༣༧༥ཡི་བོད་ཀྱི་ཚེ་ཐར་རིག་གནས་དང་འབྲེལ་བའི་ངོ་བཅར་ལས་རིམ། ཁག ༢ པ།

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-04-11 16:05:04      རྩོམ་སྒྲིག་པ། : ཡེ་ཤེས །
        དྲི་བ། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་མདོ་འཛིན་པ་ལྷ་རྒྱལ་བཀྲ་ཤིས།

        དྲིས་ལན། སེར་བྱེས་ལྷ་རམས་པ་དགེ་བཤེས་བསོད་ནམས་བཟང་པོ།

        {ལྷ་རྒྱལ་བཀྲ་ཤིས།} རྒྱུ་མཚན་དེའི་ཡོངས་སུ་ཧ་གོ་བ་ནས་བཟུང་།ཁྱེད་རང་དེ་ལྟ་བུའི་ཉ་མོ་ཚེ་ཐར་གྱི་ལས་ལ་མ་ཞུགས་པ་ཡིན་ནམ།

        {དགེ་བཤེས་བསོད་ནམས་བཟང་པོ།}རེད། དུས་དེ་ནས་བཟུང་ངའང་དེའི་ནང་དུ་ཞུགས་མེད།སྨྱོ་མཆོང་བྱས་ན་འགྲིག་གི་མ་རེད། ལ་ལས་ཆོས་པ་ཟེར་བ་གཟའ་རོའམ། ཀླད་སྟོང་རྨོངས་དད་ཅན་ཞིག་ཚོར་གྱི་ཡོད།ང་རང་ཚོས་བཤན་པ་ཟེར་ནས་སྡིག་ཅན་ཞིག་ལ་རྩིས་ཀྱི་རེད། མི་རབས་ནས་མི་རབས་བར་གསོད་གཏུབ་ཀྱི་ལས་བྱེད་པ་པོ་ཡིན།ཁོ་རང་ཚོས་མིག་ལ་བཟོད་མི་ཐུབ་པ་དེ་དེ་ཡིན། གང་ཡིན་ཟེར་ན་ཉ་བའི་རིགས་དག་ནི་ཆེས་ཤེས་རབ་མེད་པ་དང་།ལས་རྒྱུ་འབྲས་མེད་པའི་ལས་ངན་ཞིག་རེད། ཁོ་རང་ཚོའི་མིག་ལམ་ན་ཆོས་པ་ཚོ་གཟའ་རོ་དང་རྨོངས་པའི་སེམས་ཅན་ཞིག་མཐོང་བ་དེ་བཟོད་དཀའ་བ་ཞིག་རེད།ནང་པ་སངས་རྒྱས་པའི་ཆོས་པ་ཟེར་དུས་རྣམ་དཔྱོད་ཡོད་མཁན། ཤེས་རབ་ཡོད་མཁན་ཡིན་ཞེས་བཤད་ཀྱི་ཡོད།ཉ་བའི་མིག་ལམ་ནས་རྨོངས་སེམས་དང་གཟའ་རོ་ཅན་ཞིག་མཐོང་བ་དེ་བློ་ཕམ་པའི་གནས་ཤིག་རེད། དེ་འདྲ་ཡིན་དུས་ཆོས་སྒྲུབ་སྐབས།མི་དགེ་བའི་བྱ་བ་འབའ་ཞིག་བྱེད་མཁན་དང། ང་ཚོ་ཆོས་འབའ་ཞིག་བྱེད་ཀྱི་ཡིན་ཟེར་མཁན་གཉིས་མཉམ་འབྲེལ་གྱི་ལམ་ཀ་ཞིག་ལས་ཐབས་མི་ཡོང།ཚོང་འབྲེལ་གྱི་ལས་ཀའང་ཆགས་ཐབས་མེེད། རྒྱལ་སྲས་ལག་ལེན་སོ་བདུན་ནང། གྲོགས་ངན་སྤོང་པ་རྒྱལ་སྲས་ལག་ལེན་ཡིན་གསུངས་པ་རེད།དེའི་རིགས་ལ་ཚོང་འབྲེལ། སྒེར་འབྲེལ། ཆོས་ཟང་ཟིང་གི་འབྲེལ་བ་མ་རྩ་བྱེད་མི་ཉན། ངའི་ལྟ་བ་གཅིག་དེ་རེད།གསུམ་པ་དེ་མཐར་ཐུག་ཚེ་མི་ཐར་བ་མང་པོ་ཤི་འགྲོ་བཞིན་ཡོད། མཚོ་ཆེན་པོ་དང་ཆུ་ཆེན་པོའི་ཁར་ཚེ་ཐར་བྱས་ཏེ་ཤི་བ་རེད་ཟེར།ཉ་སོགས་རིགས་འདྲ་མིན་གྱི་རོ་མང་པོ་མཐོང་རྒྱུ་ཡོད། ཚེ་ཐར་གྱི་ལམ་ལ་བརྟེན་ནས་ཚེ་མི་ཐར་བ་བཟོས་པ།ཚེ་ཐར་གྱི་བྱ་བ་ལ་བརྟེན་ནས་ཁོར་ཡུག་སྦག་བཙོག ཚེ་ཐར་གྱི་བྱ་བ་ལ་བརྟེན་ནས་དཔལ་འབྱོར་ལ་གནོད་འཚེ་དང་འཕྲོད་བསྟེན་ལ་གནོད་འཚེ་བཟོས་པ་སོགས་མང་པོ་ཞིག་མཐོང་བས།ངས་དེའི་ཐད་ཀྱི་སྐད་ཆ་བཤད་ཀྱི་ཡོད། ཆོས་སྒྲུབ་ཡོང་དུས་དམིགས་རྒྱང་རིང་པོ་ལ་བསམ་བློ་གཏོང་དགོས་པས།གནས་སྐབས་གནས་སྐབས་ལ་འ་རེ་འུ་རེ། ཟ་ངེ་ཟིང་ངེ་བྱེད་ཉན་གྱི་མེད། ཆོས་སྒྲུབ་དུས་རང་རང་གི་ལུས་ཁམས་ལ་གནོད་འཚེ་འདུག་གམ།བསམ་བློ་གནོད་འཚེ་འདུག་གམ། ཁོར་ཡུག་ལ་གནོད་འཚེ་འདུག་གམ། འགྲོ་བ་མིའི་འཕེལ་རྒྱས་ལ་གནོད་འཚེ་འདུག་གམ།གནོད་པ་ཡོད་ན་དེ་འདྲའི་ཆོས་དེ་རྒྱུན་རིང་པོ་གནས་ཐུབ་ཀྱི་མ་རེད། གང་ལྟར་སྤྱི་ཚོགས་དང་མི་མཐུན་པའི་ཆོས་རེད།སྒེར་བ་མི་རེ་གཉིས་ཀྱིས་དེ་ལྟར་སྒྲུབ་ཐུབ་ན་ཡག་པོ་རེད། ད་བོད་ཡུལ་ལ་སྐད་ཆ་བཤད་ན། ལོ་འདི་དག་གི་ནང་རྒྱ་ཡུལ་གྱི་ཚེ་ཐར་ལམ་ལུགས་དེ་བོད་ཡུལ་ན་དར་བ་འདྲ་བོ་རེད།སྔོན་མ་ང་ཚོ་ཡོད་ཚད་ཀྱིས་ཚེ་ཐར་བྱེད་པ་དེ་འདྲ་མེད། སྲོལ་རྒྱུན་ནང་དུ་རྒྱ་ནས་ཡར་ལ་དར་བ་ཞིག་རེད།བོད་ཡུལ་ལ་མཚོན་ན། འབྲོག་པ་ཚོའི་མི་ཚེའི་འཚོ་བ་ནི་རྟ་ནོར་ལུག་གསུམ་ལ་བརྟེན་པའི་འཚོ་བ་ཞིག་རེད།ཤ་མར་ཐུད་གསུམ་གྱི་འཚོ་བ་ཡིན་ཟེར་གྱི་རེད། དྲང་མོ་བཤད་ན་དེ་འདྲ་ཞིག་རེད། རྒྱ་ཡིན་ན་འཚོ་བ་ལ་དེ་ཙམ་དཀའ་ཁག་མེད།དེ་ནི་ཉ་འབུའི་རིགས་རྫོགས་ཁག་པོ་རེད། གནས་ཚུལ་ལོགས་ཀ་ཡོད། བོད་ལ་ཡིན་ན་རྟ་ནོར་ལུག་གསུམ་ཡོད་ཚད་ཚེ་ཐར་བྱས་ན་ལྟོགས་ནས་འབྲོག་པའི་འཚོ་བ་གནས་ཐུབ་ཀྱི་མེད།ཚེ་ཐར་བྱས་ཚར་བའི་རྗེས་ལ་ཆེས་ཡ་མཚན་པའི་གནས་ཚུལ་ཞིག་ནི། ཚེ་ཐར་ཆེས་དར་བའི་ས་ཆ་ལ་རྟ་ནོར་ལུག་གསུམ་ཉུང་ཉུང་ཆགས་ཀྱི་ཡོད།གནས་ལུགས་སྟེང་ནས་སྐད་ཆ་བཤད་ན། སེམས་ཅན་ཡར་འཕར་དགོས་པ་འདྲ་བོ་རེད། བསད་ཀྱི་ཡོད་མ་རེད།ཟ་གི་ཡོད་མ་རེད། ནོར་ལུག་གིས་གང་དགོས་པ་འདྲ་བོ་ཞིག་ཡོད་རེད་དེ། ཉུང་ཉུང་ཆགས་འདུག དེ་ཁྱེད་ཀྱིས་ཞིབ་འཇུག་བྱས་ཡོད་ན་ཤེས་ཡོད་ཀྱི་རེད།ངས་ཞིབ་འཇུག་ཏོག་ཙམ་བྱེད་མྱོང། མཐོང་བ་ཡང་ཡོང། ཐོས་པ་ཡང་ཡོད། དེ་འདྲ་ཡིན་དུས། སེམས་ཅན་ཚེ་ཐར་ཤུགས་ཆེན་པོ་དར་མེད་སའི་ས་ཆའི་རྩྭ་ཐང་སྟེང་ལ་ནོར་ལུག་ལྷོད་ཤིག་ཤིག་གིས་རྒྱུན་དུ་བསྡད་ཡོད།དེའི་སྟེང་ནས་རྒྱུ་མཚན་བཤད་ན་ཚེ་ཐར་ཡང་ཚེ་མི་ཐར་བ་བཟོས་པ་འདྲ་བོ་རེད། དམ་པའི་ལྷ་ཆོས་སམ།འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ནས་བཤད་ན། རྒྱུན་པར་ནོར་རེར་སྒོར་ཉིས་སྟོང་སུམ་སྟོང་ཡིན་ན་ཡང་།ཚེ་ཐར་བྱེད་ཚར་བའི་རྗེས་སུ་རིན་གོང་ལྡབ་ལྡབ་མར་ཆགས་ནས་སྒོར་བརྒྱ་ཉིས་བརྒྱའི་སྐད་ཆར་འགྱུར་ཡོད།དེ་ནི་དཔལ་འབྱོར་གྱི་གྱོང་རེད། དམ་པའི་ལྷ་ཆོས་ཀྱི་ཕྱོགས་ནས་བཤད་ན། ཚེ་ཐར་ལ་རིན་ཐང་མེད་པ་ཆགས་སོང་།ང་ལོ་ན་ཆུང་བའི་སྐབས་སུ་ཚེ་ཐར་ཟེར་དུས་སེམས་ནང་དད་པའམ་དུང་བ་འདྲ་ཞིག་ཡོད། དེ་རིང་ཁ་སང་གི་ཚེ་ཐར་ཟེར་དུས་ཕར་གཡུགས་ཅི་ཐུབ་དང་མེད་པར་བཟོ་ཅི་ཐུབ་བྱེད།ཡང་ན་སྤྲད་ས་ཨེ་རག་བལྟས་ནས་ཡོད། ཚེ་ཐར་ཉི་ཤུ་སུམ་ཅུ་རེད་ཚར་དུས་དགོན་པ་ཞིག་ལ་སྤྲད་ས་ཨེ་རག།གཞན་དག་ཞིག་ལ་བཙོང་ས་ཨེ་རག་བསམ། གཙོ་ཆེར་སེམས་ཅན་ལ་སྙིང་རྗེ་མི་འདུག གཉིས་སུ་དུང་བ་མི་འདུགཆོས་ལུགས་ཀྱི་ཕྱོགས་ནས་བཤད་ན་རིན་ཐང་ཆུང་ཆུང་ཆགས་ཚར་འདུག དཔལ་འབྱོར་གྱི་ཕྱོགས་ནས་བཤད་པ་ཡིན་ན་རིན་ཐང་དེ་དང་གཅིག་པ་རེད།ཞེ་དྲག་ཆུང་ཚར། དེ་ཡིན་དུས། དཔལ་འབྱོར་དང་ཆོས་ལུགས་ཀྱི་ཐད་ནས་གནོད་འཚེ་ཡོད། ང་ངོ་ཤེས་པ་ཞིག་གིས་དགེ་བཤེས་ལགས།ཁྱེད་ཀྱིས་ཚེ་ཐར་སྐོར་ཡག་པོ་གསུངས་ཀྱི་འདུག དཔེ་མི་སྲིད་པའི་དགའ་བོ་བྱུང། ཚེ་ཐར་སྐོར་ཡག་པོ་མ་བཤད་ན།གྱོང་གི་སྟེང་ལ་གྱོང་། ཉེས་པའི་སྟེང་ལ་ཉེས་པ་འདུག་ཟེར་ན། གྱོང་གི་སྟེང་ལ་གྱོང་གང་འདྲ་བྱས་ནས་འདུག་པ་དང་།སྔོན་མ་ཚེ་ཐར་ལ་རིན་ཐང་ཡོད་ལ་ད་རིན་ཐང་མེད་པ་ཆགས་སོང་ཟེར། དེ་གྱོང་གི་སྟེང་ལ་གྱོང་ཆགས།ཉེས་པའི་སྟེང་ལ་ཉེས་པ་ཅི་འདྲ་ཡིན་པ་འདྲི་དུས། སྤྱིར་དུད་འགྲོ་བསད་པའི་ཉེས་པ། སྒོས་ཚེ་ཐཪ་བསད་པའི་ཉེས་པ།ཉེས་པ་ཉིས་བརྩེགས་འདུག་ཟེར། དེ་འདྲ་ཡིན་དུས་ང་རང་ཚོའི་ས་གནས་སོ་སོ་ལ་ཚེ་ཐར་གྱི་ལམ་ལུགས་དར་བ་དེ་ཕྱོགས་གཅིག་ནས་བཤད་ན་ཚེ་ཐར་གྱི་ངོ་བོ་ཡགནང་ཆོས་རེད། ཤེས་རབ་རེད། སྙིང་རྗེ་རེད། ང་ལ་རྒྱ་ངོ་ཤེས་པ་ཞིག་གིས་དྲི་བ་དྲིས་ལན་བྱེད་ཀྱི་ཡིན་ཟེར།དེ་རིང་ཁ་སང་ཁོར་ཡུག་སྲུང་སྐྱོབ་ཟེར་ནས་ཆུ་འདིའི་ནང་ཉ་འདི་དང་མཚོ་འདིའི་ནང་ཉ་འདི་ཟེར་བ་དེ་འདྲ་འདུགཁོ་རང་ཚོས་སྲུང་སྐྱོབ་བྱེད་པ་དེ་ཚེ་ཐར་དངོས་གནས་རེད། དེ་ཚན་རིག་དང་མཐུན་པ་རེད། ནང་ཆོས་ཀྱི་ཚེ་ཐར་དེ་རྨོངས་དད་ཀྱི་ཚེ་ཐར་རེད་ཅེས་བཤད་སོང།ངས་དེ་ལ་ནང་ཆོས་ཀྱི་ཚེ་ཐར་རྨོངས་དད་ཀྱིས་ཚེ་ཐར་རེད་ཟེར་བ་ནོར་འཁྲུལ་རེད། ནང་ཆོས་ཀྱི་ཚེ་ཐར་དེ་ཆེས་ཤེས་རབ་དང་ལྡན་པའི་ཚེ་ཐར་ཞིག་དང་།ཆེས་སྙིང་རྗེ་ལྡན་པའི་ཚེ་ཐར་ཞིག་རེད། ཡང་ཁོས་དྲི་བ་གཅིག་ལ། ཁྱོད་རང་གིས་ཚེ་ཐར་སྐོར་ལ་དགག་བཞག་མང་པོ་བྱས་འདུག་པ་དེ་ག་རེ་རེད་ཟེར།ངས་ཁོ་ལ་ནང་ཆོས་ཀྱི་ཚེ་ཐར་ལ་དགག་པ་རྒྱག་གི་མེད། དེ་རིང་ཁ་སང་སྤྱི་ཚོགས་ནང་གི་ཚེ་ཐར་ལམ་ལུགས་ཆོས་དང་མི་མཐུན་པའི་རིགས་ལ་དགག་པ་རྒྱག་གི་ཡོད།ཀུན་སློང་གི་ཆ་ནས་སྐྱོན་མེད་ན་ཁོར་ཡུག་གི་ཆ་ནས་སྐྱོན་ཡོང་གི་འདུག དཔེར་ན་ང་རང་ཚོ་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་དེ་འདྲ་དང་པོ་ཉམས་ལེན་ཁོ་ན་བྱེད་སའི་དགོན་པ་ཁ་ཤས་ཡང་ག་ལེར་ག་ལེར་ཚོང་གི་ཁོར་ཡུག་ཅིག་ཏུ་འགྱུར་གྱི་འདུག་པ་དེ་འདྲ་བོ་ཞིག་རེད།དེ་འདྲ་ཡིན་དུས་ངས་ནང་ཆོས་ཀྱི་ཚེ་ཐར་དེ་དགག་པ་རྒྱག་གི་མེད་པར་མ་ཟད། དེ་ལ་ཧ་ཅང་རྒྱབ་སྐྱོར་ཡོད།སྤྱི་ཚོགས་ནང་ལ་གནོད་པའི་རིགས་དེ་ངས་དགག་བཞག་བྱས་པ་ཡིན་ཞེས་བཤད་པ་ཡིན། དེ་གཉིས་ཁ་ཁར་ཕྱེ་དགོས།ཁོས་ང་ལ་དྲི་བ་གཉིས་པ་ནི། བོད་ཀྱི་ནང་ནས་བླ་མ་ཆེན་པོ། སྤྲུལ་སྐུ་ཆེན་པོ། མཁན་པོ་ཆེན་པོ།དགེ་བཤེས་ཆེན་པོ། རྒྱ་ནང་ནས་བཤད་ན། དགོན་བདག་ཆེན་པོ་ཚང་མས་ཚེ་ཐར་ཤུགས་ཆེན་པོ་གནང་གི་ཡོད།དེ་དག་གི་བྱ་ལས་ཐམས་ཅད་ཆོས་དང་མི་མཐུན་པ་ཡིན་ནམ། ཡང་ན་ཁོ་ཚོས་ཆོས་མ་ཤེས་པ་ཡིན་ནམ། ཞེས་དྲི་བ་འདྲི་མཁན་མང་པོ་བྱུང་བས།ཏོག་ཙམ་རིང་ལ་ངས་ཁོ་ཚོ་ལ་ལན་ག་འདྲ་བརྒྱབ་ན་འགྲིག་གི་རེད་བསམ་སོང་། ཧ་ཧ་ཧ།

        {ལྷ་རྒྱལ་བཀྲ་ཤིས།} རེད། རེད། ང་ཚོ་བོད་ལ་བླ་མ་དང་དགེ་བཤེས། ལྷག་པར་དུ་ལྷ་རམས་པ་ཁྱེད་དང་ཁྱེད་ལྟ་བུ་ཚང་མས་ཚེ་ཐར་གཏོང་ཐད་ལ་ཆོས་དང་མཐུན་པ།ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཐུན་པ། ཁྲིམས་དང་མཐུན་པ་བཅས་ཀྱི་ལམ་ཁ་ཡག་པོ་ཞིག་སྐྱོང་མ་ཐུབ་ན།གོང་ནས་ཁྱེད་ལ་བཏོན་བའི་དྲི་བ་དེ་རིགས་མང་པོ་ཡོང་གི་རེད། ལན་འདེབས་དཀའ་མོ་ཡིན་རྒྱུ་རེད།ང་ཚོ་སྔོན་མ་སོང་ཟིན་པའི་ལམ་ཁ་ནས་མི་ལེགས་པའི་ཆ་ཅི་ཞིག་ཡོད་ན་དེ་ལ་བགྲོ་གླེང་ཡག་པོ་བྱས།ཐོག་མར་རང་ཉིད་ཀྱིས་ཤེས། དེ་ནས་གཞན་ལ་སློབ་གསོ་བཏང་ན། ད་གཟོད་ཕན་ཐོགས་ཆེན་པོ་ཡོད་པ་རེད།སྔོན་ཆད་ང་ཟི་ལིང་གི་ཚོང་ར་ཞིག་ལ་སོང་པ་ན། དགོན་པ་ག་གེ་མོའི་བླ་མའང་མཁན་པོ་ཟེར་བ་འགས་རླངས་འཁོར་ཆེན་པོ་ཞིག་ནས་བསྐོར་ནས་ཉ་ཉོ་སར་ཐོན་འདུགཉ་བཙོང་སར་བོད་ཡིག་གིས་ཉ་མོ་ཚེ་ཐར་ཞེས་ཡིག་གེ་ཆེན་པོ་ཞིག་བྲིས་འདུག ཉ་བཙོང་མཁན་དེ་ཚང་ལ་ཉིན་དེར་ཉ་མོ་མང་པོ་མི་འདུག་པས་རླངས་འཁོར་གང་འདྲུད་རྒྱུ་མ་བྱུང་།དེ་ནས་སང་ཉིན་ཉ་ཉོ་རུ་ཡོང་རྒྱུའི་གཏའ་དངུལ་བཞག་ནས་སོང་བ་རེད། ཡར་སྔོན་ཁྱེད་རང་ཡང་འདི་འདྲའི་བྱ་འགུལ་ནང་དུ་དངོས་སུ་ཞུགས་མྱོང་ལ།མྱོང་བ་དེ་དང་སྦྱར་ནས་རྩོམ་ཡིག་ཞིག་ཀྱང་བྲིས་འདུག ཐེངས་འདིའི་ལེ་ཚན་ནང་དུ་ཉ་མོ་ཚེ་ཐར་སོགས་ཀྱི་ཕག་གི་རྒྱབ་ལྗོངས་དེ་གང་འདྲ་ཞིག་ཡིན་པ་དབྱེ་ཞིབ་ལེགས་པོ་བྱས་སོང་།ཐུགས་རྗེ་ཆེ། དེས་ན། ཁྱེད་རང་ཉ་མོ་ཚེ་ཐར་སོགས་ཀྱི་བྱ་འགུལ་ལ་ཞུགས་མཚམས་བཞག་ནས་ག་ཚོད་འགོར་སོང་བ་རེད།

        {དགེ་བཤེས་བསོད་ནམས་བཟང་པོ།} ད་ལོ་གཉིས་དང་གསུམ་ཙམ་ཞིག་སོང་། དེའི་ནང་གནད་དོན་མང་པོ་མཐོང་སོང།ཡ་མཚན་སྐྱེ་དགོས་པ་ཞིག་ནི། རྒྱའི་དགེ་བསྙེན་ཆོས་པ་མ་ཡིན་པ་འདྲ་བོ། ཕར་བལྟས་ན་ཆོས་པ་ཡིན་པ་འདྲ་བོ།དེའི་རིགས་ཀྱིས་ཚེ་ཐར་མང་པོ་བྱེད་ཀྱིན་འདུག མིའི་གཤིས་ཀ་ཡག་པོ་མེད་པ། འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ནས་བཤད་ན་རྒྱུ་སྤུས་ཡག་པོ་མེད་པ།ཡོན་ཏན་མེད་མཁན། དེའི་རིགས་དེས་ལས་འབྲས་ཡག་པོ་མི་བརྩི་བ། ཚེ་ཐར་ནི་མང་པོ་བྱེད་འདུག་མཁན།ཤ་མི་ཟ་མཁན་དེ་འདྲ་ཡང་མང་པོ་འདུག ཡང་བོད་ནས་རྒྱ་ཡུལ་དུ་འགྲོ་མཁན་བླ་མ་སྤྲུལ་སྐུའི་མིང་ཡོད་མཁན།དེ་མིན་གྲྭ་བ་དཀྱུས་མ། ཡང་སྐད་ཀྱང་བཤད་མི་ཤེས། ཆོས་ཀྱང་མི་ཤེས། དེ་འདྲ་མང་པོ་ཞིག་གིས་ལས་ཀ་དེ་འདྲ་བྱེད་ཀྱི་འདུགམདོར་བསྡུས་ནས་བཤད་ན། ཡང་ན་རྩ་འཛུགས་ཀྱི་ནང་ལ་ཀུན་སློང་ཡག་པོ་མེད་པ། ཚེས་བཟང་དུས་བཟང་ལ་ཚེ་ཐར་ཆེན་པོ་བྱེད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱེད།དེ་ནི་དཔལ་འབྱོར་གྱི་འདུ་འགོད་ཡིན། བོད་ཡུལ་ནས་ཡིན་ཡང་། ང་དང་པོར་ཕ་ཡུལ་ནས་ཆོས་འདྲ་བཤད་ཀྱི་ཡོད།གྲྭ་བ་དེ་འདྲའི་མདུན་ལ་སྒོར་བླུག་སྣོད་ཞྭ་མོ་འདྲ་བོ་བཞག་ནས་བླ་མ་ག་གེ་མོའི་སྐུ་ཚེ་བརྟན་པའི་ཆེད་དུ་ཚེ་ཐར་གཏོང་བྱེད་ཡིན།པར་ཆེན་པོ་རྒྱབ་ལོག་ལ་བཞག་འདུག མི་མང་ཚོས་སྒོར་མོ་མང་པོ་སྤྲད་ཀྱི་འདུག ཉིན་ཤས་ནས་མི་དེ་གར་སོང་མི་འདུགཚེ་ཐར་གཏོང་བའི་སྐད་ཆ་ཡང་གོ་རྒྱུ་མི་འདུག དེ་འདྲའི་གནས་ཚུལ་མང་པོ་ཞིག་མཐོང་ཡོང་དུས།སྡིག་པ་ཅི་ཡང་མི་བྱ་ཞིང། །དགེ་བ་ཕུན་སུམ་ཚོགས་པར་སྤྱད།། ཅེས་གསུངས་པ་བཞིན། དང་པོ་རང་ནས་འགོ་འཛུགས་ཏེ་སྡིག་པ་མི་བྱེད་པ།སེམས་ཅན་མི་བསད་པ་ལག་ལེན་ལ་འགེལ་རྒྱུ་དེ་གལ་ཆེན་པོ་རེད། ངས་སྐད་ཆ་དེ་བོད་སྐད་ནང་མང་པོ་བཤད་ཡོད།དགེ་བཤེས་གཉིས་གསུམ་ཞིག་ལ་ང་ཚོའི་བསམ་ཚུལ་དང་ང་ཚོའི་རེ་བ་ཟེར་བ་དེའི་ནང་སྐད་ཆ་དེ་བཤད་ཡོད།མི་མང་པོ་ཞིག་གིས་དགག་པ་རྒྱབ་ཀྱི་འདུག དགེ་བཤེས་ཀྱིས་ཤ་ཟ་དགོས་ཟེར་གྱི་འདུག དགེ་བཤེས་ཀྱིས་སེམས་ཅན་བཤའ་དགོས་ཟེར་གྱི་འདུགདེ་འདྲའི་ཞྭ་མོ་གཡོགས་ཡོད། རང་གི་ཀུན་སློང་རྣམ་དག་ཡིན། ང་རང་ཚོས་ཆོས་སྒྲུབ་ཡོང་དུས།དཔྱད་པ་དང་བགྲོ་གླེང་མང་པོ་བྱེད་པ་དེ་སྔར་ནས་དར་ཡོད། དཔལ་ལྡན་ཟླ་བ་གྲགས་པས་གསུངས་ཡོད།གནས་ལུགས་ལ་བརྟག་དཔྱད་བྱེད་ཡོང་དུས་གཞུང་གཞན་འཇིག་པར་གྱུར་ན་ཉེས་པ་མེད་གསུངས། གཞན་གྱི་གཞུང་ལུགས་དང་ལྟ་གྲུབ་མི་མཐུན་པ་ཆགས་ནས་འཇིག་པའམ་མེད་པར་གྱུར་ན་ཉེས་པ་མེད་པར་གསུངས།ང་རང་ཚོའི་བགྲོ་གླེང་བྱེད་རྒྱུ་དེ་གལ་ཆེན་པོ་རེད། སྔར་རང་རང་སོ་སོའི་ཚེ་ཐར་གྱི་ལག་ལེན་བསྟར་མྱོང་མཁན།ཕྱིས་སུ་སྤྱི་ཚོགས་ཁྲོད་ཚེ་ཐར་སྐོར་བོད་སྐད་དང་རྒྱ་སྐད་གཉིས་ཀྱི་སྟེང་ནས་སྐད་ཆ་བཤད་པ་དེ་མི་ཆུང་ཆུང་གི་བསམ་པ་ཡར་འཐེན་དང་།རྡོ་ཆུང་ཆུང་གིས་བརྩིགས་པ་མཐོན་པོ་ཟེར་བའི་དཔེ་དེ་ནང་བཞིན་ཡིན། སྐད་ཆ་དེ་ལྷག་བསམ་རྣམ་དག་ཡིན།ང་རང་གི་ཤེས་མི་ཤེས་དང། ཤེས་ཡོན་གྱི་ལྕོགས་མི་ལྕོགས་དེ་གནས་ཚུལ་ལོགས་ཀ་རེད། ཤེས་ཚད་དེ་ཡིན་གཅིག་མིན་གཉིས་ལྕོགས་དགོས་ཟེར་བ་དེ་འདྲ་ཡོད་མ་རེད།ཚེ་ཐར་བྱེད་མི་བྱེད་དང། ཤ་ཟ་མི་ཟ་ཟེར་བ་དེ་གཅིག་གིས་གཅིག་ལ་སྐྱོན་བརྗོད་བྱེད་ནས། མི་གཞི་ལ་སྐྱོན་བརྗོད།ཆོས་ལུགས་ལ་སྐྱོན་བརྗོད། དེ་འདྲ་བྱེད་པ་དེ་ཡག་པོ་མིན། དྲང་མོར་བཤད་ན་ཆོས་ལ་བརྟེན་ནས་མི་དགེ་བའི་ལས་བསགས་པ་དེ་རེད།ཁྱེད་ཀྱིས་བཙོང་མི་ཟ་བའི་རྒྱུ་མཚན་གྱིས་བཙོང་མི་ཟ་བའི་ཆོས་དེ་སྒྲུབ་ན་ཡག་པོ་རེད། བཙོང་ཟ་མཁན་གྱི་མི་དེ་སྡིག་ཆགས་རེད་ཟེར་ན་དེ་ནི་ཉེས་པ་ཡིན།ཁྱེད་རང་གིས་ཤ་མེད་ཟ་བ་ཡག་པོ་རེད། ཤ་ཟ་མཁན་དེ་སྡིག་ཆགས་རེད། ཤ་ཟ་མཁན་གྱི་བླ་མ་དེ་སྡིག་ཆགས་རེད་ཟེར་ན་ལས་ངན་པ་བསགས་པ་རེད།གཅིག་བྱེད་ན་ཟ་མི་ཟ་བ་དེ་དགེ་རྩ་ཡོད་པ་རེད། ཤ་མི་ཟའོ་སྙམ་པའི་ང་རྒྱལ་དང། ཤ་ཟ་མཁན་ལ་ངན་སྨོད་དང་སྐྱོན་བརྗོད་བྱས་ན།སྡིག་པ་དེ་ལས་ཀྱང་ཆེ། ཆོས་ཟེར་བ་དེ་རང་གི་འདོད་མོས་དང། དགའ་ཞིང་སྤྲོ་བའི་ངང་རང་དབང་གི་སྟེང་ནས་སྒྲུབ་ན་ཡག་པོ་ཡིན།དེ་ཡང་སྙིང་རྗེ་དང་ཤེས་རབ་ཀྱི་མ་རྩ་བྱེད་དགོས། འདོད་མོས་ཀྱིས་ཚེ་ཐར་བྱེད་པའི་སྐབས་ལ་ཡང་དགའ་ཞིང་སྤྲོ་བའི་ངང་ནས་ཚེ་ཐར་བྱེད་ན་ཡག་པོ་རེད།བཙན་དབང་བྱས་ནས་མི་འདོད་བཞིན་དུ་ཚེ་ཐར་བྱེད་བཅུག་པའམ། ཡང་ན་འཇིགས་སྐུལ་བྱས་ནས་ཚེ་ཐར་བྱེད་བཅུག་པ།མ་བྱེད་ན་ཁྱེད་རང་ལ་ན་ཚ་འདྲ་མིན་ཡོང་གི་རེད་ཟེར་བ་འདྲ་བོ། འཇིགས་སྣང་འདྲ་མིན་བསྐུལ་ནས་ཚེ་ཐར་བྱེད་པ།ཡང་རང་དབང་མེད་ནས་དེ་མ་བྱེད་ན་ཆད་པ་བཅད་པ་དེ་འདྲའི་རིགས་དེ་ཡག་པོ་མིན་ཏེ། ཆོས་ལུགས་དང་ཁྲིམས་ལུགས་གཉིས་ཀར་འགལ།ངས་ནམ་རྒྱུན་བཤད་ཀྱི་ཡོད། ཆོས་ཟེར་བ་དེ་དགའ་ཞིང་སྤྲོ་བཞིན་པའི་ངང་ནས་བསྒྲུབ་དགོས་ཤིང།མ་བསྐུལ་དང་བླངས་ཀྱི་སྟེང་ནས་བསྒྲུབ་དགོས།

        {ལྷ་རྒྱལ་བཀྲ་ཤིས།} གལ་ཏེ་ཆོས་པ་ཞིག་གིས་ཁྱོད་ཀྱི་ནོར་ལུག་འདི་དག་ཐམས་ཅད་ངེས་པར་དུ་ཚེ་ཐར་ལ་གཏོང་ཟེར་བའི་བཀའ་བཞག་ན།དེ་ནི་ཁྲིམས་དང་འགལ་བ། ཆོས་དང་མི་མཐུན་པ་ཞིག་ཡིན་ནམ།

        {དགེ་བཤེས་བསོད་ནམས་བཟང་པོ།} ཆོས་སྒྲུབ་མི་སྒྲུབ་ཟེར་བ་དེ་རང་དབང་རེད། དུས་རྒྱུན་ངས་འདི་འདྲ་ཞིག་བཤད་ཀྱི་ཡོད།ཆོས་ལུགས་དད་པའི་རང་དབང་ཟེར་བ་དེ་གོ་རྒྱུ་གཉིས་ཡོད། ཆོས་སྒྲུབ་མི་ཆོག་ཟེར་བ་དེ་ཆོས་ལུགས་དད་མོས་ཀྱི་རང་དབང་མ་རེད།ཆོས་སྒྲུབ་དགོས་མ་སྒྲུབ་ན་མི་ཆོག་ཟེར་བ་དེ་ཡང་ཆོས་ལུགས་དད་མོས་རང་དབང་མ་རེད། སྒྲུབ་མི་སྒྲུབ་རང་དབང་རེད།སྐད་ཆ་དེ་གནད་འགག་ཆེན་པོ་རེད། དེ་འདྲ་ཡིན་དུས་གལ་སྲིད་ཁུར་དུ་མ་བསམ་རྒྱན་དུ་བསམ་ན་མཆོག་ཏུ་སྣང་ངོ་།། ཆོས་སྒྲུབ་པ་དེ་ཁྲལ་ཡིན། མ་བྱེད་ན་མི་ཆོག རྒྱབ་ལོག་ལ་རྡོག་ཁྲེས་ཁུར་བ་འདྲ་བོ་བསམ་ན་ནོར་འཁྲུལ་རེད།འབྲོག་པའི་ས་ཆ་ཁ་ཤས་སུ་བུ་མོ་ཚོས་མགོ་ལ་སྤོས་ཤེལ་དངོས་གནས་ཡིན་མིན་མི་ཤེས་ཀྱང་ཆེན་པོ་དང་མང་པོ་བཏགས་པ་དེ།ཁུར་ནས་ཡོད་མི་དྲན་པར་རྒྱན་ཆ་ཡིན་བསམ་ནས་ཡོད་པས་མགོ་ལ་ན་ཚ་མྱོང་གི་མེད། ཆོས་ཟེར་བ་དེ་དེ་ནང་བཞིན་སྒྲུབ་དགོས་ཡོད།དེ་གལ་ཆེན་པོ་རེད།

        {ལྷ་རྒྱལ་བཀྲ་ཤིས།} དེ་རིང་ཁ་སང་། ཉ་མོ་ཚེ་ཐར་གཏོང་བ་དེའི་སྐོར་ནས།ལོ་ལྔ་དྲུག་གི་ཡར་སྔོན་དང་བསྡུར་ན་རིམ་བཞིན་ཇེ་ཉུང་ལ་འགྲོ་བཞིན་འདུག མི་མང་པོས་ཉ་མོ་ཚེ་ཐར་གྱི་ཚོང་རའི་གནས་ཚུལ་ཅུང་ཙམ་རྒྱུས་ལོན་བྱུང་སོང་བ་འདྲ།འདི་ལྟར་ཚོང་ར་ནས་ཉ་ཉོས་ནས་ཚེ་ཐར་གཏོང་མཁན་ཇེ་ཉུང་ལ་སོང་ན་ཉའི་ཚོང་ར་ཇེ་ཆུང་ནས་ཇེ་ཆུང་རེད།ཉ་མོ་ཆུང་ཆུང་དེའི་རིགས་འཛིན་མཁན་གྱི་ཉ་བའང་ཡོད་པ་མ་རེད། གནོད་པ་བྱེད་མཁན་ཡང་ཡོད་པ་མ་རེད།སྣང་ཚུལ་འདི་ཧ་ཅང་ཡག་པོ་རེད།

        {དགེ་བཤེས་བསོད་ནམས་བཟང་པོ།}ང་ཚོ་ཡུལ་ཤུལ་ས་ཆ་ན་སྔོན་བོད་ས་གནས་རང་གི་ཉ་མ་གཏོགས་རྒྱ་མཚོའི་སྲོག་ཆགས་འདྲ་མིན་མེད།ཉ་མོ་ཚེ་ཐར་གྱི་ཚོང་ར་དང་བསྟུན་ནས་གཞན་ཡུལ་གྱི་ཉ་མང་པོ་ཐོན་འདུག མང་ཆེ་བ་ཧ་ཅང་འཚོ་དཀའ།ཕན་པ་ལས་གནོད་པ་ཆེ། ད་ལྟ་ཅུང་ཙམ་ཇེ་ཉུང་དུ་འགྲོ་བཞིན་འདུག དེ་ཧ་གོ་སོང་བའི་རྟགས་རེད།

        {ལྷ་རྒྱལ་བཀྲ་ཤིས།} ཁ་སང་དེ་རིང་། ཚོང་ར་དང་འབྲེལ་བའི་ཉ་མོ་ཚེ་ཐར་གྱི་ཕྱོགས་ཅུང་ཙམ་ཇེ་ཉུང་དུ་སོང་བ་དང་བསྟུན་ནས།བོད་ཀྱི་ས་ཆ་ལ་ལར་ཚེ་ཐར་གཏོང་བའི་རྣམ་པ་གསར་བ་ཞིག་ཆགས་བཞིན་འདུག འབྲོག་པས་ཕྱུགས་ཟོག་ཁ་ཚང་ངེས་པར་དུ་ཚེ་ཐར་ལ་གཏོང་དགོས་པ་དང་།འབྲོག་པ་མང་ཚོགས་ནི་ཚེ་ཐར་འཚོ་མཁན་དུ་གྱུར་དང་འགྱུར་བཞིན་ཡོད་ཟེར། ཆོས་མི་ཤེས་པའི་རྒྱའི་ཚོང་བ་དང་བོད་ཀྱི་ཚོང་བ་ལ་ལ་བོད་པའི་འབྲོག་ཁྱིམ་དུ་སོང་ནས་ངས་ཁྱོད་སྒོར་མོ་ཁྲི་གཉིས་སྟེར།ཁྲི་གསུམ་སྟེར། ཁྱེད་ཚང་གི་ལུག་ཁྱུ་ནས་ལུག་འདི་འདྲ་ཞིག་ཚེ་ཐར་གཏོང་དགོས། དེ་ལྟར་སྒོར་མོའི་དཀའ་ཁག་ཆེ་བའི་འབྲོག་ཁྱིམ་དག་ནས་སྔོན་ལོ་ལུག་ཉི་ཤུ་ཙམ་ཚེ་ཐར་བཏང་།ད་ལོ་སང་ལོ་མུ་མཐུད་དུ་དེ་ལྟར་ཚེ་ཐར་བཏང་། དེ་ནས་རིམ་བཞིན་ཁྱིམ་ཚང་གཅིག་ལ་ཕལ་ཆེར་ཚེ་ཐར་བརྒྱ་ལྷག་ཡོད་པ་རེད།དེ་འདྲའི་རྣམ་པ་དེ་དམ་པའི་ཆོས་དང་མཐུན་པ་ཞིག་རེད་དམ་མ་རེད། འབྲོག་པའི་འཚོ་བ་ནི་ཚེ་ཐར་ཁོ་ན་འཚོ་སྐྱོང་བྱེད་མཁན་དུ་གྱུར་ཚེ།འབྲོག་པ་གནས་ཐུབ་ཡོད་དམ། འཚོ་བ་དེ་ཡུན་རིང་ལ་བརྟན་གྱི་རེད་དང་མ་རེད། དེའི་སྐོར་མདོར་བསྡུས་ཤིག་གསུང་རོགས།

        {དགེ་བཤེས་བསོད་ནམས་བཟང་པོ།} སྐད་ཆ་དེ་ངས་གོ་མྱོང་། འབྲོག་པ་ཚོ་ག་ལེར་ཚེ་ཐར་འཚོ་མཁན་ཆགས་ནས་འདུག་ཟེར།ཚེ་ཐར་འཚོ་མཁན་ཆགས་སོང་ན། ག་འདྲ་འདུག་ཟེར་ན། ཕྱོགས་གཅིག་ནས་དེ་ཡག་པོ་རེད། ཚེ་ཐར་འཚོ་ནས་མིང་ཡག་པོ་རེད།དོན་ལ་བསམ་བློ་གཏོང་ན་ཕ་མ་གཉིས་ཀྱིས་མི་ཚེ་གཅིག་ལ་ཚེ་ཐར་འཚོ་ཐུབ་ན་ཐང། དེའི་མི་ཐོག་འོག་མ་བུ་བུ་མོའི་གནས་སྐབས་སུ་ཚེ་ཐར་འཚོ་ཐུབ་ཁག་པོ་རེད།དེས་ན་ཚེ་ཐར་དེ་དག་སྡེབ་གཅིག་ལ་མེད་པར་ཆགས་པའི་ཉེན་ཁ་ཡོད། འབྲོག་ཁུལ་ལ་མཚོན་ན། ལུག་བརྒྱ་ཕྲག་ཁ་ཤས་དང་ནོར་བརྒྱ་ཕྲག་ཁ་ཤས་ཡོད་མཁན་དེ་འདྲ་ཡིན་ན།ཁྱིམ་ཚང་དེས་བདག་པོ་ཡག་པོ་བརྒྱབ་ན་ལོ་རེར་ལུག་ཁྱུ་རེ་ནས་ལུག་བཅུ་གྲངས་ཙམ་དང་། ནོར་ཁྱུ་ནས་ལྔ་དྲུག་ཡར་མར་ཞིག་ཚེ་སྲོག་ལ་ཉེན་ཁ་ཡོད།མང་ཤོས་ཚེ་ཐར་ནས་ཡོད། ང་ཚོས་བྱ་བ་ཞིག་བྱེད་ནས་སྙིང་རྗེ་ཏོག་ཙམ་སྐྱེས་ནས་ཚེ་ཐར་བྱས་པ་ཡིན་ན།ནོར་ལུག་བརྒྱ་ཕྲག་དེ་ཉིན་གཅིག་ལ་མེད་པ་ཆགས་པའི་ཉེན་ཁ་ཡོད། མ་ཟད་ང་ཚོས་གོ་ཐོས་ལ། ཚེ་ཐར་དེ་ཤུགས་ཆེན་པོ་དར་ཡོང་གི་འདུག།ང་ཚོའི་སེམས་ཅན་འདི་དག་མགྱོགས་པོ་བཙོང་ན་མ་གཏོགས་ཚེ་ཐར་དར་ན་སེམས་ཅན་ལ་རིན་གོང་མེད།ང་རང་ཚོ་ལ་དཔལ་འབྱོར་མེད་པར་ཆགས་ཀྱི་རེད་ཟེར་ནས་སྡེབ་ཚོང་བྱེད་ཀྱི་འདུག་ཟེར། ཁྱིམ་ཚང་མང་པོ་སྒོ་ཕྱུགས་སྟོང་དགོས་པ་ཆགས་འདུགའདི་ལ་བསམ་གཞིག་གཏོང་དགོས་པ་ཞིག་རེད།

        {ལྷ་རྒྱལ་བཀྲ་ཤིས།} དེང་སྐབས་ཆོས་པ་ལ་ལས་འབྲོག་པ་མང་ཚོགས་ལ་ཤ་ཟས་ན་ཡག་པོ་མི་འདུགཤ་མ་ཟ་ཞེས་བཀའ་ཆོས་མང་པོ་གསུངས་སོང་། ཁོང་རང་ཉིད་ལ་མཚོན་ན་རྒྱ་ནང་གི་དད་ལྡན་པ་མང་པོས་འཚོ་བའི་མཐུན་རྐྱེན་ལེགས་པོ་སྦྱར་འདུགམཚམས་རེར་པེ་ཅིན་དང་ཐེན་ཅིན། མཚམས་ལན་རེར་ཧྲང་ཧེ་དང་ཁྲིན་ཏུའུ་སོགས་ནས་འཚོ་བཅུད་ལྡན་པའི་ཟ་མ་ཞིམ་པོ་ཟས་ནས་བསྡད་ཡོད་པ་རེད།དགོན་པའི་ནང་དུ་ཐོན་ནའང་ཤ་མ་ཟས་རུང་དེ་ཚབ་ཀྱི་ཟ་མ་མང་པོ་འདུག མང་ཚོགས་རྣམས་སྙིང་རེ་རྗེ།ཤ་མ་ཟས་ན་འཚོ་བ་ལ་དཀའ་ཁག་ཆེན་པོ་འདུག་ཟེར།

        {དགེ་བཤེས་བསོད་ནམས་བཟང་པོ།} རེད། རེད། ངས་ཀྱང་གོ་མྱོང་།

        {ལྷ་རྒྱལ་བཀྲ་ཤིས།} མཐོ་སྒང་གི་འབྲོག་པ་ཚོ་གྲོང་ཁྱེར་ཆེན་པོའི་ནང་ཐེངས་མང་པོ་འགྲོ་ཐུབ་ཀྱི་མེད་ལ།འཚོ་གནས་ཀྱི་དབང་གིས་འཚོ་བཅུད་ལྡན་པའི་ཤ་དང་འོ་མ་སོགས་ཟས་སུ་བརྟེན་དགོས་པ་རེད། ནོར་ལུག་གི་པགས་པ་དེ་གྱོན་དགོས་པ་རེད།ནོར་ལུག་གི་པགས་པ་མ་གྱོན་ཤ་མ་ཟོས་ན་འབྲོག་པའི་འཚོ་བ་རོལ་དཀའ་ཟེར། འདི་ལྟར་བསམ་ཚུལ་དང་ལྟ་ཚུལ་མི་གཅིག་པའི་བགྲོ་གླེང་གང་མང་བྱེད་ཀྱིན་འདུགདེའི་ཐད་ནས་ཁྱེད་རང་ལ་བསམ་ཚུལ་ག་འདྲ་ཡོད།

        {དགེ་བཤེས་བསོད་ནམས་བཟང་པོ།}དེ་ལ་བསམ་ཚུལ་ཡོད།དེ་གང་ཡིན་ཟེར་ན། དཔེར་ན་ང་ལྟ་བུ་ཆ་བཞག་ན་ཡང། སྐབས་རེ་ཚེས་བཟང་དུས་བཟང་དང། སྐབས་རེ་ལུས་ཀྱི་འཕྲོད་བསྟེན་ཡིན་ན་ཆོག་གིཆོས་ཡིན་ན་ཆོག་གི ཟླ་བ་རེ་རེར་ཉིན་གཅིག་གཉིས་ལ་ཤ་མི་ཟ་བའི་དུས་ཚོད་དེ་འདྲ་ཡོད། དེ་ཡིན་ན་དཀའ་ངལ་འཕྲད་ཀྱི་མི་འདུགགང་ཡིན་ཟེར་ན་ལུས་པོ་འཕྲོད་བསྟེན་ཆེད་ཤིང་ཏོག་རིགས་ཡོད་ནི་རེད། སྔོ་ཚལ་གྱི་རིགས་ཀྱང་གང་འདོད་དུ་ཟ་ཐུབ།ལུས་ལ་ནུས་པ་སྤྲད་བྱེད་ཀྱི་མཐའ་ན་སྨན་ཡང་ཟ་རྒྱུ་རག་གི་རེད། མཐུན་རྐྱེན་འཛོམས་པོ་ཡོད།ང་རང་ལ་མཐུན་རྐྱེན་འཛོམས་པའི་རྒྱུ་མཚན་དེའི་སྟེང་ནས་འབྲོག་ཁུལ་གྱི་ས་ཆ་དེ་ལ་ངས་ཁྱོད་ཚོ་གཅིག་ཟ་མི་ཉན།གཉིས་ཟ་མི་ཉན་པར་བཤད་ན། ཁོ་ཚོའི་བཟའ་བཏུང་དེ་མཐོ་སྒང་གི་རྩམ་པ་དང་། ཆུར་བ་ཙམ་ཟོས་ནས་བསྡད་ན་སྤྱིར་ལུས་པོ་འཚོ་བཅུད་ཀྱིས་མི་ཐེགས་ལ།སྒོས་འཚོ་བ་ལ་དཀའ་ཁག་མང་པོ་ཞིག་འཕྲད་སྲིད། འཕྲོད་བསྟེན་ལ་དཀའ་ཁག་འཕྲད་ན་ལུས་ལ་ན་ཚ་སོགས་རྐྱེན་ཆག་མང་པོ་ཡོང་ན་དེ་ཆོས་ལ་བརྟེན་ནས་ལུས་ཁམས་ལ་གནོད་པ་ཟེར་བ་དེ་རེད།ང་རང་མཐུན་རྐྱེན་འཛོམས་པོ་ཡོད་ལ། ཁོ་ཚོ་མཐུན་རྐྱེན་མི་འཛོམས་སར་མཐུན་རྐྱེན་མི་འཛོམས་པའི་འཚོ་བ་སྐྱེལ་ལུགས་ཤིག་ཡོད།དེ་ལ་བལྟས་ནས་སྐད་ཆ་བཤད་དགོས་པ་ལས་ཅི་བཤད་འདིར་བཤད་མེད་པས་མི་ཕན། ཆོས་བཤད་ཡོང་དུས་སྨན་པ་མཁས་པས་ནད་པ་ལ་ནད་རྟགས་གནང་སྟེ་སྨན་སྤྲད་པ་ལས།ཆོས་དེ་ཡག་པོ་རེད། ཁྱེད་རང་གིས་ཆོས་དེ་སྒྲུབ་དགོས་རེད་ཟེར་བ་དེ་ཆོས་སྒྲུབ་མ་ཤེས་པའི་སྐྱོན་རེད།སྨན་པས་སྨན་དེ་ཡག་པོ་རེད་དེ་ཟ་དགོས། ཁྱོད་ཀྱི་ནད་དེ་ངས་མི་ལྟ་ཟེར་ན་དེ་ནི་མི་ཤེས་པའི་རྟགས་རེད།གཅིག་པ་རེད་དྲན་གྱི་འདུག

        {ལྷ་རྒྱལ་བཀྲ་ཤིས།} ལོ་གཉིས་ཀྱི་ཡར་སྔོན་ལ། ང་རང་མཚོ་ངོས་ནས་མཐོ་ཚད་སྨི་བཞི་སྟོང་གི་ཡས་མས་ན་ཡོད་པའི་འབྲོག་སྡེ་ཞིག་ལ་བཅར་འདྲིར་སོང་བ་ཡིན།སྐབས་དེར་ཁོང་ཚོའི་ཕ་ཡུལ་ནས་ནོར་ལུག་མང་པོ་ཚེ་ཐར་གཏོང་གི་ཡོད་ཟེར། ཏག་ཏག་སྐབས་དེར།ཤ་མ་ཟ་ཟེར་མཁན་གྱི་མི་དེ་པེ་ཅིན་གྲོང་ཁྱེར་ན་ཡོད་པ་རེད། ངས་གྲོགས་པའི་འཕྲིན་ཕྲན་ལས་ཁོ་ཚོའི་འཚོ་བ་མཐོང་སོང་།འཕྲིན་ཕྲན་གྱི་སྟེང་ནས་བལྟས་ན། ཁོང་ཚོའི་མདུན་ལྕོག་སྟེང་ལ་ཤིང་ཏོག་མང་པོ་བསྒྲིགས་ནས་འདུགཇ་ཁང་སྐྱིད་པོ་ཞིག་གི་ནང་ནས་ལྷོད་ལྷོད་བྱས་ནས་བསྡད་ཡོད་པ་མཐོང་སོང་། ང་ཡུལ་དེའི་འབྲོག་ཁྱིམ་ཞིག་ཏུ་སོང་བ་ན།ཁྱིམ་ཚང་མདུན་ཅོག་ཙེ་ཐོག་རུས་པ་གཏོག་འཕྲོ་ཞིག་འདུག ཤ་ཟོས་ནས་རུས་པ་མ་གཏོགས་མེད། ངས་ཁྱིམ་བདག་ལ་ཀུ་རེ་ཚུལ་དུ།དེང་སྐབས་འབྲོག་པ་ལ་ཤ་ཟ་རྒྱུ་ཡོད་པ་མ་རེད། འོ་མ་འཐུང་རྒྱུ་ཡོད་པ་མ་རེད། མར་ཡང་ཟ་རྒྱུ་ཡོད་པ་མ་རེད།རུས་པ་འདི་ཅི་ཡིན་དྲིས་པ་ན། ཁོས་ང་ལ་སྐད་ཆ་དྲང་མོ་བཤད་སོང་། རུས་པ་འདི་ང་ཚོས་བསད་པའི་ཤ་མ་རེད།འདི་སྤྱང་ཀིས་བསད་པའི་ཤ་རེད། མང་པོ་ཡོད་པ་མ་རེད། ད་འདི་ཙམ་མ་གཏོགས་མེད། རུས་པ་ཁོ་ན་ལྷག་འདུགམདོ་འཛིན་པ་ཁྱོད་ལ་ཟོ་མི་ཟེར། སྐབས་དེར་ངའི་སེམས་པ་ཧ་ཅང་སྐྱོ་པོ་སྣང་སོང། ངས་རང་སེམས་ནས་ཁྱིམ་བདག་ཁོང་ལ། ཁྱེད་རང་ལ་ཤ་མ་ཟ་ཟེར་མཁན་དེས་ད་ལྟ་པེ་ཅིན་གྲོང་ཁྱེར་གྱི་ཇ་ཁང་སྐྱིད་པོ་ཞིག་ནས་ཤིང་ཏོག་ཞིམ་པོ་ཟོས་ནས་བསྡད་ཡོད་པ་རེད་ཅེས་བཤད་པ་ཡིན།རྒན་ལགས། ཡང་འདི་འདྲའི་སྐད་ཆ་ཞིག་གོ་སོང་། ཡུལ་དེའི་འབྲོག་པ་མང་ཚོགས་སུ་ཞིག་གིས་རང་གིས་བསད་པའམ།བཤས་ཤ་ཟས་ནས་ས་གནས་ཆོས་ཁྲིམས་ལ་འགལ་སོང་བ་རེད། ཆོས་ཁྲིམས་ལ་འགལ་ན་མ་འོངས་པར་རང་ཁྱིམ་གི་ལོ་ལོན་རྒན་པོ་སོགས་ཚེ་ལས་འདས་ཚེ།ས་གནས་དེའི་གྲྭ་བཙུན་རྣམས་ཆོས་གསུང་གི་ཡོད་པ་མ་རེད་ཟེར། གནས་ཚུལ་དེ་ངོ་མ་ཡིན་མིན་མི་ཤེས།གལ་ཏེ་ངོ་མ་ཡིན་ན། དེའི་ཐད་ནས་ཁྱེད་ལ་དྲན་ཚུལ་ག་འདྲ་བྱུང་སོང། ཁྱེད་ཀྱི་བསམ་ཚུལ་ཞིག་བརྗོད་རོགས།

        {དགེ་བཤེས་བསོད་ནམས་བཟང་པོ།} རེད་རེད། ངས་ཀྱང་དེ་འདྲ་གོ་སོང་།དྲི་བ་འདིར་ངས་གོང་ནས་བཤད་པ་དེ་རེད། ཆོས་སྒྲུབ་པ་དེ་རང་དབང་རེད། སོ་སོའི་འདོད་མོས་རེད།དགའ་ཞིང་སྤྲོ་བཞིན་པའི་ངང་ནས་སྒྲུབ་དགོས་རེད། དེ་འདྲ་མ་གཏོགས་དེ་འདྲའི་ཆད་པ་བཅད་མི་ཆོགལྷག་པར་དུ་ཤི་བོའི་དགེ་རྩ་ཆོས་བསྒྲུབ་ཀྱི་མིན་ཟེར་ན་ཤི་བོ་དེ་ཆད་པ་བཅད་པ་རེད།་དངོས་གནས་ཆོས་དང་མི་མཐུན་པ་རེད་ལ།མི་ཆོས་ཀྱི་སྟེང་ནས་བཤད་ན་དེ་ཡག་པོ་ཞིག་མ་རེད། དམ་པའི་ལྷ་ཆོས་ཀྱི་སྟེང་ནས་བཤད་ན་དེ་མཐུན་པ་ཞིག་མ་རེད།སྙིང་རྗེ། ཁོ་རང་ཤ་ཟ་མཁན་ཞིག་རེད། ཉེས་པ་བསགས་མཁན་ཞིག་རེད་བསམ་ནས་ལྷག་པར་དུ་སྙིང་རྗེ་སྐྱེས་ནས་དགེ་སྒྲུབ་ཅིག་བྱེད་རྒྱུ་མེད་ན།ཁོ་ཤ་ཟ་མཁན་རེད། ངས་འདོན་པ་འདོན་གྱི་མིན་ཟེར་ན། དེ་ཆོས་དང་འཇིག་རྟེན་གཉིས་ཀ་དང་མི་མཐུན་པ་ཞིག་རེད།ཁ་ཆེའི་ནང་དུའང་མི་ངན་པ་ཡོད་སྲིད་ཀྱང་། མཐའ་མར་ཤི་བའི་དུས་སུ་ཆོས་དཔོན་དག་ཕེབས་ནས་ཆོས་འདོན་སྲིད་ཀྱི་རེད།ང་ཚོའི་བྱེད་སྟངས་ལ་ལ་མཐའ་ལ་ལྷུང་བ་ཞིག་རེད།

        {ལྷ་རྒྱལ་བཀྲ་ཤིས།} རེད་རེད། རྒན་ལགས། ཁྱེད་ཀྱིས་ལེ་ཚན་འདིའི་ནང་སྐད་ཆ་མང་པོ་གསུངས་སོང་།ངས་ཁྱེད་ལ་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ།

        {དགེ་བཤེས་བསོད་ནམས་བཟང་པོ།} ལགས་སོ། ཐུགས་རྗེ་ཆེ། མཇུག་མཐར་བོད་ཀྱི་ཚེ་ཐར་ལམ་ལུགས་དེ་ཆོས་དང་མཐུན་པ།འཇིག་རྟེན་དང་མཐུན་པ་ཞིག་གི་སྟེང་འགྲོ་ཐུབ་པ་ནི་ངའི་རེ་བ་དང་སྨོན་ལམ་ཡིན། བཀྲ་ཤིས་བདེ་ལེགས།

        {ལྷ་རྒྱལ་བཀྲ་ཤིས།} ཡ་ཡ། བཀའ་དྲིན་ཆེ། མཛའ་ཞིང་བརྩེ་བའི་ཉན་མཁན་གྲོགས་པོ་རྣམ་པ།དེ་རིང་། སེར་བྱེས་ལྷ་རམས་པ་དགེ་བཤེས་བསོད་ནམས་བཟང་པོ་མཆོག«375ཐད་གཏོང་ཁང»ལ་ཕེབས་ནས།རྒྱ་ཆེའི་ཉན་མཁན་རྣམས་ལ་བོད་ཀྱི་ཚེ་ཐར་རིག་གནས་རྒྱུན་འཛིན་ཁྲོད་གནས་པའི་གནད་དོན་སྐོར་ནས་ཁ་བརྡ་མང་པོ་བྱས་སོང་བས།ཉན་མཁན་གྲོགས་པོ་ཡོངས་ནས་ལེ་ཚན་འདི་ལ་ཉན་རྗེས། རང་ཉིད་ཀྱིས་ཀྱང་རང་གི་ཕ་ས་ཕ་ཡུལ་ནས་མ་འོངས་པར་བོད་ཀྱི་ཚེ་ཐར་རིག་གནས་འདི་ཇི་ལྟར་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པའི་ཕྱོགས་ལ་བསམ་གཞིག་ཡང་ཡང་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེ།དུས་ཚོད་ཀྱི་དབང་གིས་ལེ་ཚན་འདི་གཏོང་མཚམས་འདི་ནས་འཇོག བཀྲ་ཤིས་བདེ་ལེགས།

        

      རྩོམ་འཇུག་པ། ཡེ་ཤེས་སྒྲོལ་མ།