ཕ་མ་ཤི་བའི་དཔང་ཡིག་རྫུན་མ།

      ཡོང་ཁུངས། : ཁྲིམས་ལུགས་ཚགས་པར།      སྤེལ་དུས། : 2017-04-14 09:33:32      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        གྱོད་དཔེ་གཤིན་རྗེའི་མེ་ལོང་།

        ཕ་མ་ཤི་བའི་དཔང་ཡིག་རྫུན་མ།

        ལས་འཁྱུར་ངལ་གསོ་མ་བྱས་གོང་གི་ལྕམ་མོ་ཁྲེང་ཁྱོ་ཤུག་གཉིས་ནི་རྒྱལ་གཉེར་ཁེ་ལས་ཤིག་གི་མཐོ་རིམ་དོ་དམ་མི་སྣ་ཡིན་པ་དང་བུ་དང་བུ་མོ་གཉིས་ཡོད། མ་གཞིར་ཚེ་སྨད་ལ་སྐྱིད་བརྒྱབ་ན་འོས་པའི་ལྕམ་མོ་ཁྲེང་གི་བསམ་ཡུལ་ལས་འདས་པ་ཞིག་ནི་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་ཞའོ་ཀང་གིས་སྒོར་ཁྲི190བཀོལ་ནས་མོ་བཟའ་ཟླ་གཉིས་ཤི་ཟིན་པའི་དཔང་ཡིག་རྫུན་མ་དང་བུ་མོས་ཤུལ་འཛིན་དབང་ཆ་བསྐྱུར་བའི་གསལ་སྒྲོག་ཡི་གེ་རྫུན་མ་བཟོས་ཏེ་ཕ་མའི་ཁང་བ་རང་གི་མིང་ཐོག་ཏུ་བསྐོར་ཡོད་པ་རེད། མ་གཞིར་ཞའོ་ཀང་གིས་བཟོ་སྐྲུན་འགན་གཙང་ལེན་བྱེད་དུས་དོམ་མང་པོ་བླངས་པས། ཁོ་རང་གི་ཁང་བ་གཏའ་མར་བཞག་ཀྱང་ད་རུང་བུན་གཏོང་ཀུང་སིར་སྒོར་ཁྲི510ལྷག་ཆད་པས། ད་གཟོད་རྒྱུ་འབྲས་ལས་ལྡོག་པའི་བྱ་སྤྱོད་དེ་འདྲ་སྤེལ་བ་རེད། མཇུག་མཐར་གཞུང་དཔང་ཁྲུའུ་ཡིས་ལྕམ་མོ་ཁྲེང་ལ་ཁང་བ་ཕྱིར་སྤྲད་ནའང་། འབོར་ཆུང་བུན་གཏོང་ཀུང་སིས་ད་དུང་རྒྱུན་པར་ཟིང་ཆ་སློང་བཞིན་ཡོད།

        གཅིག

        ལྕམ་མོ་ཁྲེང་གིས་གསར་འགོད་པར་བཤད་རྒྱུར། མོའི་བུ་ཞའོ་ཀང་ནི་བཟོ་སྐྲུན་འགན་གཙང་ལེན་བྱེད་མཁན་ཞིག་ཡིན། ད་ལྟ་གཉེན་སྒྲིག་བྱས་ཡོད་པར་མ་ཟད་ཁོའི་ཆུང་མ་དང་མཉམ་དུ་པེ་ཅིན་གྲོང་ཁྱེར་པའེ་ཙི་ཝན་དུ་བསྡད་ཡོད། ན་ནིང་མནའ་མས་གློ་བུར་དུ་ང་ལ་ཁ་པར་བཏང་སྟེ་ཞའོ་ཀང་གིས་པའེ་ཙི་ཝན་གྱི་ཁང་བ་གཏའ་མར་བཞག་པར་མ་ཟད། ངེད་རྒན་རྒོན་གཉིས་ཀྱི་ཁང་བ་ཡང་ཁོའི་མིང་ཐོག་ཏུ་བསྐོར་ཡོད་པ་དང་། དེའང་གཏའ་མར་འཇོག་རྩིས་འདུག་ཟེར་བའི་གནས་ཚུལ་འདི་གོ་དུས། རང་ཉིད་ཧ་ལས་སུ་བཅུག ངེད་རྒན་རྒོན་གཉིས་ད་རུང་ཤི་མེད་པས་ཁ་རོག་གེར་ཁང་བདག་བརྗེས་པར་མ་ཟད། ད་རུང་གཏའ་མར་འཇོག་པའི་ལས་སྲོལ་ཞིག་གང་ན་ཡོད་དམ་ཟེར།

        མོས་མནའ་མར་དྲིས་ནས་ད་གཟོད་ཤེས་རྒྱུར། མ་གཞིར་ཞའོ་ཀང་གིས་ཁོང་རྒན་རྒོན་གཉིས་ལ་གསང་སྟེ་ཁ་རོག་གེར་མི་བཙལ་ནས་ཁོ་གཉིས་ཀྱི་ཤི་བའི་དཔང་ཡིག་རྫུན་མ་བཟོས་པ་རེད། ལྕམ་མོ་ཁྲེང་གིས་ངུ་ཞོར་བཤད་རྒྱུར“དཔང་ཡིག་གི་ངོས་སུ་ང་དང་རྒན་པོ་གཉིས་ཀ་སོ་སོ2014ལོ་དང2016ལོར་ཧོ་པེ་ཞིང་ཆེན་ལང་ཧྥང་དུ་ཤི་སོང་ཞེས་བྲིས་ཡོད་པར་མ་ཟད། ད་དུང་ངའི་བུ་མོས་ཤུལ་འཛིན་གྱི་དབང་ཆ་བསྐྱུར་བའི་གསལ་སྒྲོག་ཡི་གེ་རྫུན་མ་ཞིག་ཀྱང་བཟོས་ཏེ། གཞུང་དཔང་ཁྲུའུ་ནས་ཤུལ་འཛིན་དབང་ཆའི་གཞུང་དཔང་ཡི་གེ་ཞིག་ཀྱང་བླངས་ཡོད་པ་རེད།”མོས་འདང་མི་དཔོག་པ་ཞིག་ནི་ད་བར་དུ་བསྙེན་བཀུར་གཞུང་དྲང་ཡིན་པའི་བུས་འདི་འདྲའི་དོན་དག་བྱ་བཙོག་ཅིག་ཅི་ལྟར་བཟོ་ཕོད་པ་ཡིན་ནམ། ཁོ་ཚང་གི་མག་པས་དབྱེ་འབྱེད་ངོས་བཟུང་བྱས་པ་ལྟར་ན། ཤུལ་འཛིན་གསལ་བཤད་ཡི་གེའི་ངོས་ཀྱི་ཐོབ་ཐང་འཛིན་ཡིག་ནི་རྫུན་མ་ཡིན་པར་མ་ཟད་མིང་རྟགས་བཀོད་པའང་རྫུན་མ་རེད། འོན་ཀྱང་ངེད་ཚང་གི་དོན་དག་འདི་སུས་ཀྱང་མ་ཤེས་ཟེར།

        ལྕམ་མོ་ཁྲེང་གིས་བཤད་རྒྱུར། “ཟླ་དང་པོའི་ནང་དུ་བུན་གཏོང་ཀུང་སི་ཞིག་གི་མིས་ཁོ་ཚང་བཙལ་ཡོང་སྟེ། ཞའོ་ཀང་གིས་ཁང་བ་འདི་ཁོ་ཚོར་གཏའ་མར་བཞག་ཡོད་པས། གལ་ཏེ་སྒོར་ཁྲི510ཁོ་ཚོར་མི་སྟེར་ན། ཁྱིམ་ནས་ཕྱིར་བདའ་རྒྱུ་ཡིན་ཟེར་བའི་གནས་ཚུལ་འདི་གོ་དུས། ང་རང་སྨྱོ་ལ་ཁལ་བྱས་པ་དང་མ་བསམ་ས་ནས་ངེད་རྒན་རྒོན་གཉིས་ལོ་ན་འདི་འདྲ་ཆེ་བའི་མཐའ་མར་རྒས་ས་ཤི་ས་ཞིག་ཀྱང་མེད་པའི་ཚད་ལ་ལྷུང་སོང་བ་རེད”ཞེས་ཟེར།

        གཉིས།

        རི་ཉིལ་བ་ཐག་པས་མི་འདུམ་པའི་དཔེ་ལྟར་དོན་དག་འདི་འདྲའི་ཚད་ལ་བསླེབས་དུས། ཁོ་ཚང་གིས་ཀྱང་ཞའོ་ཀང་ས་བཙལ་རྡོ་བཙལ་བྱས་ཏེ་དོན་དག་འདི་གསལ་འགྲེལ་ཞིག་བྱེད་ཐུབ་པར་རེ། འོན་ཀྱང་ཁོའི་ཁ་པར་སྒོ་རྒྱབ་ཡོད་པ་དང་རྒྱུན་པར་འགྲོ་སའི་གནས་སུ་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག་པས། ཐབས་ཟད་འུ་ཐུག་གི་འོག་ཁོ་ཚང་གིས་གཞུང་དཔང་ཁྲུའུ་ནས་ཞུ་གཏུག་བྱས་ཏེ་ཁང་བ་ཕྱིར་སྤྲོད་རྒྱུའི་རེ་བ་བཏོན། རྩད་ཞིབ་བྱས་མཐར་གཞུང་དཔང་ཁྲུའུ་ཡིས་འབྲེལ་ཡོད་ཡིག་ཆ་དག་མེད་པར་བཟོས་མོད། འོན་ཀྱང་དོན་དག་ད་དུང་རྫོགས་མེད་པར་བུན་གཏོང་ཀུང་སིས་སྔར་བཞིན་ཁོ་ཚང་གི་སྒོ་ཁར་དོམ་འདེད་དུ་ཡོང་བ་རེད། དེའི་རྗེས་སུ་གསར་འགོད་པ་འབོར་ཆུང་བུན་གཏོང་ཀུང་སིར་སོང་བ་ན་ལས་སྒྲུབ་མི་སྣས་གསར་འགོད་པར་བཤད་རྒྱུར། ཞའོ་ཀང་གིས་ཁོ་ཚོའི་ཀུང་སི་དང་གན་རྒྱ་བཞག་ཡོད་པར་མ་ཟད། ཁོ་ཚོའི་ལག་ནས་སྒོར་མོའང་བསྐྱིས་སོང་བ་དང་ད་ལྟ་ཞའོ་ཀང་གར་སོང་ཆ་མེད་དུ་གྱུར་པས། ཁོ་ཚོར་ཆད་པའི་སྒོར་མོ་ཁྲི510དེ་ཕྱིར་མ་བྱིན་ན་མི་ཆོག་ཟེར།

        ཉིན་འགའི་རྗེས་སུ་ཞའོ་ཀང་ཕྱིར་རང་ཁྱིམ་དུ་ལོག་མོད། འོན་ཀྱང་ཁོ་རང་སྔོན་ཆད་ལྟར་གང་བདེར་འགྲོ་མི་ཐུབ་ལ་ཁོས་བཤད་རྒྱུར་དོན་དག་ལྷང་ལ་བུད་རྗེས། ཕྱིར་ལྡོག་ཐབས་ཤིག་མེད་པར་བསམ་སྟེ་རང་སྲོག་རྟ་རྔ་འདྲ་བོ་དུམ་པར་གཅོད་འདོད་སྐྱེས་མྱོང་ཟེར། ཁོས་བདེན་དཔང་རྫུན་མ་བཟོས་པ་དང་ཁང་བ་གཏའ་མར་འཇོག་དོན་ནི་འགན་གཙང་ལེན་བྱས་པའི་བཟོ་སྐྲུན་བྱ་བར་ཕམ་ཉེས་བྱུང་བས་གཞན་ལ་གྲངས་འབོར་མཐོ་བའི་དོམ་བྲུས་པ་ཡིན། ཐོག་མར་བསམ་པ་ནི་ཁང་བ་གཏའ་མར་བཞག་ནས་དོམ་གསོད་ཐུབ་སྙམ། མ་བསམ་ས་ནས་རྗེས་སུ་དོམ་འཕོས་ནས་ཇེ་མང་ནས་ཇེ་མང་དུ་སོང་བ་དང་། ང་རང་ཉིད་ཀྱི་ཁང་བ་གཏའ་མར་བཞག་པར་མ་ཟད། སྒོར་ཁྲི190བཀོལ་ནས་ཕ་མ་གཉིས་ཤི་བའི་དཔང་ཡིག་རྫུན་མ་དང་ཨ་ཅེས་ཤུལ་འཛིན་དབང་ཆ་བསྐྱུར་བའི་གསལ་སྒྲོག་ཡི་གེ་རྫུན་མ་བཟོས་ཏེ་ཕ་མའི་ཁང་བ་ཡང་གཏའ་མར་བཞག་ཀྱང་། ད་དུང་སྒོར་ཁྲི510ཡི་དོམ་བྲུས་ཡོད་པ་རེད། ངས་ཕ་མ་གཉིས་སྡུག་ལ་སྦྱར་བ་ཤེས་མོད་ཀྱང་ད་ནི་ཡོད་ཚད་འཕྱི་འདུག ངའི་རེ་བ་ནི་ཁོ་གཉིས་ཀྱིས་ང་རང་ཞུ་གཏུག་བྱས་ཏེ་ཁོང་གཉིས་ཀྱི་གྱོང་གུད་ཆེས་ཆུང་བར་གཏོང་རྒྱུ་དེ་ཡིན་ཟེར།

        ལྕམ་མོ་ཁྲེང་གིས་བཤད་རྒྱུར། མིག་སྔར་བུན་གཏོང་ཀུང་སིས་ཉིན་རེར་ཁྱིམ་དུ་ཡོང་ནས་ཟིང་ཆ་སློང་བ་དང་། ཁོ་ཚང་གི་ཁྱིམ་མི་གང་བོས་ཀྱང་ཅི་ལྟར་བྱེད་དགོས་པ་མི་ཤེས་པས་ད་ལྟ་ཉེན་ཞུ་རོགས་རམ་བྱེད་པ་ཡིན་ལ། གཞན་གཞུང་དཔང་ཁྲུའུ་ཡིས་རྩད་ཞིབ་ཀྱི་འོས་འགན་ལེགས་པོ་འདོན་སྤེལ་བྱས་མེད་པས་མོའི་གྱོང་གུད་ལ་འགན་ཁུར་དགོས་ཟེར།

        གསུམ།

        པེ་ཅིན་ཁཱང་ཕུ་ཁྲིམས་རྩོད་ལས་གཉེར་ཁང་གི་ཀྲུའུ་རིན་ཝུའུ་ལི་ཧུང་གིས་བཤད་རྒྱུར། ད་ལྟའི་གནས་ཚུལ་ལ་བལྟས་ཡོང་ན། ཞའོ་ཀང་གིས་ཕ་མ་གཉིས་ཤི་བའི་དཔང་ཡིག་རྫུན་མ་དང་ཨ་ཅེས་ཤུལ་འཛིན་དབང་ཆ་བསྐྱུར་བའི་གསལ་སྒྲོག་ཡི་གེ་རྫུན་མ་བཟོས་ཏེ་ཤུལ་འཛིན་དབང་ཆའི་གསལ་སྒྲོག་ཡི་གེ་ཐོབ་ཐབས་བྱས་པ་དང་། མཐའ་མར་ཕ་མའི་ཁང་བ་དེ་ཡང་རང་གི་མིང་ཐོག་ཏུ་བསྐོར་བ་སོགས་སྒྲུབ་པ་ཐམས་ཅད་ནི་དོགས་ཡོད་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་ལ། རང་རྒྱལ་གྱི་གཞུང་དཔང་བཅའ་ཁྲིམས་ལྟར་ན། ཞའོ་ཀང་གི་བྱ་སྤྱོད་དག་གིས་མགོ་སྐོར་གཡོ་ལེན་གྱི་ནག་ཉེས་གྲུབ་ཡོད་པས། མགོ་སྐོར་གཡོ་ལེན་གྱི་ནག་ཉེས་ལྟར་ཉེས་དོན་གྱི་འགན་འཁྲི་ཁུར་དགོས་པ་དང་། དེ་ལས་གཞན། རྒྱུ་ཆ་རྫུན་མ་བཟོས་ཏེ་གཞུང་དཔང་ཡི་གེ་རྫུན་མ་ཐོབ་ཐབས་བྱས་ཤིང་། ཁང་བའི་བདག་པོ་བརྗེ་བ་དང་གཏའ་མར་འཇོག་པ་སོགས་ཀྱི་ཁྲིམས་ལུགས་ཀྱི་བྱ་སྤྱོད་ཐ་དག་ལ་ནུས་པ་མི་ཐོན་པས། ཁང་བའི་བདག་དབང་དེ་ཕྱིར་བདག་པོ་དངོས་ལ་སྤྲོད་དགོས། ཞའོ་ཀང་གིས་གཏའ་མར་བཞག་པའི་བསྐྱིས་དངུལ་ནི་ཁོ་རང་གིས་སྐྱིན་ཚབ་འཇལ་དགོས་པ་ལས་ཁོའི་ཕ་མ་གཉིས་དང་འབྲེལ་བ་མེད།

        དེ་དང་མཉམ་དུ་ཁྲིམས་རྩོད་པ་ཝུའུ་ལི་ཧུང་གིས་བཤད་རྒྱུར། མགོ་སྐོར་གཏོང་མཁན་གྱིས་ཡིག་ཆ་དང་རྒྱུ་ཆ་རྫུན་མས་གཞན་མིང་རང་གི་མིང་དུ་བརྫིས་ཏེ། ལས་སླ་མོར་མགོ་སྐོར་ཐེབས་པ་ནི་གཞུང་དཔང་ཁྲུའུ་ཡི་ལས་སྒྲུབ་མི་སྣའི་འགན་འཛོལ་ཡང་ཡིན་པས། བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་པ་དང་གཞུང་དཔང་ལས་ཁུངས་ལ་དོ་བདག་པར་འབྲེལ་ཡོད་ཀྱི་གྱོང་གུད་སྐྱིན་ཚབ་སྤྲོད་དགོས་པའི་འོས་འགན་ཡོད་ཅེས་ཟེར།

        སྐལ་བཟང་མཚོས་བསྒྱུར་སྒྲིག་བྱས།

      རྩོམ་འཇུག་པ།ལྷ་ཆེན་རྒྱལ།