འཛམ་གླིང་ཐོག་གི་ཆེས་བརྗིད་ཉམས་ཆེ་བའི་དགོན་སྡེའམ་ལྷ་ཁང་བཅུ་གཉིས།

ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-04-17 11:07:12      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

  ཝ་ར་ན་སི། དོན་དངོས་ཐོག་ཝ་ར་ན་སི་ནི་དགོན་སྡེ་ཞིག་མིན་པར། ཧིན་དྷུའི་ཆོས་ལུགས་ཀྱི་གནས་མཆོག་གྲོང་ཁྱེར་ཞིག་ཡིན་ཏེ། ཆུ་བོ་གང་གཱའི་ངོགས་སུ་ཆགས་ཡོད་ཅིང་། དགོན་སྡེའི་གྲོང་ཁྱེར་ཞེས་སུ་གྲགས། དེ་ཡང་ཁྲོམ་གཞུང་དང་སྲང་ལམ་གང་དུ་སོང་ཡང་དགོན་སྡེ་ཆེ་ཆུང་སྣ་ཚོགས་མཐོང་རྒྱུ་ཡོད་ཅིང་། དེ་གར་གནས་མཇལ་དུ་ཡོང་མཁན་དད་ལྡན་པ་ནི་གྲངས་ལས་འདས།

  ཕོ་བྲང་པོ་ཏ་ལ། འདི་ནི་དགོན་པ་རེད་ཅེས་བརྗོད་ན་སྤྱིར་མི་འགྲིག་ཀྱང་། སྐྱེ་འགྲོ་ཀུན་གྱིས་བོད་ཀྱི་ཆོས་ལུགས་གནས་མཆོག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཕོ་བྲང་པོ་ཏ་ལ་ནི་དམར་པོ་རིའི་སྟེང་དུ་ཆགས་ཡོད་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བཞེངས་ལ། དུས་རབས་༡༧པར་རྒྱས་སྐྲུན་བྱས། ཕོ་བྲང་ནང་རིན་པོ་ཆེའམ་རིག་དངོས་རྩ་ཆེན་སྣ་ཚོགས་གྲངས་ལས་འདས་པ་ཉར་ཚགས་བྱས་ཡོད་པས། སྒྱུ་རྩལ་གྱི་བང་མཛོད་དུ་གྲགས།

  ཝུའུ་ཀེ་ཁུའུ།(吴哥窟) འདི་ནི་ཁམ་བུ་ཀྲེའི་མངའ་ཁོངས་སུ་ཡོད་ཅིང་། དུས་རབས་༡༢པར་བཞེངས་པ་དང་། ཐོག་མར་ཧིན་དྷུའི་ཆོས་ལུགས་ཀྱི་དགོན་སྡེ་ཡིན། དུས་རབས་༡༤དང་༡༥པར་སངས་རྒྱས་ཆོས་ལུགས་ཡུལ་དེར་དར་བ་ནས་བཟུང་། ནང་ཆོས་ཀྱི་དགོན་སྡེར་གྱུར། དུས་རབས་༡༦པར་ཕོར་ཐིའུ་ཀལ་(葡萄牙)གྱི་ཆོས་སྤེལ་མཁན་ཞིག་གིས་དགོན་སྡེ་དེ་མཐོང་རྗེས། འཛུགས་སྐྲུན་འདིའི་བརྗིད་ཉམས་ཤོག་ཐོག་ཏུ་ཕབ་ཐབས་བྲལ་བ་དང་། མིའི་རིགས་ཀྱི་ཆེས་རྩེར་སོན་དང་ཆེས་རླབས་ཆེ་བའི་དགོན་སྡེའི་འཛུགས་སྐྲུན་ནང་འདུས་འདུག་ཅེས་བཤད་ཡོད་པ་རེད།

  པི་སེ་རུ་ལྷ་ཁང་།(毗瑟挐神庙) རྒྱ་གར་གྱི་ཐི་རུ་ཁྲི་ར་ཕ་ལིར་(Tiruchirapalli)ཆགས་ཡོད་པ་དང་། འཛམ་གླིང་ཐོག་གི་ཧིན་དྷུའི་ཆོས་ལུགས་ཀྱི་དགོན་སྡེ་ཆེ་ཤོས་དེ་ཡིན། དགོན་སྡེ་དེ་ཧིན་དྷུའི་ཆོས་ལུགས་ཀྱི་ལྷ་བིཥྣུ་ལྷ་ཁང་དུ་བཞེངས་ཡོད། དེའི་འཛུགས་སྐྲུན་གྱི་ཁྱད་ཆོས་ལ་ལྟེ་མཐུན་གྱི་གྱང་སྒོར་མདུན་གྱིས་བསྐོར་ཡོད་ཅིང་གྱང་རིང་ཤོས་ལ་རྨིད་བཞི་སྟོང་ལྷག་ཡོད་པ་དང་། དབུས་སུ་གནས་པའི་ལྷ་ཁང་ནང་ཧིན་དྷུའི་ཆོས་པ་མ་གཏོགས་འཛུལ་ཆོག་གི་མེད། དགོན་སྡེའི་ནང་ད་དུང་མཆོད་རྟེན་དབྱིབས་ཅན་གྱི་ཐོག་ཁང་༢༡ཡོད་ཅིང་། མཐོ་ཤོས་ལ་ཐོག་བརྩེགས་རིམ་པ་༡༥ཡོད།

  ཅིན་ཏེན།(金殿)༼གསེར་གྱི་ཕོ་བྲང་།༽ འདི་ནི་རྒྱ་གར་བྱང་ཕྱོགས་ཀྱི་ཕེང་ཀྲེ་ཕུ་རུ་ཆགས་ཡོད་ཅིང་། ཞི་ཁེ་ཆོས་ལུགས་ཀྱི་དགོན་སྡེ་ཞིག་ཡིན། དགོན་སྡེ་དེ་སྤྱི་ལོ་༡༥༠༠ཡས་མས་སུ་བཞེངས་པ་དང་། གྲོང་ཁྱེར་ཡང་དེ་ལ་བསྐོར་ནས་རིམ་བཞིན་ཆགས་པ་ཞིག་ཡིན། དགོན་དེའི་འཛུགས་སྐྲུན་ནི་རྡོ་ཀ་མ་རུ་ལས་གྲུབ་པའི་སྟེང་གསེར་ཆུ་བྱུག་ཡོད་ལ། རིན་པོ་ཆེ་དུ་མས་བརྒྱན་ཡོད།

  ཕོ་ལོ་ཧྥུ་ཐུའུ།(波罗浮屠) དེ་ནི་དུས་རབས་༡༩པར་ཐུར་ཁེའི་(土耳其)མིས་ཧིན་རྡུ་ཉི་ཞི་ཡའི་ཀྲོ་ཝ་(爪哇)ནགས་ཚལ་ཁྲོད་ནས་གསར་རྙེད་བྱུང་བ་ཡིན་ཞིང་། དགོན་དེའི་འཛུགས་སྐྲུན་ལ་རྡོ་སྨི་གྲུ་བཞི་ལྷམ་པ་ཁྲི་༥.༥སྤྱད་ཡོད་པ་དང་། འབུར་བརྐོས་༢༧༠༠དང་། སྐུ་འདྲ་༥༠༤བཅས་ལས་གྲུབ་ཡོད། ཡིན་ནའང་དགོན་དེ་དུས་ནམ་ཞིག་ལ་འཛུགས་སྐྲུན་བྱས་མིན་དང་། བདག་མེད་དུ་སྐྱུར་དགོས་དོན་གང་ཡིན་ད་ལྟའང་ཤེས་རྟོགས་བྱུང་མེད།

  དྲིན་ཚོར་ཁང་།(知恩院) འདི་ནི་འཇར་པན་དུ་ཡོད་པའི་དགོན་སྡེ་ཞིག་ཡིན་ཏེ། དུས་རབས་༡༧པར་བཞེངས། དེ་ཡང་ས་ཡོམ་དང་མེ་སྐྱོན་སོགས་ཀྱི་གནོད་འཚེ་ལས་དགོན་དེའི་ཐོག་མའི་འཛུགས་སྐྲུན་ལ་གནོད་སྐྱོན་ཚབས་ཆེན་བྱུང་ཡོད། དགོན་དེར་འཇར་པན་ཡོངས་ཀྱི་རྒྱལ་སྒོ་ཆེ་ཤོས་ཡོད་པ་དང་། ཅོང་ཆེ་ཤོས་ཀྱང་འདི་གར་ཡོད་དེ། ལྗིད་ཚད་ལ་ཏུན་༧༤ཡོད་པ་རེད། དགོན་སྡེའི་པང་གཅལ་ཡང་དམིགས་བསལ་གྱི་ཇུས་འགོད་བྱས་ཡོད་དེ། མི་འགྲོ་སྐབས་ཙིར་ཙིར་དུ་སྐད་གྲགས་པ་ནི། དགོང་མོ་རྐུན་ཇག་ལ་དོགས་ཟོན་བྱེད་ཆེད་ཡིན།

  པེ་ཅིང་གི་ཐེན་ཐཱན།(天坛) དེ་ནི་ཀྲུང་གོའི་པེ་ཅིང་དུ་ཆགས་ཡོད་པ་དང་། སྤྱི་ལོ་༡༤༢༠ལོ་སྟེ་མིང་རྒྱལ་རབས་ཀྱི་གཡུང་ལོ་ཁྲི་ལོ་བཅོ་བརྒྱད་སྐབས་ཐོག་མར་བཞེངས། གོང་མ་ཆན་ལུང་དང་ཀོང་ཞུ་སྐབས་བསྐྱར་བསྐྲུན་བྱས་རྗེས་ད་ལྟའི་རྣམ་པ་ཆགས། དེས་གནམ་སྒོར་མོ་དང་ས་གྲུ་བཞིའི་དོན་མཚོན་གྱི་ཡོད།

  ཏཱ་ཅིན་དགོན།(大金寺)༼གསེར་འོད་མཆོད་རྟེན།༽ འབར་མའི་རང་ཀོང་(仰光)དུ་ཆགས་པའི་གསེར་འོད་མཆོད་རྟེན་ནི་དུས་ནམ་ཞིག་ལ་བཞེངས་སྐྲུན་བྱས་མིན་ཤེས་མཁན་མེད། ངག་རྒྱུན་ལྟར་ན་དགོན་དེར་ལོ་ངོ་༢༥༠༠ལྷག་གི་ལོ་རྒྱུས་ཡོད་ཅེས་དང་། གནའ་རྫས་རྟོག་ཞིབ་པས་དགོན་དེ་ནི་དུས་རབས་༦ནས་༡༠བར་བཞེངས་པར་ངོས་འཛིན་བྱེད་ཀྱི་ཡོད། ངག་རྒྱུན་ལ་རྒྱ་གར་ལ་མུ་གེ་བྱུང་བར་བརྟེན་འབར་མའི་མི་ཁེ་ཅཱ་ཏ་ཕུའུ་བུ་སྤུན་གཉིས་ཀྱིས་རོགས་སྐྱོབ་ཏུ་འབྲས་སྐྱེལ་བར་སོང་བ་དང་། ཕྱིར་ལོག་ཡོང་སྐབས་ཁོང་གཉིས་ཀྱིས་ཤཱཀྱ་མུ་ནེའི་དབུ་སྐྲ་རྐང་བརྒྱད་འཁྱེར་ཡོད་པས། རྒྱལ་པོའི་རོགས་རམ་འོག་དབུ་སྐྲ་གཟུངས་སུ་བཅུག་ནས་མཆོད་རྟེན་དེ་བཞེངས་པར་གྲགས།

  ཕུ་ལེན་པྰ་ནན་(普兰巴南) དེ་ནི་ཧིན་རྡུ་ཉི་ཞི་ཡའི་ཀྲོ་ཝ་ཡི་དབུས་རྒྱུད་དུ་ཆགས་ཡོད་ཅིང་། སྤྱི་ལོ་༨༥༠ལོར་བཞེངས་པ་དང་། ལྷ་ཁང་ཆེན་མོ་༨ཀྱི་མཐའ་འཁོར་དུ་ལྷ་ཁང་ཆུང་ཆུང་༢༥༠ལས་གྲུབ་ཡོད་ལ། གྱང་ལྡེབས་སུ་ལྷག་ཏུ་མཛེས་པའི་ལྡེབས་རིས་ཀྱིས་བརྒྱན་ཡོད་དེ། གཙོ་བོ་ཧིན་དྷུའི་ཆོས་ཀྱི་ལྷ་སྒྲུང་བཀོད་ཡོད།

  འབྲུག་དཀར་དགོན།(白龙寺) ཐེ་ལན་གྱི་ཆིན་ལའེ་(青莱)དུ་ཆགས་པའི་འབྲུག་དཀར་དགོན་ནི་འཛམ་གླིང་ཐོག་ཁྱད་དུ་འཕགས་པའི་དགོན་སྡེ་ཞིག་ཡིན་ཏེ། དགོན་སྡེའི་འཛུགས་སྐྲུན་ཡོངས་མདོག་དཀར་པོ་ཡིན་ཞིང་། འབྲུག་གྲངས་མེད་ཀྱི་བརྐོས་དཀྲོལ་གྱིས་བརྒྱན་ཡོད་པ་དང་། མི་རྣམས་ལ་ངོ་མཚར་ཆེ་བའི་ལྷ་སྒྲུང་གི་འཛུགས་སྐྲུན་མཐོང་བའི་སྣང་བ་སྦྱིན་ཐུབ། དེ་བས་དགོན་སྡེ་དེ་མིག་སྔར་ཨར་སྐྲུན་གྲུབ་མེད་དེ། འཛུགས་སྐྲུན་པས་ངོ་སྤྲོད་བྱས་པ་ལྟར་ན། མ་འོངས་ཀྱི་ལོ་༩༠ཡི་རྗེས་སུ་དགོན་སྡེ་དེ་གཞི་ནས་འཛུགས་སྐྲུན་ལེགས་གྲུབ་ཐུབ་རེ་ཡོད།

  སྟག་ཚང་དགོན། དེ་ནི་འབྲུག་ཡུལ་གྱི་འབའ་རོམ་ཆུ་བོའི་རྒྱུད་ཀྱི་གཡང་གཟར་དུ་ཆགས་ཡོད་ཅིང་། ངད་རྒྱུན་ལྟར་ན་སྤྱི་ལོའི་དུས་རབས་༨པའི་སྐབས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་གནས་འདིར་སྒོམ་སྒྲུབ་ཟླ་བ་གསུམ་ཙམ་བྱས་མྱོང་བ་དང་། བཙན་དང་གདོན་འདྲེ་སོགས་དམ་དུ་བཏགས་ཡོད་པ་རེད། དེ་ཡང་༡༦༩༢ལོར་དགོན་དེ་གསར་བཞེངས་བྱས་པ་ལ་རྗེས་སུ་མེ་སྐྱོན་ཆེན་པོ་ཞིག་གིས་གནོད་སྐྱོན་ཚབས་ཆེན་ཕོག དེ་ཡང་༡༩༩༨ལོར་དགོན་པ་ཉམས་གསོ་བྱས་པ་དང་མིག་སྔར་དད་ལྡན་མང་ཚོགས་སོགས་ཡུལ་སྐོར་གནས་མཇལ་པར་ཚད་བཀག་ཆེན་པོ་བྱེད་བཞིན་ཡོད།

རྩོམ་འཇུག་པ།ལྷ་ཆེན་རྒྱལ།