ནག་ཉེས་བཅུ་ཡི་གསེད་འགྲེལ།

      ཡོང་ཁུངས། : ཁྲིམས་ལུགས་ཚགས་པར།      སྤེལ་དུས། : 2017-04-14 09:26:46      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

       གོང་གཏུག་སྐབས་སུ་ཤེས་དགོས་པའི་ནག་ཉེས་བཅུ།

        གངས་ལྗོངས་ཁྲིམས་ར།

        དྲུག

        མི་མང་དཔུང་སྡེབ་ཀྱིས་མི་མང་པོ་འདུ་འཛོམས་བྱེད་སའི་སྒྲིག་ལམ་དང་འགྲིམ་འགྲུལ་སྒྲིག་ལམ་དཀྲུགས་པའི་ནག་ཉེས།

        གྱོད་དཔེ།

        ཚེ་རིང་གིས་མི་གཞན་དང་གྲོས་བྱས་ཏེ་ཁུལ་སྲིད་གཞུང་ལ་ཁོ་ཚོའི་འགྲུལ་སྐྱེལ་མགྲོན་འཁོར་ཆུང་བའི་དུས་ཡུན་ལོངས་རྗེས་ཀྱི་བདག་གཉེར་དབང་ཆའི་གནད་དོན་བཙན་གྱིས་ཐག་གཅོད་བྱེད་དུ་འཇུག་ཆེད། འགྲུལ་སྐྱེལ་མགྲོན་འཁོར་ཆུང་བ50ལྷག་རྩ་འཛུགས་བྱས་ཏེ་ཅིན་ཆོ་འགྲུལ་སྐྱེལ་ས་ཚིགས་ལྷོ་མ་ནས་འགྲུལ་སྐྱེལ་མཚམས་བཞག་པས། ཅིན་ཆོ་འགྲུལ་སྐྱེལ་ས་ཚིགས་ཀྱི་སྒྲིག་རིམ་ལ་གཏོར་བརླག་ཚབས་ཆེན་བཟོས་ཤིང་། མགྲོན་པོ་མང་པོ་དེ་རུ་བཀག་ནས་སྤྱིའི་སྒྲིག་ལམ་དང་འགྲིམ་འགྲུལ་སྒྲིག་ལམ་ལ་གཏོར་བརླག་བཟོས་པས། ཁྲིམས་ཁང་གིས་མི་མང་དཔུང་སྡེབ་ཀྱིས་མི་མང་པོ་འདུ་འཛོམས་བྱེད་སའི་སྒྲིག་ལམ་དང་འགྲིམ་འགྲུལ་སྒྲིག་ལམ་དཀྲུགས་པའི་ནག་ཉེས་ལྟར་ཚེ་རིང་ལ་དུས་བཀག་བཙོན་འཇུག་ཟླ10ཡི་ཁྲིམས་ཆད་བཅད།

        ཞིབ་དཔྱོད་དཔོན་གྱི་ལྟ་ཚུལ།

        མི་མང་དཔུང་སྡེབ་ཀྱིས་མི་མང་པོ་འདུ་འཛོམས་བྱེད་སའི་སྒྲིག་ལམ་དང་འགྲིམ་འགྲུལ་སྒྲིག་ལམ་དཀྲུགས་པའི་ནག་ཉེས་ནི་མི་མང་པོས་རླངས་འཁོར་འབབ་ཚིགས་དང་གྲུ་ཁ། དམངས་སྡོད་མཁའ་འགྲུལ་ས་ཚིགས། ཚོང་ར། སྤྱི་གླིང་། གློག་བརྙན་ཁང་། འགྲེམ་སྟོན་ཚོགས་འདུ། ལུས་རྩལ་འགྲན་ཚོགས་ཡང་ན་མི་མང་འདུ་འཛོམས་བྱེད་ས་གཞན་པའི་འགྲིམ་འགྲུལ་འཚང་འགག་བྱེད་པའམ་ཡང་ན་འགྲིམ་འགྲུལ་སྒྲིག་ལམ་ལ་གཏོར་བརླག་བྱེད་པ། བདེ་སྐྱོང་དོ་དམ་མི་སྣས་ཁྲིམས་ལྟར་ལས་འགན་ལག་བསྟར་བྱེད་པར་བཀག་འགོག་དང་བར་ཆད་བཟོས་པའི་བྱ་སྤྱོད་ཚབས་ཆེན་ལ་གོ

        གསལ་འདེབས།

        མི་མང་དཔུང་སྡེབ་ཀྱིས་མི་མང་པོ་འདུ་འཛོམས་བྱེད་སའི་སྒྲིག་ལམ་དཀྲུགས་པའི་ནག་ཉེས་དེ་དང་མི་འདྲ་ས་ཞིག་ཡོད་པ་ནི་ནག་ཉེས་འདིའི་རིགས་རླངས་འཁོར་འབབ་ཚིགས་དང་གྲུ་ཁ། དམངས་སྡོད་མཁའ་འགྲུལ་ས་ཚིགས། ཚོང་ར། སྤྱི་གླིང་སོགས་ཀྱི་འགྲིམ་འགྲུལ་སྒྲིག་ལམ་ལ་གཏོར་བརླག་བྱེད་པ་དེ་ཡིན། ནག་ཉེས་སྔོན་མས་ལས་ཁུངས་ལ་ལའི་བྱ་བ་དང་ཐོན་སྐྱེད། སློབ་སྒྲུབ་དང་སྨན་བཅོས་སྒྲིག་ལམ་སོགས་ལ་གཏོར་བརླག་བྱེད་པ་དེ་ཡིན། གོང་གཏུག་ལས་རླངས་འཁོར་འབབ་ཚིགས་དང་གྲུ་ཁ་སོགས་སུ་འདུ་མི་རུང་། རྒྱུ་མཚན་ནི་མི་མང་པོ་འདུས་ན་འགྲིམ་འགྲུལ་གྱི་སྒྲིག་ལམ་ལ་ཤུགས་རྐྱེན་ཐེབས་སྲིད་པས་ཁྲིམས་ཆད་ཀྱང་ཕོག་སླ། ནག་ཉེས་འདིའི་རིགས་ཀྱི་ཆེས་མཐོ་བའི་ཉེས་ཆད་ནི་དུས་བཀག་བཙོན་འཇུག་ལོ5ཡིན།

        བདུན།

        བསྙད་འདོགས་རྒྱུ་འཕྲོག་གི་ནག་ཉེས།

        གྱོད་དཔེ།

        ཉི་མས་བསམ་བཞིན་དུ་མི་གཞན་པའི་ལུས་ཕུང་ལ་རྨས་སྐྱོན་བཏང་བའི་གྱོད་དོན་དེ་བསྐྱར་ཞིབ་བྱས་ཏེ་ནག་ཉེས་མེད་པར་བཟོས་པར་མ་ཟད། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་སྐྱིན་ཚབ་སྒོར་ཁྲི8ལྷག་ཚབ་ནའང་། ཁོས་ད་དུང་གོང་གཏུག་བྱས་ཏེ་སྐྱིན་ཚབ་སྒོར་ཁྲི83ནས106དགོས་ཟེར་བ་དང་། ཚུལ་ལྡན་མིན་པའི་གོང་གཏུག་ལས་བཙན་ཤེད་ཀྱིས་ཏང་སྲིད་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་གཞན་པའི་ལས་སྒྲུབ་མི་སྣར་རྒྱུ་ནོར་བསླངས་པས། ཁྲིམས་ཁང་གིས་གོང་གཏུག་ལས་བཙན་ཤེད་ཀྱིས་ཁྲིམས་འགལ་ངང་རྒྱུ་ནོར་བསླངས་པའི་བྱ་སྤྱོད་ཀྱིས་བསྙད་འདོགས་རྒྱུ་འཕྲོག་བྱས་པའི་ནག་ཉེས་བཟོས་ཡོད་པས་དུས་བཀག་བཙོན་འཇུག་ཟླ10ཡི་ཁྲིམས་ཆད་བཅད།

        ཞིབ་དཔྱོད་དཔོན་གྱི་ལྟ་ཚུལ།

        བསྙད་འདོགས་རྒྱུ་འཕྲོག་བྱས་པའི་ནག་ཉེས་ནི་བཙན་ཤེད་དང་ཁྲིམས་འགལ་སྒོས་རྒྱུ་ནོར་སློང་བའི་བྱ་སྤྱོད་ལ་གོ འཇིགས་སྐུལ་གཏོང་བ་ནི་གནོད་འཚེ་ཕོག་མཁན་ལ་བཙན་གྱིས་རྒྱུ་ནོར་སྤྲོད་དུ་འཇུག་པར་གོ་དགོས་ལ། འཇིགས་སྐུལ་གྱི་ནང་དོན་ཁྲིམས་མཐུན་དངོས་ཡིན་མིན་དང་འཇིགས་སྐུལ་གྱི་རྣམ་པ་ལ་མི་འདྲ་ས་ཡོད་ནའང་། མི་གཞན་པར་འཇིགས་སྣང་སྐུལ་ཡོད་ཚེ་ནག་ཉེས་འདི་གྲུབ་ཐུབ། འཇིགས་སྐུལ་བྱེད་ཐབས་ནི་གནོད་འཚེ་ཕོག་མཁན་གྱི་སྐྱོན་ཆའམ་ཡང་ན་ཁ་གཡར་ས་བཙལ་ནས་རྒྱུ་ནོར་སྤྲོད་དུ་འཇུག་པ་དེ་ཡིན།

        གསལ་འདེབས།

        ལོ་འདི་འགའི་རིང་ལ་གནས་ལུགས་མེད་པར་ཟིང་ཆ་སློང་མཁན་མང་པོས་པེ་ཅིན་དུ་གོང་གཏུག་བྱེད་པར་ཁ་གཡར་ནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་ལ་གནོན་ཤུགས་བྱིན་པར་མ་ཟད། ལམ་རིན་དང་ཟས་རིན་སོགས་འཚོ་བའི་འགྲོ་གྲོན་སྟེར་དགོས་པའི་ལུགས་མཐུན་མིན་པའི་རེ་བའང་བཏོན་ཏེ། དོན་དངོས་སུ་བསྙད་འདོགས་རྒྱུ་འཕྲོག་བྱས་པའི་ནག་ཉེས་བཟོས་ཚེ་སྒོར་མོའི་མང་ཉུང་ལྟར་ཚབས་ཆུང་ན་ལོ3གྱི་མན་དང་ཚབས་ཆེ་ན་ལོ10ཡན་གྱི་དུས་བཀག་བཙོན་འཇུག་བྱ་ངེས།

        བརྒྱད།

        ཞུ་ལོག་གླེང་འགེལ་གྱི་ནག་ཉེས།

        གྱོད་དཔེ།

        དོན་གྲུབ་སྤུན་གཉིས་ཞིབ་དཔྱོད་ཁང་གི་གྱོད་སྒྲུབ་མི་སྣས་བཅའ་ཁྲིམས་སྣང་མེད་དུ་བཞག་ནས་རང་འདོད་བྱས་པའི་གནད་དོན་གྱི་བརྟག་དཔྱད་མཇུག་འབྲས་ལ་མ་འཐད་པས། དོན་དངོས་གཞི་འཛིན་ས་གཅིག་ཀྱང་མེད་པའི་གནས་ཚུལ་འོག་ཞིབ་དཔྱོད་དཔོན་ཚེ་རིང་གིས་ཉེས་འགེབས་དང་ལྐོག་རྔན་སྤྲོད་ལེན་གྱི་བདེན་དཔང་རྫུན་བཟོ་བྱས་པ་དང་། སྔ་གཞུག་ཏུ་གོང་གཏུག་དང་འཕྲིན་གཏུག་སོགས་ཀྱི་རྣམ་པས་རིམ་པ་སོ་སོའི་ཞིབ་དཔྱོད་ཁང་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ཨུ་ལྷན་ཁང་སོགས་སྡེ་ཁག་འགར་གཏུག་ནས་ཤུགས་རྐྱེན་ངན་པ་བཟོས་པས། ཁྲིམས་ཁང་གིས་ཞུ་ལོག་གླེང་འགེལ་བྱས་པའི་ནག་ཉེས་ལྟར་ཁྲིམས་ཆད་བཅད།

        ཞིབ་དཔྱོད་དཔོན་གྱི་ལྟ་ཚུལ།

        ཞུ་ལོག་གླེང་འགེལ་བྱས་པའི་ནག་ཉེས་ནི་ནག་ཉེས་རྫུན་བཟོ་དང་ཞུ་གཏུག་རྫུན་མ་བྲིས་ཏེ་མི་གཞན་པར་ཉེས་དོན་རྩད་གཅོད་བྱེད་དུ་འཇུག་པའི་ཚབས་ཆེ་བའི་བྱ་སྤྱོད་ལ་གོ རྫུན་བཟོ་ནི་དོན་དངོས་ཀྱི་ནག་ཉེས་ལ་སྒྲོ་འདོགས་བྱེད་པར་གོ་ཞིང་། ཞུ་གཏུག་རྫུན་མ་ནི་ཁྲིམས་ནུས་ཐོན་པའི་བྱ་སྤྱོད་སྤེལ་མཁན་གྱིས་འབྲེལ་ཡོད་ལས་ཁུངས་ལ་རྫུན་བཟོ་བྱས་པའི་བདེན་དཔང་གིས་ཞུ་གཏུག་བྱས་ཏེ་ཞུ་ལོག་བྱས་པའི་མི་དེར་ནོར་འཁྲུལ་ཅན་གྱི་བརྟག་དཔྱད་དང་ཞུ་གཏུག འདྲི་གཅོད་བྱེད་ཆེད་ཡིན།

        གསལ་འདེབས།

        རྩ་ཁྲིམས་སུ་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་ལས་ཁུངས་དང་ལས་སྒྲུབ་མི་སྣ་གང་རུང་གི་ཁྲིམས་འགལ་འགན་ཤོར་གྱི་བྱ་སྤྱོད་དེའི་རིགས་འབྲེལ་ཡོད་ཀྱི་རྒྱལ་ཁབ་རིམ་པའི་ལས་ཁུངས་སུ་ཞུ་གཏུག་གྱོད་འཛུགས་དང་ཉེས་སྐྱོན་ཐེར་འདོན་བྱེད་པའི་དབང་ཆ་བྱིན་ཡོད། འོན་ཀྱང་ནག་ཉེས་རྫུན་བཟོ་དང་དོན་དངོས་འཁྱོག་བཟོ་བྱས་ཏེ་ཞུ་ལོག་དང་ཉེས་མེད་གླེང་འགེལ་བྱེད་མི་ཆོག་ལ་གོང་གཏུག་ཁྲོད་ལུགས་མཐུན་མིན་པའི་རེ་བ་སྐོང་མ་ཐུབ་པར་མཐོང་ཆེན་དང་ཡང་ན་འཁོན་ལན་སློག་ཆེད་རང་དགར་ནག་ཉེས་རྫུན་བཟོ་དང་ཞུ་ལོག་བྱས་ཚེ། ཁྲིམས་ལྟར་ལོ10ལ་དུས་བཀག་བཙོན་འཇུག་བྱས་ཆོག

        དགུ

        བསམ་བཞིན་དུ་རྒྱུ་ནོར་ལ་གཏོར་བཤིག་བཏང་བའི་ནག་ཉེས།

        གྱོད་གཞི།

        ཚེ་རིང་ཚང་གི་ཁང་ས་དེ་ཐོན་ཁུངས་གསར་འབྱེད་ཀྱི་ཚོང་བས་ཁྲིམས་འགལ་གྱིས་བདག་བཟུང་བྱས་པ་རྐྱེན་བྱས་ཏེ།འབྲེལ་ཡོད་སྡེ་ཁག་ལ་རེ་ཞུ་ཞུས་ཀྱང་། རྩད་གཅོད་བྱས་མཐར་ས་དེ་སྔ་མོ་ནས་ཞིང་སར་བསྒྱུར་ཡོད་པ་ཤེས་ནས་ཐག་གཅོད་མ་བྱས། འདིའི་ཆེད་དུ་ཁོ་རང་སྔ་གཞུག་ཏུ་ཐེངས13ལ་གྲོང་རྡལ་དང་རྫོང་སྲིད་གཞུང་ལ་གོང་གཏུག་བྱེད་དུ་སོང་ཞིང་། གོང་གཏུག་གོ་རིམ་ཁྲོད་སྒེའུ་ཁུང་དང་སྒོ གཞན་པའི་སྒྲིག་ཆས་བཅགས་པ་སོགས་ཀྱི་བྱ་སྤྱོད་ཛ་དྲག་ཀྱང་སྤེལ་བས། ས་དེ་རུ་ཤུགས་རྐྱེན་ངན་པ་བཟོས་ཡོད། ཁྲིམས་ཁང་གིས་འདྲི་གཅོད་བྱས་མཐར་བྱ་སྤྱོད་དེའི་རིགས་ནི་བསམ་བཞིན་དུ་རྒྱུ་ནོར་ལ་གཏོར་བཤིག་བཏང་བའི་ནག་ཉེས་སུ་གྲུབ་ཡོད། དེ་བས་ལོ1ལ་དུས་བཀག་བཙོན་འཇུག་བྱས།

        ཞིབ་དཔྱོད་དཔོན་གྱི་བསམ་ཚུལ།

        བསམ་བཞིན་དུ་རྒྱུ་ནོར་ལ་གཏོར་བཤིག་བཏང་བའི་ནག་ཉེས་ནི་བསམ་བཞིན་དུ་གཞུང་སྒེར་གྱི་རྒྱུ་ནོར་ལ་གཏོར་བཤིག་དང་གནོད་པ་བཟོས་པའི་གྲངས་འབོར་ཅུང་ཆེ་བའམ་ཡང་ན་ཚབས་ཆེ་བའི་བྱ་སྤྱོད་ལ་གོ བསམ་བཞིན་དུ་རྒྱུ་ནོར་ལ་གཏོར་བཤིག་བཏང་བའི་སྒོར5000ཡན་དང་། ཐེངས་གསུམ་ཡན་ནམ་ཡང་ན་མི་གསུམ་འདུས་ནས་མངོན་སུམ་འཛེམ་མེད་ཀྱིས་སྤྱིའི་རྒྱུ་ནོར་ལ་གནོད་པ་བཏང་ཚེ། བསམ་བཞིན་དུ་རྒྱུ་ནོར་ལ་གཏོར་བཤིག་བཏང་བའི་ནག་ཉེས་ཀྱི་ངོ་བོ་གྲུབ་ཡོད།

        གསལ་འདེབས།

        གོང་གཏུག་བྱེད་མཁན་ལ་ལས་འཁོན་ལན་སློག་པ་དང་ཡིད་མ་ཚིམ་པར་སྤྱིའི་རྒྱུ་ནོར་ལ་གནོད་པ་བྱེད་པའི་བྱ་སྤྱོད་སྤེལ་བའམ་ཡང་ན་གནོད་སྐྱོན་བཏང་ཡང་རིན་ཐང་ཆེར་མེད་པར་བསམ་མོད། འོན་ཀྱང་དོན་དངོས་སུ་དེ་ལྟར་མིན་ཏེ། མི་གསུམ་ཡན་གྱིས་རྒྱུ་ནོར་ལ་གནོད་པ་བཏང་བའི་བྱ་སྤྱོད་ཁྲོད་གྱོང་གུད་བཟོས་པའི་ཁ་གྲངས་གསལ་བོ་མེད་པས། ནག་ཉེས་འདིའི་རིགས་ནི་སྒོར་མོའི་མང་ཉུང་དང་གནས་ཚུལ་གྱི་ཚབས་ཆེ་ཆུང་ལྟར་ཆེས་མཐོ་བའི་ཁྲིམས་ཆད་ནི་དུས་བཀག་བཙོན་འཇུག་ལོ7ཡིན།

        བཅུ།

        སྤྱིའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས།

        གྱོད་གཞི།

        ཉི་མ་སོགས་པེ་ཅིན་དུ་གོང་གཏུག་བྱེད་དུ་སོང་ནས་ས་རུབ་པའི་དུས་སུ། རླངས་འཁོར་མྱུར་མོར་བསྐོར་བ་དང་རླངས་འཁོར་གྱི་གློག་གཟིམ་པ། རང་དགར་ཁ་ལོ་བསྒྱུར་བ། གློག་དམར་སྐབས་སུ་བསྐྱོད་པ་སོགས་ཉེན་ཁའི་བྱ་སྤྱོད་གང་མང་སྤེལ། ཁོ་ཚོ་རྗེས་འདེད་བཞིན་པའི་ཉེན་རྟོག་པ་དང་བརྟན་འཇགས་འགེབས་སྲུང་མི་སྣ་ལ་གཡོལ་ཅི་ཐུབ་བྱས། ཉེན་རྟོག་ཕྱོགས་ཀྱིས་ཐོབ་ཐང་གསལ་བསྒྲགས་བྱས་ཏེ་རླངས་འཁོར་བཀག་ཀྱང་ཁ་ཡ་མ་བྱས་པར་མུ་མཐུད་དུ་མདུན་སྐྱོད་བྱས། ཁྲིམས་ཁང་གིས་སྤྱིའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་ཀྱི་ངོ་བོ་གྲུབ་ཡོད་པས། ཁོ་ཚོར་ལོ5ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཅད།

        ཞིབ་དཔྱོད་དཔོན་གྱི་ལྟ་ཚུལ།

        སྤྱིའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་ནི་མེ་གཏོང་བ་དང་ཆུ་རགས་གཏོར་བ། འབར་གས་གཏོང་བ་དང་གཞན་ཉེན་ཁ་ཅན་གྱི་དངོས་རྫས་འཕེན་པ་སོགས་རྒྱུན་དུ་མི་མཐོང་བའི་ཉེན་ཁའི་བྱེད་ཐབས་འདིའི་རིགས་ཀྱིས་སྤྱིའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་ལ་ཟེར། རྒྱུན་མཐོང་གི་བྱེད་ཐབས་ལ་རང་དགར་གློག་དྲ་འཐེན་པ། རླངས་འཁོར་བསྐོར་ནས་དོན་རྐྱེན་བཟོ་བ་དང་ནད་ཡམས་གང་སར་འགྲེམ་པ་སོགས་ཡོད།

        གསལ་འདེབས།

        ནག་ཉེས་འདིའི་རིགས་ནི་བྱ་སྤྱོད་ཀྱིས་སྤེལ་བའི་ནག་ཉེས་ཡིན་པས། ལག་བསྟར་བྱས་ཚེ་མཇུག་འབྲས་གང་ཡང་མི་དགོས་ལ་ཁྲིམས་འཛིན་མི་སྣས་ཚེ་སྲོག་དང་བདེ་འཇགས་ཡང་ན་གཞུང་སྒེར་གང་རུང་གི་རྒྱུ་ནོར་བཅས་ལ་གནོད་སྐྱོན་བཟོ་བར་ཉེན་ཁ་ཡོད་པར་གཏན་ཁེལ་བྱས་ཚེ་ཁྲིམས་ཐག་བཅད་ཆོག དེ་བས་གོང་གཏུག་བྱེད་དུས་ཐལ་དྲགས་པའི་བྱེད་ཐབས་བཀོལ་མི་རུང་བ་དང་། ཁྱོད་ཀྱིས་བསམ་བཞིན་དུ་སྤྱིའི་བདེ་འཇགས་ལ་གནོད་འཚེ་བཏང་བ་མིན་ནའང་། སྤྱིའི་བདེ་འཇགས་ལ་ཉེན་ཁ་ཐེབས་པའི་བྱ་སྤྱོད་བཟོས་ཡོད་ཚེ་ནག་ཉེས་ཀྱི་ངོ་བོ་གྲུབ་ཡོད། ནག་ཉེས་འདིའི་རིགས་ཀྱི་ཆེས་མཐོ་བའི་ཁྲིམས་ཆད་ལ་སྲོག་ཆད་བཅད་ཆོག

        (མཚོ་སྔོན་མི་རིགས་སློབ་ཆེན་གྱི་དངོས་སྦྱོང་སློབ་མ)སྐལ་བཟང་མཚོ་དང་སངས་རྒྱས་བཀྲ་ཤིས་གཉིས་ཀྱིས་བསྒྱུར་སྒྲིག་བྱས།

      རྩོམ་འཇུག་པ། ལྷ་ཆེན་རྒྱལ།