ཁྲིམས་དང་སྙན་ངག་གི་ལེའུ།

      ཡོང་ཁུངས། : ཁྲིམས་ལུགས་ཚགས་པར།      སྤེལ་དུས། : 2017-04-14 09:30:54      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        ༄༅། ། ཁྲིམས་དང་སྙན་ངག་གི་ལེའུ།

        ཁག་དང་པོ།

        ཁྲིམས།

        (གཞིས་ཀ་རྩེ) གངས་གཡག་དཔལ་ལྷུན།

        སྲིད་པའི་ཁམས་འདི་རྒྱ་ཆེ་ཁོད་ཡངས་ཀྱང་། །

        རྐང་གཉིས་ཚོགས་བཅས་ང་ཆེ་ང་བཙན་ཡང་། །

        ཀུན་གྱིས་སྲུང་ཞིང་ཀུན་གྱིས་བསྟེན་བྱེད་པ། །

        ཁྲིམས་ཞེས་བྱ་བའི་ཐ་སྙད་འདི་ལས་ཅི། །

        མཐོན་པོའི་ཁྲི་སྟེང་འགྱིང་བག་སྒམ་བརླིང་གིས། །

        དམངས་ཀྱི་བྱ་གཞག་ཁ་ལོ་བསྒྱུར་བྱེད་པའི། །

        མི་དཔོན་ཆེན་པོ་དབང་དྲག་ཅི་བཙན་ཡང་། །

        ཁྲིམས་ཀྱི་མདུན་ན་འདྲ་མཉམ་འགྲོས་ལ་མཁས། །

        གནས་ཀུན་བློ་ཡིས་དཔྱོད་ཤེས་ཉམས་སུ་ལེན། །

        རིག་པའི་རྩལ་གྱིས་ལེགས་ཉེས་འབྱེད་མཁས་པའི། །

        དཔྱོད་ལྡན་དག་ཀྱང་ཁྲིམས་ཀྱི་སྡིངས་ཆའི་ངོས། །

        འདྲ་མཉམ་སྟངས་སྟབས་འགྱུར་དགོས་ཀུན་དང་མཐུན། །

        ཟབ་ཡངས་གཞུང་ཆེན་གནས་རྣམས་ཁོང་དུ་ཆུད། །

        མཁས་མང་འགྲན་སར་ཀུན་མཁྱེན་བློ་གྲོས་མངའ། །

        སྒོ་གསུམ་དམ་ཆོས་མ་ལྷོད་རྟག་བརྩོན་པོ། །

        འཁྱོག་བྲལ་ཁྲིམས་ཀྱི་སྒོ་ཐེམ་བརྒལ་བར་སྤྲོ། །

        ཉིན་མཚན་མེད་པར་གཡོ་ཁྲམ་འཚོ་བར་རོལ། །

        སྔ་དགོང་མེད་པར་རྐུ་འཕྲོག་ལས་བརྩམས་པའི། །

        སྲང་མདོའི་སྲུང་མ་དག་ཀྱང་ཁྲིམས་ཀྱི་མདུན། །

        ཡ་རབས་རྣམ་འགྱུར་མཛེས་པ་ཀུན་དང་མཐུན། །

        འགའ་རེ་ཧམ་གྱིས་ལྟག་སྒོར་འཛུལ་ལ་སྤྲོ། །

        འགའ་རེ་འཛུམ་གྱིས་བསླུ་བྲིད་ལྟད་མོར་གཡེངས། །

        འགའ་རེ་ཉམ་ཆུང་ཁོ་ནས་འབུ་བཞིན་འཚོ། །

        ཡིན་ཏེ་ཁྲིམས་སར་དབུལ་ཕྱུག་ཁྱད་པར་མེད། །

        ལ་ལས་ལྷག་བསམ་ཁོ་ནས་འཚོ་བར་རོལ། །

        ལ་ལས་གཡོ་སྒྱུས་སྲིད་པའི་ཀློང་འདིར་མྱུལ། །

        དྲང་བདེན་རྒྱ་མར་འདེགས་པའི་ཁྲིམས་ཀྱི་མདུན། །

        ཀུན་ཀྱང་གཅིག་མཚུངས་ཡིན་པ་སུ་ཡིས་བསྙོན། །

        ཁྲི་འབུམ་རྒྱུ་ཡིས་གླིང་ཀུན་བསྡུ་ནུས་ཀྱང་། །

        དབང་ཆའི་རལ་གྲིས་རི་བོ་གཏུབ་ནུས་ཀྱང་། །

        ཁྲིམས་ཀྱི་མདུན་ན་རྒྱུ་དབང་གང་ལ་ཡང་། །

        འཁྱོག་པོར་བགྲོད་པའི་གོ་སྐབས་ཡོད་མ་ཡིན། །

        དབུལ་དང་ཕྱུག་གི་རྒྱལ་ཁམས་ཁྲིམས་ཀྱིས་ཕྱེ། །

        བཟང་དང་ངན་གྱི་ཧེ་བག་ཁྲིམས་ཀྱིས་དབྱེ། །

        དྲང་དང་རྫུན་གྱི་དཀར་ནག་ཁྲིམས་ཀྱིས་འབྱེད། །

        ང་དང་ཁྱོད་ཀྱི་ཁྱད་པར་ཁྲིམས་ཀྱིས་ཆོད། །

        ཁྲིམས་འདི་ཉམ་ཆུང་བགྲོད་པའི་ལམ་ཆེན་ཡིན། །

        ཁྲིམས་འདི་ལྐོག་ངན་འགོག་པའི་མདའ་མོ་ཡིན། །

        ཁྲིམས་འདི་མི་བཟང་བསྟོད་པའི་བདག་རྐྱེན་ཡིན། །

        ཁྲིམས་འདི་ཡང་ལྕི་བསྡུར་བའི་མེ་ལོང་ཡིན། །

       

        རྩོམ་པ་པོ་གངས་གཡག་དཔལ་ལྷུན།

        ཁྲིམས།

        (མགོ་ལོག) གྱི་ལིང་འཇིགས་མེད།

        ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །

        ཡོན་ཏན་ཐམས་ཅད་འབྱུང་བའི་གཞི་མ་ཞེས། །

        འཕགས་བོད་མཁས་གྲུབ་མང་བོས་བསྔགས་པ་བཞིན།།

        ཁྲིམས་ཀྱི་དགེ་མཚན་གླེང་ལ་བདག་ཡིད་སྤྲོ། །

        ཁྲིམས་འདིས་རྒྱལ་བོའི་དབང་ཆར་ཚོད་འཛིན་དང་། །

        ཁྲིམས་ཀྱིས་འབངས་ཀྱི་བདེ་སྡུག་འགན་དུ་ལེན། །

        ཁྲིམས་ནི་མཐོ་དམན་ཀུན་གྱི་ཚད་ཤིང་ཞེས། །

        ཁྲིམས་ལྡན་རྒྱལ་ཁབ་ཀུན་གྱིས་རླུང་ལྟར་སྒྲོག །

        ཁྲིམས་མེད་དམུ་རྒོད་ཡིན་ཞེས་མཁས་པས་སྨད། །

        ཁྲིམས་ལྡན་དཔལ་ཡོན་དར་ཞེས་སྐྱེ་བོས་གླེང་། །

        ཁྲིམས་ལ་ཉེ་རིང་མེད་ཅེས་ཁྲིམས་སུ་གསལ། །

        ཁྲིམས་འདི་རང་གཞན་སྲུང་བའི་གོ་ཁྲབ་ཡིན། །

        ཁྲིམས་ལུགས་མ་ཤེས་ཁྲིམས་འགལ་མང་དུ་འབྱུང་། །

        ཁྲིམས་དང་འགལ་བས་མི་ཚེའི་ཁེ་དབང་འཆོར། །

        ཁྲིམས་མཐུན་ཁེ་དབང་རྩོད་པའི་བློ་ལྡན་དག །

        ཁྲིམས་ཀྱི་མིག་གིས་རང་ལ་ལྟ་བ་གལ། །

        ཁྲིམས་འདི་དྲང་ན་རྒྱལ་འབངས་བདེ་ཞིང་སྐྱིད། །

        ཁྲིམས་འདི་ཤེས་ན་འདུན་མ་ལེགས་པར་འགྲུབ། །

        ཁྲིམས་འདི་བསྲུང་ན་རང་གི་ལ་རྒྱ་ཟིན། །

        ཁྲིམས་མཐུན་སྐྱེས་བུ་དཔའ་བོའི་ཡང་རྩེ་ཡིན། །

        ཁྲིམས་འདི་བརྩིས་ན་ཡང་མོའི་བལ་དང་མཚུངས། །

        ཁྲིམས་འདི་བཤིག་ན་ལྗིད་མོའི་གཉའ་ཤིང་བཞིན། །

        ཁྲིམས་ལ་ཉེ་རིང་ཡོད་པ་མ་ལགས་ཏེ། །

        ཁྲིམས་དང་འགལ་བ་ཁྲིམས་ཀྱིས་ཚར་གཅོད་བྱེད། །

        ཁྲིམས་འདི་མ་ཤེས་འཇིགས་སྐྲག་སྣ་ཚོགས་འབྱུང་། །

        ཁྲིམས་འདི་ཤེས་ན་བློ་བདེ་བག་ལ་ཕེབས། །

        ཁྲིམས་དང་བསྟུན་ན་ཐམས་ཅད་ངང་གིས་རྒྱལ། །

        ཁྲིམས་ཀྱིས་བསྲུང་ན་རྒྱལ་བོས་སྒུལ་མི་ཐུབ། །

        ཁྲིམས་ལྡན་བཙུན་པས་ཐར་བའི་བཙན་ས་འཛིན། །

        ཁྲིམས་མཐུན་འབངས་ཀྱིས་སྤྱི་དམངས་ཁེ་དབང་སྤྱོད།།

        ཁྲིམས་ལུགས་ཤེས་པས་སྤྱི་ཚོགས་བདེ་ལ་འབབ། །

        ཁྲིམས་འདི་བདེ་སྐྱིད་སྲུང་བའི་ལྕགས་རི་ཡིན། །

       

        རྩོམ་པ་པོ་གྱི་ལིང་འཇིགས་མེད།

        ཁྲིམས།

        (མཚོ་བྱང) བྲག་རྡོ།

        ཤོག་ལྷུབ་རལ་བོ་ཞིག་ལ་ང་ཚོས་ཁྲིམས་ལུགས་ཚགས་པར་འབོད།

        དེ་དུས་ང་ཚོས་རྟ་རྒྱབ་ནས་ཡང་ཡང་བཀླགས་མྱོང་བ་དེ།

        དུས་དེ་རིང་དྲན་ན་ཤིན་ཏུ་བསོར་སྣང་ཞིག་འདུག་ཨང་།

        ཡི་གེ་མང་པོ་ཞིག་གི་ཧྲག་བར་ནས་འཚར་ལོངས་བྱུང་ཞིང་།

        ལོ་ངོ་མང་པོ་ཞིག་ལ་ཁྱེད་ཀྱིས་ང་ཚོ་མིག་གིས་འཚོས་བ་དེ།

        དུས་དེ་རིང་དྲན་ན་ཤིན་ཏུ་བསོར་སྣང་ཞིག་འདུག་ཨང་།

        སེམས་ཀྱི་ངོས་སུ་ནམ་ཡང་བསུབ་ཏུ་མེད་པའི།

        ཁྱེད་ཀྱི་ལག་མཐིལ་ལྟ་བུའི་པང་ཁུག་དེ་ནས།

        མང་པོ་ཞིག་གིས་རྨི་ལམ་དང་ཕུགས་བསམ་གླེང་ཞིང་།

        "ཁྲིམས"ཀྱི་ངེས་རྟོགས་རྙེད་ཅིང་རང་གི་མངའ་ཐང་ཀྱང་རྙེད།

        དུས་དེ་རིང་དྲན་ན་ཤིན་ཏུ་བསོར་སྣང་ཞིག་འདུག་ཨང་།

        ཁྱེད་ཀྱིས་ནམ་ཡང་ཤུགས་ཀྱིས་བཀྱགས་པའི་ནམ་མཁར།

        "ཁྲིམས"ཀྱི་སྐར་ཚོགས་ཁྲ་ལམ་མེར་ཤར་ཅིང་།

        ང་ཚོས་དེ་ལ་སེམས་ཀྱི་སྨོན་འདུན་ཞུས།

        ཐ་ན་རང་གི་ལུས་ངག་ཡིད་གསུམ་གྱི་མཆོད་པའང་ཕུལ།

        ད་དུང་ཡི་གེའི་རོལ་རྩེད་ཀྱི་སྡེར་ཁའང་བསྒྲིགས།

        འདི་དག་ཐམས་ཅད་ཁྱེད་དང་ང་ཚོའི་གཏམ་རྒྱུད་ཡིན།

        

        རྩོམ་པ་པོ་བྲག་རྡོ།

        ཁྲིམས།

        (རྨ་ཆུ) ཀྱེ་ཕུར་མཆོག་གསུམ།

        འཚོ་བའི་འདུ་བ་སྙོམས་པའི་མེ་ལོང་གི་རང་གཟུགས།།

        ཉིན་སྲིབ་ཀུན་ལ་འཕྲོས་པའི་འཇིག་རྟེན་གྱི་བདག་པོ། །

        སྤྱི་ཚོགས་འདམ་གྱི་མཚོ་ལ་པད་འདབ་བཞིན་གྲོལ་བ།།

        འབངས་ཀྱི་གཡུ་སྦྲང་དྲན་པའི་ཟས་སྐལ་དུ་ལེན་དགོས། །

        ཁྲིམས་ཀྱི་རྒྱ་མིག་དྲང་པོའི་མེ་ལོང་དུ་གཟིགས་ཚེ། །

        ལས་ཀྱི་མཚོ་མོ་དྭངས་གསལ་ཆུ་ཤེལ་དང་འདྲ་འདུག །

        མཚོ་དེར་ཡན་པའི་འབངས་ཀྱི་གསེར་མིག་གི་ཉ་ཆུང་།།

        གཤོག་དྲུག་དར་ལ་མི་འབྱར་རང་དབང་གིས་བརྟས་ཡོད། །

        ཁྲིམས་ལུགས་ཁྲིམས་སུ་ཤེས་པའི་དྲན་ཡུལ་གྱི་ཁྲི་ལ། །

        ཁྲིམས་ཀྱི་འདུ་ཤེས་མ་ཡིས་བུ་བཞིན་དུ་གཅེས་ཀྱང་། །

        ཁྲིམས་ལུགས་བློ་མིག་ལྡོངས་པའི་སྨུག་ནང་གི་བུ་ལ། །

        ཁྲིམས་ཀྱི་རྟ་ལྕག་ངར་མས་ཡང་ཡང་དུ་གཞུ་དགོས། །

        འཚོ་བའི་མེ་ལོང་ངོས་སུ་ས་རྡུལ་གྱིས་གོས་པ། །

        སྤྱི་ཚོགས་སྒྲིག་གཞི་ཉོག་པའི་སྔ་ལྟས་སུ་ཆེ་འདུག །

        བྱི་དོར་བུམ་ཆུ་ཁྲིམས་ཀྱི་ཤེལ་ཕོར་དུ་བླུགས་ཏེ། །

        ངན་གཤིས་རྡུལ་མགོར་ཆག་ཆག་ཡང་ཡང་དུ་གཏང་དགོས། །

        བློ་ངན་གདོན་གྱིས་བསླུས་པའི་དྲན་ངོགས་ཀྱི་སྤྲིན་ནག།

        ལང་ཤོར་འོག་རླུང་ཤོར་བའི་དུག་རླངས་ཀྱི་རུལ་དྲི། །

        བསམ་སྦྱོར་ཉིས་སྐྱར་འཐབ་པའི་ཚེར་ནག་གི་མདུང་རྩེ། །

        དུས་དང་དུས་སུ་སྙོམས་པ་གསོས་སྨན་གྱི་ཕན་ཡོན། །

        ཧེབ་རྒན་ཡིད་ཀྱི་ཁུག་མ་ཞབས་རྡོལ་དུ་སོང་བ། །

        འགོང་འདྲེ་ལག་གི་རལ་གྲི་ཚོད་མེད་དུ་གཡུག་པ། །

        ཆགས་ཞེན་འདོད་པའི་རླུང་བུ་ངེས་མེད་དུ་ལྡང་བ། །

        རང་བསྲུང་གོ་ཁྲབ་གོ་རྟོགས་གསེར་ནག་གིས་རྡུང་དགོས། །

        ཁྲིམས་ཀྱི་ར་བ་མཐའ་མེད་སྲིད་གསུམ་ལ་བརྐྱངས་འདུག །

        དེ་ཡི་ཉིན་སྲིབ་ཐབས་དང་ཤེས་རབ་ཀྱིས་བཙེམ་འདུག།

        དེ་ཡི་སྤང་ལ་སྤྱོད་གཙང་ལུག་ཁྱུ་བཞིན་བཀྲམས་འདུག།

        དེ་ཡི་བདག་པོ་བྱམས་དང་བརྩེ་བ་ཡིས་འགྲེང་འདུག །

        ཡོ་འཁྱོག་ལམ་གྱི་རྒྱུ་བ་དྲང་སྙོམས་སུ་བསྲིངས་ནས། །

        འབག་བཙོག་རྒྱུད་ཀྱི་མི་གཙང་ཡོན་ཆབ་ཀྱིས་བཀྲུས་ཏེ། །

        རང་ལམ་རྡོག་པས་གནོན་པའི་ཁུར་ཆེན་ལ་འབད་དུས།།

        ཡིད་ན་གནོང་པ་མེད་པའི་ཚངས་ཐིག་དེ་དྲང་འདུག །

        ཡིད་ཀྱི་དགུ་ན་འཁྱོག་གཟུགས་རྩ་དོན་ལ་འཆང་བ། །

        བསམ་བློས་གཏན་འབེབས་མཛད་པའི་གཞུང་ལུགས་དེ་མ་ཡིན། །

        སྒེར་སེམས་དབྱུག་པ་ཐོགས་པའི་རྐུབ་གཡོག་པའི་ལག་ཏུ། །

        ཁྲིམས་ཀྱི་རྒྱ་མ་གས་ཆག་གཙབ་ཧྲུལ་དུ་བཏང་འདུག །

        ཁྲིམས་ཀྱིས་རྨོངས་པ་ལོང་བའི་ལམ་སྟོན་ལ་རེ་འདྲ། །

        ཁྲིམས་ཀྱིས་དབུལ་བ་སྤྲང་པོ་དབྱུག་ཐོགས་དང་མཚུངས་འདུག །

        ཁྲིམས་ལ་ཁྲིམས་ཀྱི་འདུ་ཤེས་མཐོར་འདེགས་སུ་གཏོང་བ། །

        རྣམ་དཔྱོད་མེ་དཔུང་སྦར་བའི་དན་རྟགས་སུ་ངེས་སོ། །

       

        རྩོམ་པ་པོ་ཀྱེ་ཕུར་མཆོག་གསུམ།

        ཁྲིམས།

        (ཀོས་ནན) འབུམ་བྱམས་རྒྱལ།

        ཁྲིམས་ནི་བདེ་སྐྱིད་གསར་བའི་འོད་སྣང་ཡིན། །

        ཁྲིམས་ནི་སྤྱི་ཚོགས་ཤིག་གི་ཁ་ཕྱོགས་ཡིན། །

        ཁྲིམས་ནི་འཚོ་བ་བསྐྲུན་པའི་རྨང་གཞི་ཡིན། །

        ཁྲིམས་ནི་དགའ་བ་བསྐྱེད་པའི་འཛུམ་མདངས་ཡིན། །

        ཁྲིམས་ནི་དཀའ་སྡུག་སེལ་བའི་ནོར་བུ་ཡིན། །

        ཁྲིམས་ནི་བདེན་པ་བསྩོལ་བའི་དཔུང་གཉེན་ཡིན། །

        ཁྲིམས་ནི་རྫུན་པ་འཇོམས་པའི་སེག་རྡར་ཡིན། །

        ཁྲིམས་ནི་རྨོངས་མུན་སེལ་བའི་སྒྲོན་མེ་ཡིན། །

        ཁྲིམས་ནི་རྒྱལ་འབངས་སྐྱོང་བའི་དེད་དཔོན་ཡིན། །

        ཁྲིམས་ནི་གཞིས་ཁྱིམ་དྲོན་པོའི་དགོད་སྒྲ་ཡིན། །

        ཁྲིམས་ནི་ཉམ་ཆུང་མི་བུའི་རྒྱབ་རྟེན་ཡིན། །

        ཁྲིམས་ནི་འབྱོར་ལྡན་ཆེན་པོའི་བཀོར་བདག་ཡིན། །

        ཁྲིམས་ནི་ན་ཟུག་འཇོམས་པའི་སྨན་མཆོག་ཡིན། །

        ཁྲིམས་ནི་ཨ་ཕས་བརྩམས་པའི་གཏམ་རྒྱུད་ཡིན། །

        ཁྲིམས་ནི་ཨ་མས་བྲིས་པའི་སྙན་ངག་ཡིན། །

        ཁྲིམས་ནི་མེས་པོས་གདམས་པའི་བསླབ་བྱ་ཡིན། །

        ཁྲིམས་ནི་མེས་མོས་བྱིན་པའི་ནུ་ཞོ་ཡིན། །

        ཁྲིམས་ནི་མཛའ་བོས་གྱེར་པའི་སྙིང་གཏམ་ཡིན། །

        ཁྲིམས་ནི་མཛའ་མོས་བཏེགས་པའི་རྒུན་ཆང་ཡིན། །

        ཁྲིམས་ནི་རྒན་པོས་བགྲང་བའི་ཡིག་དྲུག་ཡིན། །

        ཁྲིམས་ནི་གཞོན་པས་བླངས་པའི་མཛའ་གླུ་ཡིན། །

        ཁྲིམས་ནི་བྱིས་པས་ཀློག་པའི་དབྱངས་གསལ་ཡིན། །

        ཁྲིམས་ནི་བླ་མས་གསུང་བའི་གདམ་ངག་ཡིན། །

        ཁྲིམས་ནི་དཔོན་པོས་བསྩལ་བའི་བཀའ་གསུང་ཡིན། །

        ཁྲིམས་ནི་རི་མོ་མཁན་གྱི་པུར་རྩེ་ཡིན། །

        ཁྲིམས་ནི་ལེགས་ཉེས་སྟོན་པའི་རྒྱང་མཐོང་ཡིན། །

        ཁྲིམས་ནི་དར་རྒུད་འབྱེད་པའི་འབོད་བརྡ་ཡིན། །

        ཁྲིམས་ནི་དཀར་ནག་སེལ་བའི་མེ་ལོང་ཡིན། །

        ཁྲིམས་ནི་རྒྱལ་ཕམ་སྟོན་པའི་འཕྲུལ་ཐག་ཡིན། །

        ཁྲིམས་ནི་གོ་རིམ་ལྡན་པའི་ཤེས་བྱ་ཡིན། །

        ཁྲིམས་ནི་ཁྱོད་ཀྱིས་བྱིན་པའི་ཟུར་མིག་ཡིན། །

        ཁྲིམས་ནི་ང་ཡིས་བྲིས་པའི་མཛའ་གཞས་ཡིན། །

        ཁྲིམས་ནི་འུ་གཉིས་བར་གྱི་བརྩེ་དུངས་ཡིན། །

        ཁྲིམས་ནི་ཁོར་ཡུག་ཅིག་གི་ཚེ་སྲོག་ཡིན། །

        ཁྲིམས་ནི་དུས་གསུམ་བར་གྱི་ལོ་རྒྱུས་ཡིན། །

        ཁྲིམས་ནི་སྔོན་ཐོན་འཚོ་བའི་ཁ་ཕྱོགས་ཡིན། །

      རྩོམ་འཇུག་པ།ལྷ་ཆེན་རྒྱལ།