་རྒྱུན་གྱི་ལམ་ལུགས་དེ་འདྲ་ཞིག་ཡིན།དེ་ངས་ཞེ་དྲག་ཡག་པོ་རེད་བསམ་གྱིན་ཡོད།

        {ལྷ་རྒྱལ་བཀྲ་ཤིས།} རེད་རེད། སྤྱིར་རོང་འབྲོག་ཕྱོགས་ས་ཁུལ་གྱི་ཚེ་ཐར་གཏོང་ཕྱོགས་ལ་རིགས་སྣ་ཚོགས་ཤིག་འདུགངའི་ཕ་ཡུལ་ཕྱོགས་ཡིན་ན། ནོར་ཁྱུ་ནས་ཚེ་ཐར་གཏོང་ན་ཆོག་གི ལུག་ཁྱུ་ནས་ཚེ་ཐར་གཏོང་ན་ཆོགཡང་ན་རྟ་ཁྱུ་ནས་ཚེ་ཐར་གཏོང་ན་ཆོག་གི ཉིན་བཟང་སྐར་བཟང་གི་དུས་ཚོད་ཅིག་ལ་ཚེ་ཐར་བྱེད་ཀྱི་ཡོད།སྲུང་ཐག་བཏགས་ནས་ཚེ་ཐར་ལ་བཏང་རྗེས། ཚེ་ཐར་དེ་ཉིད་མ་ཤི་བར་དུ་ཚེ་མགོ་ཐོན་པ་བྱེད་པ་དང་།ཚེ་ཐར་དེ་ནོར་ལུག་གང་ཡིན་ཡང་བདག་སྐྱོང་ཡག་པོ་བྱེད་ནི་རེད། ད་རུང་ཤིང་སྡོང་ཚེ་ཐར་གཏོང་བའི་སྲོལ་ཡང་ཡོད།སྡོང་བོ་ཚང་མ་ཚེ་ཐར་གཏོང་གི་མ་རེད། སྡོང་བོ་ཡག་ཤོས་དང་སྡོང་བོ་ཆེ་བའི་རིགས་རེ་གཉིས་ཚེ་ཐར་གཏོང་གི་རེད།སྔོན་ནས་ད་བར་དེ་ལྟར་རྒྱུན་འཛིན་བྱས་པ་རེད། ཞོལ་ནས་ངས་ཁྱེད་ལ་འདྲི་འདོད་པའི་དྲི་བ་ནི།དེང་གི་དུས་འདིར་ཚེ་ཐར་གཏོང་བའི་རྣམ་པ་ལ་འགྱུར་བ་ག་འདྲ་བྱུང་བཞིན་ཡོད་པ་དེ་རེད། དེའང་ཁྱེད་ཀྱིས་སྤྱི་ཚོགས་ཀྱི་སྣང་ཚུལ་སྣ་ཚོགས་ལས་རང་གི་མཐོང་ཐོས་དངོས་ལ་སྦྱར་ནས་དབྱེ་ཞིབ་གནང་རོགས།

        {དགེ་བཤེས་བསོད་ནམས་བཟང་པོ།} རེད་རེད། དེ་ང་རང་གི་ཉམས་མྱོང་དང་། སྤྱི་ཚོགས་ནང་གི་མཐོང་ཐོས་མང་པོ་ཞིག་ལ་བརྟེན་ནས་ངས་རྒྱ་ཡིག་སྟེང་ཚེ་ཐར་སྐོར་བྲིས་མྱོང་།དེའི་ནང་ཚེ་ཐར་ལ་ཤེས་རབ་ཀྱི་གྲོགས་དགོས་ཟེར་བ་དང་། དེ་རིང་ཁ་སང་གི་ཚེ་ཐར་གཏོང་ཕྱོགས་ནི་དངོས་ཡོད་ཀྱི་འཁོར་བ་རེད་ཅེས་རྩོམ་ཐུང་འགའ་བྲིས་མྱོང་།དེ་གང་ཡིན་ཟེར་ན། ནང་པ་སངས་རྒྱས་པའི་ཆོས་གཞུང་ནས་བཤད་པའི་ཚེ་ཐར་ལ་ངས་དགག་བཞག་གང་ཡང་བྱས་མེད།རྒྱུ་མཚན་ང་རང་ནང་པ་ཞིག་ཡིན་པའི་ཆ་ནས་ཚེ་ཐར་གྱི་ལྟ་གྲུབ་དེ་ཡག་པོ་དང་རྗེས་སུ་ཡི་རང་ཡོད།འོན་ཀྱང་། ང་ཚོའི་སྤྱི་ཚོགས་ནང་། བོད་ནང་ཡིན་ན་རེད། རྒྱ་ནང་ཡིན་ན་རེད། ཚེ་ཐར་བྱེད་པའི་བྱེད་སྲོལ་དེ་ཧ་ཅང་ཤུགས་ཆེན་པོ་དར་ཞིང་སྔ་མོ་ལས་འགྱུར་བ་ཕྱིན་ནས།གཅིག་ནས་ཚོང་ལས་ཀྱི་ངོ་བོར་གྱུར་བ་དང་། གཉིས་ནས་ཀུན་སློང་གི་ངོ་བོ་འགྱུར་བ། གསུམ་ཚེ་མགོ་མི་ཐོན་པ་བཅས་ཀྱི་དཀའ་ངལ་དོན་ཚན་གསུམ་འདུས་པའི་སྐད་ཆ་དེ་བཤད་པ་ཡིན།ང་རང་ཡིན་ན་སྔོན་མ་ཕྱི་རྒྱལ་ལུང་པར་ལོ་ཤས་བསྡད་པ་ཡིན། ཕྱི་རྒྱལ་ལ་ཚེ་ཐར་གྱི་ལམ་ལུགས་འདི་དར་སྲོལ་ཆེན་པོ་མེད།ཕྱིས་སུ་བོད་ནང་ལོག་སྐབས་ཚེ་ཐར་གྱི་བྱེད་སྒོ་འདི་ཡག་པོ་འདུག་བསམ་སོང་། ང་རང་གིས་དང་པོར་རྒྱ་ཡུལ་ནས་ཚེ་ཐར་གཏོང་བའི་མགོ་བཙུགས་པ་ཡིན།མཚམས་རེར་རྒྱ་རིགས་བཅུ་གྲངས་ལྷག་དང་། མང་དུས་རྒྱ་རིགས་བརྒྱ་ཉིས་བརྒྱ་ལྷག་རེ་ཡོང་དུས་ཀྱང་ཡོད།ལན་རེར་ངོ་ཤེས་པ་ཁ་ཤས་ཀྱིས་དེ་རིང་ཚེས་བཟང་དུས་བཟང་ཡིན་པས་སྲོག་བླུ་བྱེད་ཀྱི་ཡོད། ཁྱོད་ཡོང་རོགས་ཟེར་ནས་སྐད་གཏོང་བ་ཁ་ཤས་ཀྱང་བྱུང་མྱོང་།བརྒྱུད་རིམ་དེའི་ཁྲོད་ནས་རང་གི་ཚོར་སྣང་སྣ་མང་ཞིག་ལས་ལམ་ཁ་གསར་པའམ་ཡང་ན་ལམ་ཁ་གཞན་ཞིག་གདམས་པ་ཡིན།

        {ལྷ་རྒྱལ་བཀྲ་ཤིས།}རེད།ངས་ཀྱང་གོ་མྱོང་། དྲྭ་ཐོག་ཅིག་ནས་ཁྱེད་ཀྱིས་ཚེ་ཐར་སྐོར་ལ་སྐད་ཆ་མང་པོ་བཤད་འདུག དེ་མིན།དྲ་ལམ་ཞིག་ནས་ཁྱེད་ཀྱིས་རྒྱ་ནང་གི་མི་མང་པོ་ཞིག་དང་མཉམ་དུ་ཚེ་ཐར་གཏོང་བཞིན་པའང་རིག་མྱོང་།ད་ནི་ཚེ་ཐར་གྱི་ཆོ་ག་དེ་ཚོང་ལས་ཅན་ལ་ཕྱོགས་པའི་རྣམ་པ་ཧ་ཅང་ཐལ་དྲགས། འཇིག་ཉེན་ཆེ་བའི་རྣམ་པ་ཞིག་རེད་ཅེས་བཤད་བཞིན་ཡོད།འདིའི་སྐོར་བཤད་ན་ཁྱེད་རང་ཉིད་ཀྱང་ཐོག་མར་ལམ་ཁར་དེར་ཞུགས་པ་རེད། དེ་རིང་གི་ལེ་ཚན་ནང་དུ་ཚེ་ཐར་གྱི་སྐོར་གླེང་སྐབས་ཁྱེད་ཀྱི་སྔོན་མའི་བསམ་བློ་དང་ད་ལྟའི་བསམ་བློའི་བར་ལ་འགལ་བ་ག་འདྲ་ཡོད་རེད།

        {དགེ་བཤེས་བསོད་ནམས་བཟང་པོ།} སྔོན་གྱི་བསམ་བློ་དང་ད་ལྟའི་བསམ་བློའི་བར་འགལ་འདུ་ཅུང་ཟད་ཡོད།དེ་གང་ཡིན་ཟེར་ན། དང་པོ་ང་ལམ་དེར་ཞུགས་དགོས་པའི་རྒྱུ་མཚན། སྤྱིར་ནང་པ་སངས་རྒྱས་པའི་ཆོས་གཞུང་ནང་ཚེ་ཐར་དེ་གལ་ཆེན་པོ་ཡིན་པ་གསུངས་ཡོད།གཙོ་བོ་རྒྱུ་མཚན་གཅིག་དེ་ཡིན། གཉིས་ནས་ལག་ལེན་དངོས་གཞི་སྟེང་ནས་དེ་འདྲ་བྱེད་ཡོང་དུས་ང་རང་ནང་པ་སངས་རྒྱས་པའི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས།ངས་དེར་རྒྱབ་རྩ་བྱེད་རྒྱུ་དང་། ཡང་ན་ངས་མགོ་འདྲེན་བྱེད་རྒྱུ་དེ་དཀའ་བའི་ལས་ལྟ་བུ་ཞིག་ཆགས་ནས་ཡོད།སྐབས་དེ་དུས་དེ་འདྲ་ཞིག་དྲན་ཡོད། ཡིན་ཡང་ཚེ་ཐར་གཏོང་བའི་བརྒྱུད་རིམ་གྱི་ཁྲོད་དཀའ་ངལ་མང་པོ་ཞིག་འདུགགཅིག་ནས། རང་དོན་འབའ་ཞིག་གི་ཆེད་དུ་ཚེ་ཐར་བྱེད་པ། ཡང་ན་ཚེ་འདི་འབའ་ཞིག་གི་ཆེད་དུ་ཚེ་ཐར་གཏོང་བ་བཅས་ནི་ནང་པའི་ཆོས་གཞུང་ནས་བཤད་ན་ཀུན་སློང་གི་གནད་དོན་ཆེན་པོ་རེད།གཉིས་ནས་བྱ་བ་དངོས་གཞི་ཚེ་ཐར་བྱེད་པའི་སྐབས་ལ་རྙོག་གྲ་ཡོད་ས་དེ་རྒྱ་ཡུལ་དང་བོད་ཡུལ་གཉིས་གཙོ་བོ་རེད།དང་པོ་རྒྱ་ཡུལ་ལ་དཔེ་མཚོན་ཙམ་ཞུས་ན། ཚེས་བཟང་དུས་བཟང་ལ་ཉ་སོགས་མང་པོ་སྒོར་ཁྲི་ཉི་ཤུ་སུམ་ཅུ་དང་།གོ་ཚུལ་ལ་བོད་ཀྱི་བླ་མ་དང་། རྒྱའི་བླ་མ་སོགས་མང་པོ་མཉམ་འབྲེལ་གྱིས་ཁྲི་བརྒྱ་ཕྲག་མང་པོའི་ཚེ་ཐར་གཏོང་མཁན་ཡོད་ཟེར།བརྒྱུད་རིམ་དེ་དག་གི་ཁྲོད་ནས་མི་ཕལ་མོ་ཆེ་ལ་ཀུན་སློང་ཡག་པོ་མེད་པ། ཚེ་འདིའི་ཚོང་ལས་ལམ་འགྲོ་ཡོང་ཐབས།ལུས་ལ་ན་ཚ་མི་ཡོང་བ། བཟའ་ཚང་འཆམ་མཐུན་ཡོང་བ། ཕྲུ་གུ་ཡག་པོ་ཡོང་བ་སོགས་མདོར་ན་ཚེ་འདི་འབའ་ཞིག་གི་ཆེད་དུ་ཚེ་ཐར་གཏོང་བའི་སྐད་ཆ་བཤད་ཀྱི་ཡོད།དེ་ནི་དྲང་མོ་བཤད་ན་ཆོས་གཞུང་དང་མི་མཐུན་པ་རེད། གཉིས་པ། ཉ་དེ་འདྲ་མང་པོ་ཉོས་ན་སྒོར་མོ་དེ་སུའི་ལག་ལ་འགྲོ་བའི་སྐོར་ལའང་བསམ་གཞིག་བྱེད་དགོས་འདུག

        {ལྷ་རྒྱལ་བཀྲ་ཤིས།} སྔོན་མར་ཁྱེད་ཀྱིས་ཉ་མོ་ཚེ་ཐར་གཏོང་སྐབས་ཉ་གང་ནས་ཉོས་པ་དང་སུའི་ལག་ནས་ཉོས་པ་ཡིན།

        {དགེ་བཤེས་བསོད་ནམས་བཟང་པོ།} དེ་ནི་ཉའི་ཚོང་ར་ནས་ཉོས་པ་རེད།

        {ལྷ་རྒྱལ་བཀྲ་ཤིས།} སྐབས་དེར། ཁྱེད་རང་ཚོས་ཉ་ཉོ་ས་དང་ཚེ་ཐར་གཏོང་སའི་ཡུལ་གང་ཡིན།

        {དགེ་བཤེས་བསོད་ནམས་བཟང་པོ།} པེ་ཅིན་སོགས་གྲོང་ཆེར་ཆེ་ཁག་ནས་ཉོས་པ་རེད།ང་རང་དང་ཐོག་ཐཱན་ཅན་ལ་སོང་བ་ཡིན། ད་ནི་དེའི་སྐོར་ལ་བསམ་གཞིགས་མང་པོ་བྱས་ཡོང་དུས། སྐབས་དེའི་ཉའི་ཚོང་དཔོན་དང་།ཉ་བཙོང་མཁན། རྒྱའི་དགེ་བསྙེན་སོགས་ཀྱི་བར་ལ་ཐད་ཀར་འབྲེལ་བ་ཟབ་པོ་ཡོད་རེད། ངས་དེ་ལ་བསམ་བློ་མང་པོ་གཏོང་དུས།ཆོས་པ་ཚོས་དཀའ་བ་བརྒྱ་ཕྲག་གི་ལམ་ནས་སྒོར་མོ་ཁྲག་བསགས་བརྣག་བསགས་བྱས་ཤིང་། བསགས་པའི་དངུལ་དེ་གང་ལ་འགྲོ་གྱིན་འདུག་ཟེར་ན།ཉ་བ་དང་ཤན་པའི་ལག་ལ་ཤོར་གྱི་འདུག དེ་ནི་བློ་ཕམ་པོ་ཞིག་རེད། གང་ཡིན་ཟེར་ན་ཉ་བ་དང་ཤན་པ་ཟེར་ན་མི་ཚེ་ནས་མི་ཚེ་རྒྱུན་མཐུད་ནས་ཕ་མེས་ཡང་མེས་ནས་ལས་ཀ་ནི་སྲོག་གཅོད་ཀྱི་ལས་ཀ་རེད།ཆོས་པ་ཚོའི་སྒོར་ཁྲི་བརྒྱ་ཕྲག་མང་པོ་ཁོང་ཚོའི་ལག་ཏུ་སོང་ན། ཉའི་ཁྲོམ་ར་ཇེ་ཆེ་དང་ཚོང་བ་ཇེ་ཕྱུག་ལ་ཆགས་ཀྱི་ཡོད།མ་ཟད་ཚོང་བ་ཇེ་མང་དང་ཉ་འཛིན་པའི་འཕྲུལ་ཆ་སོགས་ཇེ་ཡག་རེད། དེ་ལ་བལྟས་ནས་མི་ལ་ལ་ཞིག་གིས་ཀྱང་བྱ་བ་དེ་ལ་ཧམ་པ་ལངས་ནས་ཤན་པའི་ལས་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་རེད།ང་ཚོས་ཆོས་སྒྲུབ་ཀྱི་ཡོད་པ་ལས་ཚོང་རྒྱག་གི་མེད། ཚོང་ལས་པ་ཡིན་ན་ཚོང་ཕར་འགྲོ་ཚུར་ཡོང་ཡོད་པ་འགྲིག་པ་ཞིག་རེད།མཚམས་རེར་གྱོང་དང་ལན་རེར་ཁེ་བཟང་ཡོང་གི་རེད། དེ་ནི་ཚོང་གི་འགྲོ་ལུགས་རེད། ཆོས་ཟེར་བ་དེ་ཆོས་ཆོས་སུ་འགྲོ་བ་ཞིག་དགོས་པ་དེ་གལ་ཆེན་པོ་རེད།དེ་ཡང་ལམ་རིམ་ལས། ཆོས་ཆོས་སུ་མ་སོང་ན། ཆོས་ཀྱིས་སླར་ཡང་ངན་སོང་དུ་སྐྱེའོ་ཞེས་གསུངས་ཡོད།དེ་ཡང་སྦྱོར་བ་དངོས་གཞི་མཇུག་གསུམ་ཀ་ལ་རག་ལས་པ་ཡིན། ང་ལ་ཀུན་སློང་དང་དངོས་གཞི་ཡག་པོ་ཡོད།མཇུག་འབྲས་ག་རེ་སོང་ན་སོང་ཟེར་ན་འགྲིག་གི་མ་རེད། སྦྱོར་བ་དངོས་གཞི་མཇུག་གསུམ་ཀ་ཚང་དགོས།མི་དགེ་བ་ཞིག་བསྒྲུབ་ན་ཡང་སྦྱོར་བ་དངོས་གཞི་མཇུག་གསུམ་ཚང་ན་མི་དགེ་བའི་ལས་དེ་ཆ་ཚང་བ་རེད།དགེ་བ་ཞིག་བསྒྲུབ་ན་ཡང་སྦྱོར་དངོས་མཇུག་གསུམ་ཚང་དགོས་ཡོད། མ་ཚང་ན་ཆོས་ཆོས་མིན། འཇིག་རྟེན་འཇིག་རྟེན་མིན།དམ་པའི་ལྷ་ཆོས་མིན། འཇིག་རྟེན་མི་ཆོས་མིན་པ་ཞིག་ཆགས་ཀྱི་ཡོད། ངས་ནམ་རྒྱུན་ངོ་ཤེས་པ་ཚོ་ལ་བཤད་ཀྱི་ཡོད།ང་རང་ཆོས་པ་ཚོ་ལ་ཤེས་རབ་དགོས། རྣམ་དཔྱོད་དགོས། སྙིང་རྗེ་དགོས་པ་རེད་དེ། སྙིང་རྗེའི་གྲོགས་ལ་ངེས་པར་དུ་ཤེས་རབ་དང་རྣམ་དཔྱོད་དགོས།ཤེས་རབ་ནི་ནང་པ་སངས་རྒྱས་པའི་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ཡིན། བཟོད་པ། སྦྱིན་པ། སྙིང་རྗེ་སོགས་ནི་ཆོས་ལུགས་གཞན་པའི་ནང་ལ་ཤུགས་ཆེན་པོ་བཤད་ཀྱི་ཡོད།ནང་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ། ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་ཤེས་རབ་ཟེར་བ་དེ་ཡིན།ཤེས་རབ་མེད་ན་ཆོས་དེ་ཆོས་སུ་མི་འགྲོ། ངས་ཚེ་ཐར་སྐོར་ལ་ཞིབ་འཇུག་བྱས་དུས་ཀུན་སློང་ཚོད་ཚོད་ཅིག་རེད།དངོས་གཞི་སྐབས་ལ་ཚེས་བཟང་དུས་བཟང་ནམ་ཡིན། ཉ་བ་དང་བཤན་པ་ཚོ་ཧ་ཅང་གི་ངེས་ཆ་ཆེན་པོ་རེད།དེ་རིང་སྤྱན་རས་གཟིགས་ཀྱི་དུས་ཆེན་རེད། དེ་རིང་རྗེ་བཙུན་སྒྲོལ་མའི་དུས་ཆེན་རེད་ཟེར།ཁོ་ཚོས་དུས་ཆེན་ཚང་མ་ཤེས་ནས་ཡོད། ངོ་མ་བཤད་ན་དགེ་སྒྲུབ་བྱེད་པའི་དུས་ཚོད་ནམ་ཡིན་ཉ་བ་དང་ཤན་པས་ཤེས་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད།དེ་དག་ཤེས་པ་ང་རང་ཡ་མཚན་གྱི་ཡོད། ལྷག་པར་དུ་ཚེ་ཐར་གཅིག་པོ་བྱེད་པའི་རྒྱ་བོད་བླ་སྤྲུལ་སྟོབས་ཆེན་རིགས་ཀྱང་ཧ་གོ་ནས་འདུགདེ་ནི་ཡ་མཚན་ཞིག་ཡིན། སྤྱིར་ཉ་བ་ལ་རྗེ་བཙུན་སྒྲོལ་མའི་དུས་ཆེན་ལ་འབྲེལ་བ་ཆེན་པོ་མེད།དེ་ནི་ཚེས་བཟང་དུས་བཟང་སྐབས་ལ་ཚོང་ཡག་པས་ཡིན། སྔར་ཉ་བ་མ་ཡིན་མཁན་དེ་ཡང་ཉ་བ་ཆགས་ནས་འདུགཚོང་ར་དེ་རྒྱ་ཇེ་ཆེ་འགྲོ་དོན་ཡང་དེས་ཡིན། སྤྱིར་མི་སོ་སོར་ཚོང་ལས་སོགས་ཡོད་པས། ང་ཚོས་དེ་བཀག་འགོག་བྱེད་རྒྱུ་ཡོད་པ་མ་རེད།མི་རྣམས་ཐམས་ཅད་རང་རང་གི་འཚོ་ལུགས་རེ་ཡོད། དེ་འདྲ་ཡིན་དུས། སྒོར་མོ་འདི་ཉ་བ་དང་བཤན་པའི་ལག་ལ་འགྲོ་དུས་མཐའ་མེད་པར་སྡིག་ལས་ཁོ་ན་འགྲོ་ཞིང་།ཆོས་པ་ཚོས་ཉ་བ་དང་ངཤན་པའི་རྒྱབ་རྩ་འདྲ་བོ་ཆགས་ཀྱི་ཡོད། དེ་འདྲ་བྱས་ན་འགྲིག་གི་མ་རེད་དྲན་གྱི་ཡོད།བཀག་འགོག་བྱེད་མི་ཐུབ་ཀྱང་། བྱེད་ཆོག་གི་ཡོད་ཀྱི་མ་རེད་ལ། མ་ཆོག་ན་རྒྱབ་རྩ་བྱེད་དགོས་དོན་ཡོད་པ་མ་རེད།དེ་ངས་བཤད་འདོད་པ་གཅིག་ཡིན།

        གཉིས་ནས། ཚེ་ཐར་བྱས་ཚར་བའི་རྗེས་ནས་དེ་རིང་ཉ་རླངས་འཁོར་གཉིས་གསུམ་སོགས་ཅི་ཙམ་ཡོད་རུང་།མཚོ་ཞིག་གི་ནང་བླུགས་ཀྱི་ཡོད། ཚེ་ཐར་བྱེད་མཁན་ཚོས་ཉ་བ་ལ་འབྲེལ་བ་བྱས་ཏེ། ང་ལ་སྒོར་ཁྲི་བཅུ་ཡི་དགོས།ང་ལ་ཉི་ཤུ་དགོས་སོགས་འཚང་ཁ་ཤིག་ཤིག་གིས་ཉོ་མཁན་ཕན་ཚུན་བར་འཕྲོག་བཅོམ་ལྟ་བུས་ཉོ་བཞིན་ཡོད།ཁ་ཤས་ཀྱིས་དེ་རིང་ཚེས་བཟང་དུས་བཟང་ཡིན་པས་ཉ་ཡག་པོ་རག་གི་མ་རེད་ཟེར་མཁན་ཡང་འདུག དེ་ལྟ་བུའི་གནས་ཚུལ་རེད།ཉ་དེ་རག་ཚར་ན་སྒོར་མོ་སྤྲད་དེ་ཉ་ཁུར་ནས་ཆུའི་ནང་གཏོང་དུས། གཏོང་སའི་མཚོའམ་ཆུ་སོགས་ལ་འཕྲོད་མིན་གྱི་དཔྱད་ཞིབ་རྩ་བ་ནས་མེད།ཉ་གང་ནས་བཟུང་བ་ཡིན་པ་དང་ཉ་དེ་ཆུ་དེ་ལ་འཕྲོད་མིན། ཉ་དེའི་ཁོར་ཡུག་ལ་རན་མིན་སོགས་དཔྱད་པ་རྩ་བ་ནས་མེད།ཚན་རིག་པའི་དཔྱད་པ་བྱེད་དུས་ཉ་དེ་ཆུ་ནང་གི་ཁ་དབུགས་འཚམ་མི་འཚམ་སོགས་ཅི་རིགས་ཡོད་ཟེར།ཆུ་དེའི་དྲོད་ཚད་དང། རྒྱུག་ཆུའི་ཉ་དེ་མཚོ་ནང་ལ་མི་འཚམ་པ་དང། མཚོ་ནང་གི་ཉ་དེ་རྒྱུག་ཆུར་གཡུགས་ན་འཆི་འགྲོ་བ་དེ་འདྲའང་འདུག

        {ལྷ་རྒྱལ་བཀྲ་ཤིས།} ཧ་ཧ་ཧ། རེད། ནང་ལོག་གི་མཚོ་ནང་གི་ཉ་དེ་རང་རེའི་མཚོ་སྔོན་པོའི་ནང་དུ་མི་འཚམ་པ་དེ་འདྲ་རེད།

        {དགེ་བཤེས་བསོད་ནམས་བཟང་པོ།} རེད། མཚོ་སྔོན་པོའི་ནང་གི་ཉ་རྨ་ཆུའི་ནང་མི་འཚམས་པ་དེ་དང་གཅིག་རེད།དེ་འདྲ་མི་ལྟ་བར་ཆུ་ཞིག་ཡིན་ན་ཆོག་པ་དང་། མཚོ་ཞིག་ཡིན་ན་འགྲིག་པར་བརྩིས་ཏེ་ཆ་ཚང་དེ་ལ་གཏོང་གི་ཡོད་རེད།རྒྱུན་དུ་ཉ་བ་ཚོས་མཚོ་དེ་དག་དང་ཆུ་དེ་དག་གི་འོག་ནས་ཉ་རྒྱ་བཀྲམ་ནས་བཞག་པ་རེད། ཉ་བས་སྔོན་མ་ནས་གྲ་སྒྲིག་བྱས་ཚར་རེད།མཚོ་དེ་དང་ཆུ་དེ་མི་ཚང་མའི་རེད། ཁྱོད་ལ་དབང་བ་དེ་འདྲ་མིན་པས། ཉ་དེ་ཁྱོད་སར་ཡོད་ཚེ་ཁྱོད་ཀྱི་རེད།ཁྱོད་ཀྱིས་སྒོར་མོ་སྤྲད་ནས་ཉོས་པ་རེད། ཆུ་ནང་བཏང་ཚར་བའི་རྗེས་ནས་ཁྱོད་ལ་དབང་བ་ཞིག་མ་རེད།ཆོས་པ་ཁ་ཤས་ཀྱིས་ཉ་དེ་ཡང་བསྐྱར་འཛིན་བཟུང་བྱེད་ཀྱིན་པ་མཐོང་དུས་རྩོད་འཛིང་ལ་ལྷུང་ནས།ང་ཚོས་ཉོས་པའི་ཉ་ལ་སྒོར་མོ་སྤྲད་ཡོད། ཁྱོད་ཚོས་བཟུང་ཆོག་གི་མ་རེད་སོགས་ཅི་འདྲ་བཤད་ན་ཕན་ཐོགས་ཡོད་པ་མ་རེད།དྲང་མོ་བཤད་ན་དེ་ཁྲིམས་མཐུན་ཞིག་མ་རེད། ཕྱོགས་གཅིག་ནས་དགེ་བ་སྒྲུབ། ཕྱོགས་གཅིག་ནས་རྩོད་འཛིང་བྱས་ཏེ་ཚིག་ངན་སྨྲ་བ་སོགས་མི་དགེ་བ་ཡིན། དེ་ལྟ་བུའི་མི་མཐུན་པ་མང་པོ་ཞིག་ཡོད།ཚེ་ཐར་གཏོང་བའི་ཉ་དེ་དག་ལས་ཕྱེད་ཀ་ཉ་བས་བཟུང་འགྲོ། ཕྱེད་ཀ་མཁའ་དབུགས་མི་འཕྲོད་པས་འཆི་འགྲོ།ཚེ་ལས་ཐར་བ་རེ་ཟུང་ལས་མེད། ཉ་བས་ཡང་བསྐྱར་བཟུང། དེའི་ཚོང་འབྲེལ་གྱིས་བཀོལ་སྤྱོད་བྱེད།ངས་དེང་སང་གི་ཚེ་ཐར་ཟེར་བ་དེ་དངོས་ཡོད་ཀྱི་འཁོར་བ་རེད་ཅེས་བཤད་མྱོང་། ཉ་དེ་དག་བཀོལ་སྤྱོད་ཙམ་ལས་ཚེ་མགོ་ཐོན་པའི་ཚེ་ཐར་ཞིག་མ་རེད།སྙིང་རྗེ། ཉ་དེ་དག་གིས་སྡུག་བསྔལ་བཟོད་མེད་མྱོང་གི་ཡོད། ནམ་རྒྱུན་ཉ་གསོད་མཁན་ཚོས་བསད།ཟ་མཁན་ཚོས་ཟ་བ་དེ་འགྲོ་ལུགས་ཤིག་རེད། ང་རང་ཚོ་དེའི་ནང་ལ་མ་ཞུགས་པར། སོ་སོའི་དངོས་སུ་སེམས་ཅན་གྱི་སྲོག་མ་བཅད།བརྒྱུད་ནས་སྲོག་མ་བཅད། བསད་པ་དང་གསད་དུ་བཅུག་པའི་བྱ་བ་དེ་འདྲ་མ་ལས་ན། དེ་ནི་རང་རང་སོ་སོའི་སེམས་ཅན་ཚེ་ཐར་བཏང་བ་རེད།ནང་པ་སངས་རྒྱས་པའི་ཆོས་གཞུང་ནས་བཤད་པའི་འཚེ་བ་མེད་པ་ཟེར་བ་དེ་རང་གིས་ཀུན་སློང་སྟེང་ནས་གསོད་འདོད་མེད་པ།ལག་ལེན་གྱི་སྟེང་ནས་གསོད་པའི་བྱ་བ་མི་བྱེད་པ་དེ་འཚེ་བ་མེད་པ་ཟེར་བ་དེ་ཡིན། ལག་ལེན་དངོས་གཞིའི་སྐབས་ལ་ཆོས་དང་མི་མཐུན་པ་མང་པོ་ཞིག་ཡོད།

        རྩོམ་འཇུག་པ། ཡེ་ཤེས་སྒྲོལ་མ།